ཁང་གསར་རྡོ་རྗེ།
ང་ཚོས་རང་ཅག་གི་བཀའ་བློན་ཁྲི་པ་དེ་ཐད་ཀར་འོས་འདེམས་བྱེད་བཞིན་ཡོད་ཅེས་བཤད་ཀི་ཡོད་ལ། དོན་ལའང་མང་ཚོགས་ཀྱིས་ཐད་ཀར་མོས་ཤོག་འཕངས་ཏེ་འདེམས་ཀྱི་ཡོད་པས། ཐད་ཀར་འདེམས་བཞིན་པ་ལྟར་སྣང་། འོན་ཀྱང་གཤམ་གསལ་གྱི་གནད་དོན་ཁག་ལ་དགོངས་པ་ཞིབ་ཙམ་བཞེས་རྗེས། ང་ཚོས་བཀའ་ཁྲི་ཐད་འདེམས་བྱེད་ཀི་ཡོད་མེད་གསུངས་རོགས།
༡༽ ཇི་ལྟར་རྒྱ་ནག་དམར་པོའི་གཞུང་གཅིག་པུས་དབང་ཆ་གཅིག་བསྡུས་སུ་བཟུང་བ་ལས། རྒྱ་ནག་ནང་ཁ་གཏད་དམ་ཕྱོགས་འགལ་ཚོགས་པ་མེད་པ་ནང་བཞིན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུའང་ཕྱོགས་འགལ་ཚོགས་པ་གཏན་ནས་མེད་ལ། ཁ་གཏད་ཀྱི་སྲིད་དོན་ཚོགས་པ་ཐོན་ཉེའི་སྐབས་སུ་བཀག་འགོག་བྱེད་བཞིན་ཡོད།
༢༽ རྒྱ་ནག་གཞུང་གིས་འཐུས་མི་འོས་འདེམས་བྱེད་སྐབས། སྔོན་འགྲོའི་འོས་མི་སྔོན་ཚུད་ནས་གཏན་འཁེལ་བྱེད་ཅིང་། དེ་ཡང་རྒྱ་ནག་གཞུང་གིས་ཡིད་ཆེས་ཡོད་པའི་མི་ལ་མ་གཏོགས་སྔོན་འགྲོའི་འོས་མིར་ཞུགས་པའི་གོ་སྐབས་མེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁྲིམས་ཐོག་ནས་དེ་འདྲའི་གཏན་འབེབས་མེད་ཀྱང་། དོན་དངོས་སུ་དབུས་གཙང་ཚོགས་པ་དང་མདོ་སྟོད་ཚོགས་པ། མདོ་སྨད་ཚོགས་པ། ད་དུང་མངའ་རིས་སྤྱི་མཐུན་ཚོགས་པ་བཅས་སོ་སོའི་སྣང་བར་མི་འགྲོ་བའི་མི་ཞིག་བཀའ་ཁྲིར་སླེབས་ཐབས་མེད་ལ། སྤྱི་འཐུས་སུའང་གོང་གསལ་ཆོལ་ཁའི་ཚོགས་པའམ་ཆོས་རྒྱུད་བླ་ཆེན་གང་ཡིན་དེའི་ཐུགས་མོས་མེད་ན། སྤྱི་འཐུས་སུ་སླེབས་ཀི་མེད།
