མི་ཉག་སྐལ་བཟང་།
སེ་རྨུ་ལྡོང་སྟོང་རུས་ཆེན་བཞི།།
ནང་གསེས་སྡེ་ཚན་ལྡོང་གི་རྒྱུད།།
རྒྱ་བོད་ཧོར་ཀྱི་ས་མཚམས་སུ།།
མི་ཉག་ཅེས་པ་བྱུང་བ་གྲགས།།
མི་ཉག་མིང་གི་རྣམ་གྲངས་སུ།།
ལྡོང་དང་ལྡོང་པ་ལྡོང་བྱང་ངོ་།།
རྒྱ་བོད་གང་གིས་བཤད་ཀྱང་རུང་།།
བོད་རིགས་ཡིན་པར་ཐེ་ཚོམ་མེད།།
ལོ་རྒྱུས་ངག་རྒྱུན་གཉིས་ཀའི་ནང་།།
མི་ཉག་ཆགས་ས་ལྟེ་བ་དེ།།
མཚོ་སྔོན་ཀན་སུའི་ཤར་ཀྱི་ངོས།།
སི་ཁྲོན་བྱང་ཤར་མཚམས་སུ་ངེས།།
དག་པའི་སྒྲ་གདངས་མ་བཀླགས་པར།།
མ་དག་རྒྱུན་འབྱམས་གྱུར་བ་ཡིས།།
མེ་ཉག་མི་གཉགས་མི་ནག་སོགས།།
མིང་དུ་གྲགས་ཀྱང་ནོར་བ་ཡིན།།
མི་འབོར་ཧ་ཅང་མང་བའི་ཁར།།
རྩྭ་དང་རྩི་ཤིང་ནགས་ཚལ་སོགས།།
རྒྱང་ནས་བལྟས་ཀྱང་མི་འདྲ་ཞིང་།།
མི་ཉག་ཅེས་པ་མིང་དུ་བཏགས།།
བོད་ཀྱི་བཙན་པོ་བྱུང་རབས་ལས།།
གནམ་གྱི་ཁྲི་བདུན་བྱུང་བའི་སྐབས།།
དེ་དང་དེ་འདྲའི་དུས་སྐབས་སུ།།
མི་ཉག་མཁས་པ་དགུ་བྱུང་ཞིང་།།
སྲོང་བཙན་སྒམ་པོས་ཐུགས་སྟོབས་ཀྱིས།།
བོད་ཁམས་གཅིག་གྱུར་གནས་པའི་སྐབས།།
མི་ཉག་ཡོང་བཟའ་རྒྱལ་མོ་བཙུན།།
ཁབ་དུ་བཞེས་པ་ཡོངས་སུ་གྲགས།།
བོད་རྒྱལ་སྲོང་བཙན་སྒམ་པོ་ལ།།
མེད་ཐབས་མེད་པ་བློན་པོ་ཡིན།།
བློན་པོ་མགར་གྱི་བརྒྱུད་པ་ཡང་།།
མི་ཉག་ཡིན་པའི་བཤད་སྲོལ་ཡོད།།
བཙན་པོ་གླང་དར་བཀྲོངས་པའི་རྗེས།།
རྒྱལ་པོའི་གདུང་རྒྱུད་རྫོགས་པ་དང་།།
བོད་ཁམས་སིལ་བུར་འཐོར་བའི་དུས།།
མི་ཉག་པ་རྣམས་ཕྱོགས་གཅིག་འདུས།།
མི་ལོ་བཞི་བརྒྱ་བཅུ་གཅིག་ཙམ།།
སིལ་བུར་འཐོར་བའི་དུས་རབས་དེར།།
མི་ཉག་ཅེས་པའི་གྲགས་པ་འདི།།
རྒྱ་བོར་ཧོར་གསུམ་ཡུལ་དུ་གྲགས།།
ཚོ་ཁག་རེ་ལ་དཔོན་པོ་རེ།།
རྒྱལ་ཕྲན་རེ་ལ་རྒྱལ་པོ་རེ།།
རང་ས་རང་གིས་བཟུང་བའི་དུས།།
མི་ཉག་སྟོབས་འབྱོར་རྒྱས་པར་གྱུར།།
བསྟན་པའི་མེ་རོ་གསོས་བའི་ཕྱིར།།
དཀའ་བ་བརྒྱ་ཕྲག་སྤྱད་མྱོང་བའི།།
མི་ཉག་རྩ་མི་སངས་རྒྱས་སོགས།།
མཁས་གྲུབ་དུ་མ་བྱུང་བ་ཡིན།།
ཇིང་གི་རྒྱལ་པོའི་སྟོབས་ཤུགས་ཀྱིས།།
འཛམ་གླིང་སུམ་གཉིས་དབང་བསྒྱུར་ཞིང་།།
