རྩེ་སྐར།
སྲིང་བལ་གྱི་སྦུབས་སུ་བཏུམས་པའི་ཤིང་ཕྲན་རྐང་གཅིག་གམ།
ཡང་ན། ཞུན་མར་གྱི་མཚོ་ལ་བཙན་གྱིས་བཙུགས་པའི་མེ་ཏོག་རྐང་གཅིག
ལྷུན་ཆགས་ཀྱི་རང་གཤིས་ཤིག་བཟུང་སྟེ།
འཇིག་རྟེན་འདིར་ཉམ་ཆུང་གིས་འཚོ་འདོད་ཡོད་ཀྱང༌།
འདོད་རྔམ་ཆེ་བའི་མི་དག་གིས།
གཞོག་གཏུབ་ཀྱིས་མནར་གཅོད་གཏོང་སྟངས་དེས།
གྲང་ཤུར་ཤུར་གྱི་དགུན་ཟླ་རིང་མོ་ཞིག་གི་དུས་ཚུགས་ན།
འཁྱག་ལ་འབྱར་བའི་མི་དག་གི་སེམས་པ་གྲང་མོ་མེ་ལ་བསྲོ་ཆེད་དང༌།
ཡང་ན། བྲེལ་ཟང་ཟིང་གི་མི་ཡུལ་གྱི་དམྱལ་ཁམས་ན།
བར་དོར་འགྲིམ་པའི་རྣམ་ཤེས་ཀྱི་ཚོགས།
འོད་སྣེ་གསར་པ་ཞིག་གི་རྒྱུད་ལ་ལག་པ་འཇུ་ཕྱིར།
ལས་འབྲས་སྲུང་བའི་ལྷ་ཚོགས་ཀྱི་མདུན་ནས།
ཡང་ན། གནས་ལུགས་རྩི་བའི་མི་དག་གི་སྔུན་ནས།
མར་མེ་ཡི་སྡོང་རས། རང་ཉིད་ཚ་བོང་བོང་གི་མེ་རུ་སྦར།
ས་སྲོད་ནི་འཇིགས་རུང་གི་དུས་ཚིགས་ཤིག་དང་མཚུངས།
ཉམ་ཆུང་བའི་མི་རྣམས་ཀྱི་ངོ་གདོང་གཉོམ་ལྷང་ངེར།
མཚན་མོར་འོད་སྣང་ལ་རེ་བ་ནི་ཅི་ཞིག་གི་ཆེད་དུ།
མར་མེ་ཡི་སྡོང་རས། འོད་ལམ་ལམ།
འབར་བཞིན་པའི་འོད་ཟེར་གྱི་ཉག་མར་ཅེར་ནས།
རེ་སྨོན་དང་མ་ཎི་དབྱངས་ལ་གྱེར་མཁན་གྱི་མི་དག
འོད་སྣང་འཚོལ་བའི་ཕྱེ་ལེབ་ཁྱུ་གཅིག་དང་འདྲ།
སྐར་ཚོགས་ཀྱི་མཛེས་སྡུག་དབེན་པའི་མཚན་དགོང་རེ་ལ།
སྨག་རུམ་ན་ལྷག་པའི་མི་དག
སྡུག་སྨྲེ་ཤུབ་ཤུབ་ཀྱིས་རང་རང་གི་རུམ་ཁ་ལ་ཟློ་བཞིན།
ཕྱི་རོལ་གྱི་སྒོ་ཁྱིའི་ཟུག་སྐད་ལ་རྣ་བ་བླགས་ཏེ།
མར་མེ་ཡི་རྒྱུད་ལ་བཏབས་པའི་གསོལ་འདེབས་རེ་རེ།
སྐྱོ་སྣང་འདྲེས་པའི་དབྱངས་རྟ་ཞིག་གི་བཞུར་རྒྱུན་དང་བསྡོངས་ནས།
མར་མེ་ཡི་སྡོང་རས། འོད་ལམ་ལམ།
འབར་བཞིན་པའི་ཚེ་སྲོག་གི་ཉག་མ་རེ་རེར་འཐིམས།
མེ་དཔུང་དགུང་ལ་འཕྱིར་སོང་། །རང་ལུས་མེ་བསྲེགས་བཏང་སོང་། །དམིགས་ཡུལ་བོད་དོན་ཡིན་སོང་། །དྲིན་ཆེན་ཡིན་པ་ཤེས་དགོས། །
སྙན་རྩོམ་འདི་ཧ་ཅང་བློར་འབབ་ཅིང་ཚོར་བས་ཕྱུགས་པས། བཀོད་པར་དགའ་ཞིང་ཀློག་པར་སྤྲོ་སོང། མུ་མཐུད་དུ་སྤེལ་བར་སྒུག་ཡོད།
ཤེས་བྱའི་མངའ་ཐང་རྒྱ་ཆེན་ལ།།
བརྗོད་བྱ་གཏིང་ཟབ་རིག་པའི་གཞུང་།།
མང་དུ་བརྩོན་པར་མ་བྱས་ན།།
རྨོངས་སེམས་འདི་དག་ག་ལ་གཞོམ།།
ལན་གཅིག་རྙེད་པའི་རྟེན་བཟང་འདི།།
འདོད་པའི་ཀློང་ན་ཉམ་ཆུང་ཀྱང་།།
རེ་བ་མང་བའི་ཕ་མ་དག།
ང་ཡི་སེམས་ཀྱི་དྲན་ཤིང་ཡིན།།
དེ་རིང་རང་འབྱུང་སྐབས་བྲིས།༢༠༡༢/༤/༡༦ཉིན།
ནོར་བཅོས་་་་་་་འདོད་པའི་ཀློང་ན་ཉམ་ཆུང་ཡང་།།
རང་འབྱུང་ཞེས་པ་རང་སྦྱོང་ཟེར་འདོད་པ་ཨེ་རེད།
བརྗོད་བྱ་ཚོར་རྟོག་གིས་ཕྱུག་ཅིང་རྗོད་བྱེད་བོད་མི་རིགས་ཀྱི་རྩམ་སྐད་ཐུལ་བའི་སྙན་རྩོམ་ཡག་པོ་ཞིག་བྲིས་འདུག་་་་་དངོས་གནས་དྲང་གནས་དུས་དང་བསྐལ་པར་འཚམས་པའི་མར་མེ་ཡི་སྡོང་རས་ངོ་མ་ཟེར་ནོ་རེད།་་་་རྗེས་མར་ཡང་མུ་མཐུད་དུ་དུས་སྐབས་ལ་མཐུན་པའི་ཚོར་རྟོག་གིས་བཅིངས་པའི་སྙན་རྩོམ་ལྷུག་གེར་ཡང་ཡང་བཞེངས་བར་སྨོན།
བརྗོད་བྱ་ཚོར་རྟོག་གིས་ཕྱུག་ཅིང་རྗོད་བྱེད་བོད་མི་རིགས་ཀྱི་རྩམ་སྐད་ཐུལ་བའི་སྙན་རྩོམ་ཡག་པོ་ཞིག་བྲིས་འདུག་་་་་དངོས་གནས་དྲང་གནས་དུས་དང་བསྐལ་པར་འཚམས་པའི་མར་མེ་ཡི་སྡོང་རས་ངོ་མ་ཟེར་ནོ་རེད།་་་་རྗེས་མར་ཡང་མུ་མཐུད་དུ་དུས་སྐབས་ལ་མཐུན་པའི་ཚོར་རྟོག་གིས་བཅིངས་པའི་སྙན་རྩོམ་ལྷུག་གེར་ཡང་ཡང་བཞེངས་བར་སྨོན།