༣༽ དབུས་གཙང་དང་མདོ་སྟོད། མདོ་སྨད་བཅས་སོ་སོའི་ཆོལ་ཁའི་ཚོགས་པ་དང་མངའ་རིས་སྤྱི་མཐུན་ཚོགས་པ་ཟེར་བ་དེ་ཚོའི་ངོ་བོ་ཅི་ཞིག་རེད། འདི་ནི་ངེས་པར་དུ་བསམ་བློ་གཏོང་དགོས་པ་ཞིག་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དབང་དུ་བྱས་ན། ཆོལ་ཁ་དང་ལུང་ཚན་གྱི་ཚོགས་པ་དེ་ཚོ་ནི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཙམ་རེད་མ་གཏོགས། ཚོགས་པ་དེ་ཚོས་མདོ་སྟོད་དང་མདོ་སྨད། དབུས་གཙང་གི་མིང་འཁྱེར་བ་ཙམ་གྱིས་མིང་དེ་ཅན་གྱི་ཆོལ་ཁ་མཚོན་དགོས་ཀི་མེད། བཅའ་ཁྲིམས་རང་གི་དབང་དུ་བྱས་ན། བོད་ཆོལ་ཁ་གསུམ་དང་ཆོས་ལུགས་ཁག་གི་ངོ་བོ་མཚོན་པའི་སྒྲིག་འཛུགས་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་རེད། འོན་ཀྱང་དིང་སང་ཆོལ་ཁ་དང་ལུང་ཚན་གྱི་ཚོགས་པ་དེ་ཚོས། རང་ཉིད་ཆོལ་ཁ་དེ་དང་ལུང་ཚན་དེའི་སྐུ་ཚབ་ཡིན་མདོག་བྱེད་ཅིང་། བོད་གཞུང་གིས་ཀྱང་བེད་སྤྱོད་ཡོད་དུས་དེ་ཚོར་སྐུལ་སློང་བྱེད་པ་དང་། བེད་སྤྱོད་མེད་དུས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞེས་ཟུར་དུ་འཇོག་གི་ཡོད།དེ་ལྟར་བྱས་པ་ལ་བརྟེན་ནས། མང་ཚོགས་ཤེས་རྨོངས་ཚོས་ཀྱང་ཚོགས་པ་དེ་ཚོ་འགན་དབང་ཆེ་བའི་ཆོལ་ཁའི་སྒྲིག་འཛུགས་ཤིག་་ཡིན་ཤག་གིས་བརྩི་འཇོག་བྱེད་བཞིན་ཡོད། ང་རང་གི་གཏོགས་ཁོངས་དབུས་གཙང་ཆོལ་ཁའི་མིང་ཅན་གྱི་ཚོགས་པ་དེར་མཚོན་ན། དབུས་གཙང་མི་མང་བྱིངས་དང་འབྲེལ་བ་ཧ་ལམ་མེད་ཅིང་། ང་དང་ངའི་ཉེ་ཁོར་གྱི་དབུས་གཙང་པ་སུས་ཀྱང་ཚོགས་པ་དེའི་ཚོགས་མི་འོས་འདེམས་ནང་ཞུགས་མྱོང་མེད།
མདོར་ན། ཆོལ་ཁ་དང་ལུང་ཚན་གྱི་མིང་འཁྱེར་བའི་ཚོགས་པ་དེ་དག་སྤྱིར་བཏང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཙམ་ལས། ཁོང་ཅག་གིས་ཆོལ་ཁ་དེ་དང་ལུང་ཚན་དེའི་མང་ཚོགས་ཀྱི་ངོ་བོ་མཚོན་པའི་ཁྲིམས་ལུགས་ཀྱི་ཆ་རྐྱེན་མེད་པ་དེ་གསལ་པོ་མཐོང་དགོས།