དུས་སྐབས་དེ་དང་སྟབས་བསྟུན་ནས།།
མི་ཉག་ཡུལ་ལ་དམག་དྲངས་ཤིང་། །
སྟོབས་འབྱོར་གཅིག་ལས་གཅིག་ཆེ་བའི།།
ཆེན་པོ་ཧོར་དང་མི་ཉག་གཉིས།།
དམག་འཁྲུག་ལངས་པའི་མཐའ་འབྲས་སུ།།
མི་ཉག་རེ་ཞིག་ཕམ་པར་གྱུར།།
འགའ་རེ་རང་སར་བསྡད་པ་དང་།།
འགའ་རེ་རྒྱ་དང་འཐིམ་པར་བཤད།།
འགའ་རེ་ལྷ་སར་བྲོས་ཕྱིན་ཏེ།།
མི་ཉག་པ་ཚོ་ཕྱོགས་བཞིར་འཐོར།།
འགའ་རེ་ཁམས་ཕྱོགས་བྲོས་བ་ཚོས།།
སི་ཧུ་རོང་ལ་རྒྱལ་ས་བཟུང་།།
སི་ཧུ་ག་ཇུ་འབོད་པ་དེ།།
མི་ཉག་རྒྱལ་པོ་དང་པོ་བྱུང་།།
མི་ཉག་རྒྱལ་རབས་དགུ་བྱུང་སྟེ།།
རྒྱལ་ས་ལན་མང་སྤོ་མྱོང་ཞིང་།།
རྒྱལ་ས་རྒྱལ་པོ་བྱུང་ཡོད་ཀྱང་།།
རྒྱལ་ཁབ་ཡིན་མིན་ངས་མི་ཤེས།།
སྡེ་དགེ་རྒྱལ་པོ་བྱུང་བ་དང་།།
ནག་ཆེན་རྒྱལ་པོ་བྱུང་བ་སོགས།།
རྒྱལ་ཁབ་ཡིན་མིན་མི་ཤེས་བཞིན།།
མི་ཉག་ལ་ཡང་དེ་བཞིན་ནོ།།
ཡི་གེའི་རྩ་བ་སྐད་ཡིན་ཏེ།།
སྐད་ལ་བརྟེན་ནས་ཡི་གེ་བྱུང་།།
མི་ཉག་སྐད་ཅིག་ཡོད་མོད་ཀྱང་།།
ཡི་གེ་ཡོད་པ་ངས་མི་ཤེས།།
རྒྱལ་མོ་རོང་དང་ཚ་བ་རོང་།།
ཀོང་པོའི་ཡུལ་དང་བྲག་མགོ་སོགས།།
ལོག་སྐད་ཡོད་ལ་ཡི་གེ་མེད།།
མི་ཉག་ལ་ཡང་དེ་བཞིན་རེད།།
ཡིག་རྙིང་འགའ་དང་པར་རིས་འགར།།
མི་ཉག་ཡི་གེ་འདི་རེད་ཅེས།།
ལན་མང་མིག་ལ་མཐོང་བའི་རྗེས།།
རྒྱ་ཡིག་ཡིན་པ་ངས་རྟོགས་སོ།།
མི་ཉག་ཡུལ་དུ་འཚར་བ་ཡིན།།
བློ་ལྡན་བློ་གསར་གཞོན་ནུ་ཚོར།།
ལེགས་གསར་པ་མིན་ན་ཡང་།།
དྲན་གསོ་བསྐུལ་བའི་ཚུལ་དུ་ཕུལ།།
ཡིག་ནོར་ཡོད་པ་དང་གཅིག
ལོ་རྒྱུས་ལ་རྒྱུས་མངའ་མེད་པ་དང་གཉིས་བཅས་བྲིས་འདུག ཚོར་བས་བྲིས་འདུག གང་ལྟར་བྲིས་པ་ཙམ་གྱིས་ཡག་པོ་གདའ།
སྲོང་བཙན་སྒམ་པོའི་བཙུན་མོ་ཡོང་བཟའ་དང་། བློན་པོ་མགར་གཉིས་པོ་དག མི་ཉག་ནས་ཡིན་པའི་ཁུངས་ཅུང་རྒྱས་པ་ཞིག་ལུང་འདྲེན་འོངས་བའི་འབོད་སྐུལ་ཞུའོ།།
མི་ཉག་གི་ལོ་རྒྱུས་་་་་་་ཚིགས་སུ་བཅད་པ་་་་་་་་་་་མི་ཉག་གངས་དཀར་རི་བོའི་རང་མདངས་་་་་་་་་་་འོག་གི་ཡིག་ཚོགས་ནང་དགོས་པའི་མི་ཉག་གི་ལོ་རྒྱུས་མ་རྙེད། མི་དགོས་རྒྱུ་ཡིག་ནོར་གྱི་ཕྲེང་བ་ཞིག་རྙེད་ཐལ།