༤༽ ཆོལ་ཁ་དང་ལུང་ཚན་ཆེན་པོའི་ཚོགས་པ་དེ་ཚོའི་ཚོགས་གཙོ་སོགས་ལ་ཞིབ་པར་དཔྱད་ན། དེ་དག་དང་གཞུང་གི་གནད་ཡོད་ལས་སྣེའི་དབར་མངོན་ལྐོག་གི་འབྲེལ་བ་ཧ་ཅང་ཟབ་ཅིང་། མི་དེ་རིགས་མང་ཆེ་བའི་ལོ་རྒྱུས་ལ་བལྟས་ན། ཕལ་མོ་ཆེ་དེ་སྔོན་གྲྭ་པ་དང་ཕྱག་མཛོད་བྱེད་མྱོང་བ་མིན་ན། ས་གནས་ཀྱི་དཔོན་སོགས་བྱེད་མྱོང་བ་ཡིན་ཞིང་། བསམ་བློའི་ཆ་ནས་རྙིང་ཞེན་དང་གཞན་རྟེན་ཆེ་བ། སྤྱོད་ཚུལ་གྱི་ཆ་ནས་ཆང་རག་རྒྱན་རྩེད་ལ་དགའ་ཞིང་ལྐོག་གཡོ་ངན་ཇུས་ལ་མཁས་པ་ཤས་ཆེ་བར་འདུག དེ་སྔོན་ལོ་རབས་བདུན་ཅུ་དང་བརྒྱད་ཅུ་སོགས་ཀྱི་ནང་། གངས་ཅན་སྐྱིད་གཤོངས་ནས་ཕུ་གཅིག་བཏབ་པ་དང་མེག་ལོར་གྷན་ཅི་ནས་རྡོ་དང་དབྱུག་པ་འཕྱར་བའི་མི་བརྒྱ་ཕྲག་སྐར་ཆ་གཅིག་གི་ནང་གཤར་ཡོང་བའི་གནས་ལུགས་འདི་ཚོར་བསམས་ན། ས་འོག་དར་ཐག་གི་འབྲེལ་བ་ཅི་ཙམ་ཟབ་མིན་མཐོང་ཐུབ་པ་ཡིན།
༥༽ ད་ཆ་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་གཞི་ཡང་ཆོལ་ཁ་དང་ལུང་ཚན་གྱི་མིང་འཁྱེར་བའི་ཚོགས་པ་དེ་ཚོས་ཕན་ཚུན་འགྲན་ཟླ་བྱེད་པ་ལྟར་བཏོན་ཏེ། མང་ཚོགས་ཀྱི་སེམས་ནང་ཁོང་ཚོས་བཏོན་པའི་འོས་གཞི་དེ་ལས་དྲན་རྒྱུ་མེད་པ་བཟོས་ཡོད་ཅིང་། མདོར་བསྡུས་ནས་བཤད་ན། ཆོལ་ཁ་དང་ལུང་ཚན་གྱི་ཚོགས་པ་ཤུགས་རྐྱེན་ཅན་དེ་ཚོས་ཆོག་མཆན་བཀོད་ཚར་བའི་མི་ལ་མ་གཏོགས་བཀའ་ཁྲི་དང་སྤྱི་འཐུས་ཀྱི་རེ་བ་མེད་པར་གྱུར་ཟིན་ཉེར་འདུག ཁྱེད་རང་སོམས་དང་། འདི་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱེད་པའི་བརྒྱུད་རིམ་ཞིག་རེད་འདུག་གམ།།
(ཁང་གསར་རྡོ་རྗེའི་ཟིན་བྲིས་ནས་བླངས།)
ཁྱོད་ཀྱིས་བཤད་པ་དེ་ལ་གནས་ལུགས་ཡོད་པའི་བཟོ་འདྲ་བོ་ཞིག་མཐོང་སོང། ཁྱོད་ཚོ་བོད་ལ་མཚོན་ན་ཆོལ་ཁ་དང་ཆོས་ལུགས་འདི་དག་ནི་ཁ་གཏད་ཀྱི་སྲིད་དོན་ཚོགས་པ་ཡིན་ བོད་པ་ཡྭ…. བོད་པ་ཡྭ …..
རེད། དངོས་ནས་རེད།
ཆོལ་གསུམ་སོ་སོར་སྤྱི་འཐུས་མི་བཅུ་གཅིག་རེ་ཡོད་པ་དེས། མདོ་སྟོད་དང་མདོ་སྨད། དབུས་གཙང་བཅས་ཆོལ་གསུམ་སོ་སའི་སྐུ་ཚབ་མཚོན་ཐུབ་སྟབས། ལུང་ཚན་ཁག་སོ་སོའི་ཚོགས་པ་ལོགས་སུ་ཡོད་པ་དེ་ཚོར་དམིགས་བསལ་གྱིས་ཆོལ་ཁུངས་སོ་སོའི་སྐུ་ཚབ་མཚོན་པའི་ནུས་པ་མེད།
ཆོལ་ཁ་དང་ལུང་ཚན་གྱི་མིང་འཁྱེར་བའི་ཚོགས་པ་དེ་ཚོས། ཆོལ་ཁ་དེ་དང་ལུང་ཚན་དེ་མཚོན་ཐུབ་ཀི་འདུག་གམ། ཁྲིམས་དོན་དང་དངོས་དོན་གཉིས་ཀའི་ཐོག་ནས་མཚོན་ཐུབ་ཀི་འདུག་གམ
ངེད་ཀྱི་བསམ་ཚུལ་ལ། ཆོལ་ཁ་དང་ལུང་ཚན་གྱི་ཚོགས་པ་དེ་ཚོ་ཡོད་མེད་གཅིག་པོའི་གནད་དོན་མ་རེད་འདོད།
བཙན་བྱོལ་གྱི་མང་གཙོ་འདི་ཚགས་ཚུད་ཞིག་ཡོང་བ་ལ། ཐུག་ས་གཙོ་བོ་གཉིས་རེད། དང་པོ་དེ་རྒྱལ་བ་རིན་པོ་ཆེ་རེད།
གཉིས་པ་དེ་མི་མང་རེད། ང་ཚོར་བཅའ་ཁྲིམས་ཡོད་མོད་། བཅའ་ཁྲིམས་ཀྱི་མགོ་ལ་རྒྱལ་བ་རིན་པོ་ཆེ་བཞག་ཡོད་རེད།
འགྱུར་བ་ཞིག་གཏོངདགོས་ན་རྒྱལ་བ་རིན་པོ་ཆེ་ལ་བཅའ་ཁྲིམས་ལས་ལྷག་པའི་ནུས་བ་ཞིག་ཡོད་རེད། ཆོལ་ཁ་དང་ལུང་ཚན་གྱི་ཚོགས་པ་དེ་ཚོ་སྒོ་རྒྱག་དགོས་ན་ཡང་རྒྱལ་བ་རིན་པོ་ཆེས་ཐུབ་གི་རེད།
གཞུང་འཛིན་ཚོགས་པ་དང་ཁ་གཏད་ཚོགས་པ་ཡོད་པའི་མང་གཙོའི་གཞུང་ཞིག་ལ་བཟོ་དགོས་ན་ཡང་། རྒྱལ་བ་རིན་པོ་ཆེས་བཟོ་ཐུབ་གི་རེད།
བཀའ་ཁྲི་ལོ་གཞོན་ཞིག་ལ་འོས་ཐོབ་དགོས་ན་ཡང་། རྒྱལ་བ་རིན་པོ་ཆེས་དེ་བཟོ་ཐུབ་གི་རེད།
གཞན། མི་མང་གིས་ཐད་ཀར་འོས་འདེམས་ཐུབ་མིན་ཟེར་བ་འདི། གཙོ་བོ་མི་མང་གི་ཤེས་ཡོན་ལ་རག་ལས་ཀྱི་རེད། མི་མང་གི་ཤེས་ཡོན་དེ་ཆོས་ཀྱི་སློབ་སྦྱོང་དེ་མ་རེད།
དེང་དུས་ཀྱི་ཤེས་ཡོན་དེ་ཚོ་རེད། རང་གི་ལྟོ་འཚོལ་ཐུབ་པ་མ་ཟད་གཞན་ལ་ལས་ཀ་ཡང་སྤྲོད་ཐུབ་པའི་ཤེས་ཡོན་དེ་དགོས་ཀྱི་ཡོད་རེད། མི་མང་ལ་ཤེས་ཡོན་ཡོད་ན།
སྤྱི་འཐུས་གཅིག་ལོ་བཅོ་ལྔ་ཉི་ཤུར་གྲོས་ཚོགས་ཀྱི་རྐུབ་སྟེགས་སྒང་ནས་འདུག་ཐུབ་གི་མ་རེད།