དང་པོ། མི་་ཉག་ཡོང་བཟའ་སྲོང་བཙན་སྒམ་པོས་བཙུན་མོ་བླངས་པ་ནི་བོད་ཀྱི་རྒྱལ་རབས་ཡོད་དོ་ཅོག་ནང་ཡོད་པ་མ་ཟད། ཁ་གཅིག་གྲགས་རེད་ལབ་ན་ཡང་མ་འགྲིགས་པ་མེད། དེ་ལས་རྒྱས་པའི་ལུང་ཞིག་ག་ལ་དགོས།
གཉིས་པ། དག་ནོར་དང་ཚིག་འབྲུ་ཆད་པ་རེ་གཉིས་ཡོད། ཡིག་ནོར་གྱི་ཕྲེང་བ་ཞིག་རྙེད་ཡོད་ན་ཕྲེང་རྡོག་རེ་རེ་ཞིག་དི་དང་འདི་ཞེས་ཕྲིས་དང་རང་གཞན་ཀུན་ལ་ཕན་ཐོགས་སོ།།
གསུམ་པ། མི་ཉག་པ་ཞིག་གི་ངོས་ནས་བཤད་ན། མི་ཉག་པ་ཞིག་མི་ཉག་གི་ལོ་རྒྱུས་ལ་རྒྱུས་མངའ་མི་འདུག་ལབ་པ་ནི་འདྲེ་ཤར་སྒོར་བཞག་ནས་གླུད་ནུབ་སྒོའི་དཔེ་རེད།
མི་ཉག་སྐལ་བཟང་གི་བྲིས་བཟང་།
་
ལེགས་གསར་པ་མིན་ན་ཡང་།།
དྲན་གསོ་བསྐུལ་བའི་ཚུལ་དུ་ཕུལ།།
་
ཚིགས་བཅད་ཡིན་པར་མཚོན་བྱེད་དུ། ཤད་གཉིས་སྦྱར་ནས་ཡོད་པ་ལ། ཚིགས་སུ་བཅད་པའི་དོན་མ་ཚང་། སོར་མོའི་ནང་ལོགས་ཀྱི་དཀྱིལ་གྱི་ཚིགས་ལྟ་བུ་ཆགས་པ་ལ་ཚིགས་བཅད་ཟེར། དེས་ན་གཞན་འགའ་ཞིག་གིས་ཤད་འདི་ལྟར་རྒྱབ་པ་ཡང་སྣང་།
།ལེགས་བཤད་གསར་པ་མིན་ན་ཡང་།
།དྲན་གསོ་བསྐུལ་བའི་ཚུལ་དུ་ཕུལ།
སྲོང་བཙན་གྱི་བཙུན་མོ། བལ་བཟའ་དང་རྒྱ་བཟའ་གཉིས་ལས། བོད་མོ་བཞི་ཡི་སྐོར་ལ། རྒྱལ་རབས་ལོ་རྒྱུས་ཕལ་ཆེར་ནང་ལ་གསལ་བར་བར་བཀོ་མེད།
སྲོང་བཙན་གྱི་བློན་པོ་མགར་ཟེར་བ་ལས། མི་ཉག་གི་བློན་པོ་མགར་དང་། མི་ཉག་གི་བཟའ་དང་། ཇང་གི་བཟའ་དང་། འ་ཞའི་བཟའ་དང་། ཞང་ཞུང་གི་བཟའ་སོགས་དགོས་ཀྱང་ཁ་གསལ་གང་ཡང་མི་འདུག ཁུངས་སྟོན་ཤོག་ཟེར་དུས། རྒྱལ་རབས་ཀུན་ལ་ཡོད་དང་འདུག་ཟེར་བ་ནི། རྫུན་ཧམ་ཆེ་བ་ཙམ་ལས་མཁས་པའི་རྣམ་དཔྱོད་དུ་མི་བརྩིའོ།། །།
རྒྱལ་རབས་ཁ་ཅིག་གི་ནང་ལ། སྲོང་བཙན་དགུང་ལོ་བཅུ་དྲུག་ལ་བལ་བཟའ་བསུས་ཤིང་། དགུང་གྲངས་ཉེར་ལྔ་ལ་རྒྱ་བཟའ་བསྲུས་པ་དང་། དེ་ནས་སྔ་རྗེས་སུ་མི་ཉག་རུ་ཡོང་བཟའ་དང་། ཞང་ཞུང་བཟའ་ལི་ཐིག་སྨན། མོང་བཟའ་ཁྲི་མོ་གཉེན་སྡོང་བསུས་སོགས་གསུངས་འདུག་ཀྱང་་་་་་་་
ནག་ཆེན་རྒྱལ་པོ་དེ། ནང་ཆེན་རྒྱལ་པོར་བཅོས་དགོས།
བློན་པོ་མགར་སྟོང་བཙན་དབུས་ནས་ཡིན་པ་གོར་མ་ཆག