འདི་ཚོ་རིག་དེ་ཡ་མཚན་དགོས་པ་ཞིག་རེད་འདུག ཉེ་ཆར་རྡེ་ར་གདུང་ལ་བུ་མེད་ཚོགས་པའི་ཚོད་ལྟའི་འོས་བླུགས་སྐབས་སུ་ཨ་མ་རྒན་མོ་ཞིག་གིས་ཤོག་གུ་ནང་ལ་འོས་མིང་ཞིག་བྲིས་ནས་བཟུང་ཡོད་ཁུ། བར་ལམ་ནས་ཁོང་བརྩིགས་ཕག་ཞིག་ལ་འདུག་སྟེ་མི་མང་པོ་ལ་དེ་སྤྲད་ནས་བཀའ་བློན་ཁྲི་པ་འདི་བླུག་དགོས་ཟེར་བཞིན་ཡོད།
འདི་ཚོ་རིགས་དེ་མཐོང་དུས་སེམས་པ་ཧ་ཅང་སྐྱོ་དགོས་བའི་གནས་མ་རེད་དམ། ཨ་ཁ་ཁ།།
རིག་འབྱུང་དོན་བཀྲས་གསུངས་པའི་དོན་དེའི་ཐད་ང་ལ་བསམ་ཚུལ་ཁ་ཤས་ཡོད།
༡༽ བཅའ་ཁྲིམས་ཟིན་བྲིས་འགོད་དུས་ཀྱི་ཡིག་ཆ་ཁག་ལ་བལྟས་ན། ༸རྒྱལ་བ་རིན་པོ་ཆེས། དམིགས་བསལ་སྐུ་དབང་དེ་ཚོ་དགོས་ཀི་མེད། སྤྱི་འཐུས་ཀྱི་གྲངས་འབོར་འདི་ཙམ་གྱིས་མོས་ཤོག་འཕངས་ཚེ། ༸རྒྱལ་བ་རིན་པོ་ཆེའི་སྐུ་དབང་ལ་འགྱུར་བ་བཏང་ཆོག ཅེས་སོགས་བཀོད་འདུག དེ་ལ་ཆོལ་ཁ་གསུམ་གྱི་མིང་འཁྱེར་བའི་ཚོགས་པ་དེ་ཚོས་གཙོ་བྱས་པའི་བོད་མི་མང་པོས་མོས་མཐུན་རྩ་བ་ནས་བྱས་མི་འདུག ད་ལྟ་ང་རང་གཉིས་ཀྱིས་བཤད་ཀི་ཡོད་པའི་དོན་དག་དེ་འདྲ་སྐབས་དེ་དུས་བཤད་ན། རྡོ་རྡུང་གཟེད་དགོས་ཀྱི་ཡོད་པའི་སྐབས་ཤིག་བྱུང་བ་རེད།
༢༽ དེ་ནས་སྲིད་དོན་གྱི་ཁ་གཏད་ཚོགས་པའི་སྐོར་དེ་རེད། ༸རྒྱལ་བ་རིན་པོ་ཆེས་དམངས་གཙོ་ཚད་ལྡན་དགོས་ན་ཁ་གཏད་ཚོགས་པ་ངེས་པར་དགོས་ཞེས། བཀའ་གནང་སྟེ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ཞེས་པ་དེ་བཙུགས་འདུག ཚོགས་པ་དབུ་བརྙེས་པའི་མཛད་སྒོའི་ཐོག་ཏུའང་སྲིད་དོན་ཚོགས་པའི་སྐོར་བཀའ་སློབ་ཟབ་རྒྱས་གནང་འདུག འོན་ཀྱང་སྤྱི་འཐུས་དང་ཆོལ་ཁ་ལུང་ཚན་དེ་ཚོས་དེ་ལ་ཁས་ལེན་མ་བྱས་སྟབས། མང་གཙོ་ཚོགས་པ་དེ་སྲིད་དོན་ཚོགས་པར་བསྒྱུར་ཐུབ་མེད།
༣༽ བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དེ་སྲིད་དོན་ཚོགས་པར་ངོས་ལེན་མ་བྱས་པའི་རྒྱུ་མཚན་དུ་གནད་དོན་ཁ་ཤས་དྲངས་འདུག་པ་ལས་མཚོན་ཙམ་སྨྲོས་ན།
ཀ༽ ཆོལ་ཁ་དང་རིས་མེད་ཀྱི་སྲིད་དོན་ཚོགས་པ་བཙུགས་ཚེ། གྲངས་མང་དབུས་གཙང་གིས་གྲངས་ཉུང་མདོ་སྟོད་སྨད་ཀྱི་དབང་ཆ་ཚང་མ་འཕྲོག་འགྲོ་གི་རེད། ཅེས་པ་དེ་གཅིག་རེད། གྲོས་ཚོགས་ནང་སྤྱི་འཐུས་ཕལ་མོ་ཆེ་དབུས་གཙང་བ་ཆགས་ཀི་རེད་ཟེར།
ཁ༽ ཆོས་ལུགས་རིས་མེད་ཀྱི་སྲིད་དོན་ཚོགས་པ་བཙུགས་ཚེ། གྲངས་མང་དགེ་ལུགས་ཀྱིས་གྲངས་ཉུང་ཆོས་རྒྱུད་གཞན་དག་གི་དབང་ཆ་འཕྲོག་གི་རེད་ཟེར།
ག༽ ད་དུང་སྲིད་དོན་གྱི་ལངས་ཕྱོགས་འདྲ་མིན་དར་ཏེ། ༸རྒྱལ་བ་རིན་པོ་ཆེའི་དགོངས་པ་སྒྲུབ་ཐུབ་ཀི་མ་རེད་ཟེར།
༤༽ སྤྱིར་བཏང་། སྔ་མོ། བོད་ཆོལ་ཁ་གསུམ་གྱི་མི་སོ་སོས། ཆོལ་ཁ་རང་ཁོངས་ཀྱི་སྤྱི་འཐུས་འདེམས་མི་དགོས་པར། ཆོལ་ཁ་གསུམ་མཉམ་དུ་སྤྱི་འཐུས་འོས་འདེམས་བྱ་རྒྱུའི་ཐག་གཅོད་གནང་བར་མ་ཟད། གསལ་བསྒྲགས་ཀྱང་བཀྲམས་འདུག ངས་ལོ་དུས་ཏག་ཏག་རང་དྲན་སོས་ཀི་མི་འདུག ཆིག་དགུ་བརྒྱད་ཅུ་གྱ་གྲངས་ནང་རེད། འོན་ཀྱང་དེ་ལ་མདོ་སྟོད་ཆོལ་ཁས་ངོ་རྒོལ་བྱས་སྟབས། གསལ་བསྒྲགས་ཕྱིར་འཐེན་གནང་སྟེ། ཆོལ་ཁོངས་སོ་སོས། ཆོལ་ཁའི་སྤྱི་འཐུས་འདེམས་དགོས་པའི་ལམ་དེར་བསྐྱར་ལོག་བྱས་པ་རེད།
དངོས་བྱུང་གནས་ཚུལ་འདི་ཚོ་ལ་ལེགས་པར་བསམས་ཤིང་དཔྱད་ན། ༸རྒྱལ་བ་རིན་པོ་ཆེས་མང་གཙོ་ཚད་ལྡན་ཅིག་ཏུ་བསྒྱུར་དགོས་དགོངས་ནའང་སྐུ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་པ་མཐོང་གི་འདུག སྐུ་ངལ་དེ་ཡང་། ༸རྒྱལ་བ་རིན་པོ་ཆེ་ལ་ཁ་གཏད་དུ་ལངས་ནས་འཕྲད་པ་ཞིག་མ་རེད། ༸རྒྱལ་བ་རིན་པོ་ཆེ་ལ་དད་གུས་དང་ཤ་ཞེན་རྣམ་དག་ཡོད་མདོག་མདོག་གི་རྣམ་འགྱུར་སྟོན་བཞིན་གང་གི་དགོངས་པའི་ལྡོག་ཕྱོགས་ནས་ལངས་པ་ལས་བྱུང་བ་ཞིག་རེད།
དེར་བརྟེན། སྐུ་ཉིད་ཀྱིས་གསུངས་པ་བཞིན། མང་ཚོགས་ཀྱི་ཤེས་ཡོན་གལ་ཆེན་རེད་འདུག
ཁང་གསར་གྱི་གསུངས་པར་རྒྱུ་མཚན་འདུག ང་ལྟར་ན་ཆོལ་ཁ་གསུམ་ཚོགས་པ་ཟེར་བ་འདི་ཆོལ་ཁ་སོ་སོའི་སྐུ་ཚབ་ཡིན་པའི་ངོས་འཛིན་རྩ་བ་ནས་མེད། མ་ཟད་འདི་ཚོས་བཏོན་པའི་འོས་གཞི་དེ་ཚོར་ངེས་པར་དུ་འོས་བླུགས་དགོས་པའི་ངེས་པ་གང་ཡང་མེད། མདོར་ན་རང་ཐག་རང་གིས་གཅོད་རྒྱུ་དེ་རེད།
དངོས་གནས་བདེན་པ་རེད།
ངས་དེ་ཡི་སྔོན་དུ་འདི་ལྟ་བུ་ཞིག་བཤད་ཡོད་དེབ་སྐྱེལ་བྱས་ཡོད་དམ་ཞེས་པར་གཟིགས་དང་ང་ཡི་བསམ་ཚུལ་བཤད་ཡོད།
ཆོས་ལུགས་ནས་ཡོང་མཁན་གྱི་སྤྱི་འཐུས་དེ་ཚོར་ཆོས་ལུགས་ཀྱི་ཤ་ཞེན་ཁྱེར་ན་ཆོལ་ཁ་དེ་ཚོས་འགྲིག་མི་འདུག་ཟེར།
ཆོལ་ཁའི་སྤྱི་འཐུས་དེ་ཚོས་ཆོལ་ཁའི་ཤ་ཞེན་ཁྱེར་ན་ཆོལ་ཁ་ནང་ཕན་ཚུན་གྱིས་ཁ་བརྡུང་གཏོང་གི་ཡོད།
དཔེར་ན།་སྤྱི་འཐུས་སྐར་མ་ཆོས་འཕེལ་ལྟ་བུ་རེད།
བཀའ་ཤག་གི་དགོང་པ་དང་མ་མཐུན་ན་རྒྱ་དམར་གྱི་རྒྱུག་ཁྱི་དང་།
སྤྱི་འཐུས་ནས་གྲོས་ཆོད་འཇོག་སྐབས་བསམ་ཚུལ་གསར་པ་འདྲ་ཁྱེར་ཡོང་ན་ལྟ་ལོག་དང་ཆོལ་ཁ་དང་ཆོས་ལུགས་ཀྱི་ཁོང་ནས་ཕུད་དགོས་རེད་ཟེར།
ཡང་ན་ལམ་གསར་པ་ཞིག་གི་ཐོག་ནས་འགྲོ་རྒྱུ་དང།
ཡང་ན་རྙིང་དྲི་ཚུབ་བེ་སྡོད་རྒྱུ་ལས་མེད་དོ།
རྙིང་དྲི་གཙང་མ་ཞིག་མ་དག་བར་དུ་ལམ་གསར་པ་ཞིག་གང་ན་ཡོད་ནེ། རྙིང་དྲི་དེ་དག་དགོས་པར་ད་དུང་མི་གསུམ་བཞི་ཞིག་འགོར་དགོས་ས་རེད། ང་ཚོ་མི་རབས་འདི་ལ་ལྟོས་ནའང་ཤེས་ཀི་མོ།
རྙིང་དྲི་གཙང་མ་ཞིག་མ་དག་བར་དུ་ལམ་གསར་པ་ཞིག་གང་ན་ཡོད་ནེ། རྙིང་དྲི་དེ་དག་དགོས་པར་ད་དུང་མི་གསུམ་བཞི་ཞིག་འགོར་དགོས་ས་རེད། ང་ཚོ་མི་རབས་འདི་ལ་ལྟོས་ནའང་ཤེས་ཀི་མོ། མི་རྒན་ཚོའི་ལག་ནང་དུ་དོ་ལིང་འཁོར་འཁོར་བྱེད་ཀྱིན་འདུག་གཱ
བོད་མི་ཚོ་ལ་ཆོལ་ཁ་གསུམ་གྱི་སྒྲོམ་གཞི་དེ་གཏོར་འདོད་མི་འདུག ཆོལ་ཁ་གསུམ་དང་ཆོས་རྒྱུད་ཁག་ལྔའི་སྒྲོམ་གཞི་དེ་མུ་མཐུད་ཡོད་ལ། སྲིད་དོན་ཚོགས་པའི་ལམ་ལུགས་ཀྱང་ཡོད་པ་ཞིག་ང་ཚོས་གསར་གཏོད་བྱེད་ཐུབ་ས་རེད་དམ་མ་རེད། ངས་ནི་བྱེད་ཐུབ་ཀི་རེད་བསམས་པར་མ་ཟད། ཧ་ཅང་ལས་སླ་པོ་རེད་དྲན་གྱི་འདུག རྣམ་པ་ཚོ་ལ་དེའི་ཐད་དགོངས་འཆར་ཡོད་ན་གསུངས་རོགས།
བོད་མི་ཚོ་ལ་ཆོལ་ཁ་གསུམ་གྱི་སྒྲོམ་གཞི་མེད་པ་བྱས་ན་ལེགས།
ཆོས་ལུགས་ལྔ་ཡི་སྐུ་ཚབ་ངེས་པར་དུ་དགོས་པ་རེད་བོད་ཆོས་ལྡན་གྱི་ཞིང་ཁམས་ཞེས་བརྩིགས་ཆེར་བརྩི་དགོས་པའི་རྒྱུ་མཚན་གྱིས་ཡིན།
དེ་མིན་ཆོལ་ཁ་གསུམ་གྱི་འཐུས་མི་མེད་་ན་ལེགས་དེ་ཡི་ཚབ་དུ་ཆབ་སྲིད་ཤོག་ཁག་མི་འདྲ་བ་གཉིས་སུ་བགོས་ཏེ་གཞུང་སྲིད་བསྐྱང་ན་ལེགས་པར་མཐོང།
དེ་མིན་སྔར་ལུགས་བཞིན་མ་གཏོགས་ཡོང་རྒྱུ་མེད་པ་རེད།
གཞོན་ནུའི་ལྟ་བ་དེ་ལའང་དེ་ཙམ་གྱི་འདོད་མོས་མེད་ཁོང་ཚོ་ཀླད་པ་གསར་པ་ཡིན་མདོག་གིས་ཆོས་ལུགས་ཀྱི་སྤྱི་འཐུས་མི་དགོས་ཟེར།
ད་ལྟ་བོད་ཀྱི་རྩ་དོན་གྱི་ཆེད་དུ་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་མང་ཆེ་བ་གཞིས་བྱེས་གང་དུ་ལྟས་ཀྱང་གྲྭ་བཙུན་གྱིས་བྱས་ཡོད།
དེ་ཚོར་བསམ་ཤེས་བྱེད་དགོས་འདུག
དང་པོ།
མང་གཙོ་ཚགས་ཚུད་ལ་བསམ་བློ་གཏོང་ས་ཞིག་ཡོད་རེད་མ་གཏོགས། མང་གཙོ་ཚད་ལྡན་ཞིག་ཡོང་རྒྱུ་ཨེ་ཡོད་དྲན།
མང་གཙོ་ཚད་ལྡན་ལབ་ན་ག་རེ་རེད། གང་ཟག་གི་དབང་བསྒྱུར་མ་ཡིན་པར་ཁྲིམས་ཀྱི་དབང་བསྒྱུར་གཙང་མ་བྱུང་ན་མང་གཙོ་ཚད་ལྡན་རེད་དམ།
མང་གཙོ་ཚད་ལྡན་ཟེར་བ་འདི་ཡིག་ཆའི་སྒང་ནས་ཡོང་ཐུབ་པ་ཞིག་རེད། ལག་ལེན་གྱི་སྒང་ནས་ཡོང་ཐུབ་པ་ཞིག་མ་རེད།
གཉིས།
༧རྒྱལ་བ་རིན་པོ་ཆེར་སྐུ་ངལ་འཕྲད་བཞིན་ཡོད་པ་དེ་ཕྱོགས་གཅིག་རེད། རྒྱལ་བ་རིན་པོ་ཆེར་དབང་ནུས་ཁྱད་པར་བ་ཞིག་ཡོད་པ་དེ་ཡང་ཕྱོགས་གཅིག་རེད།
ད་ལྟའི་བཙན་བྱོལ་གྱི་མང་གཙོའི་ལམ་ལུགས་འདི་ལ་བཅོས་བསྒྱུར་ཞིག་གཏོང་དགོས་ན། ཡང་ན་མགོ་ནས་གཏོང་དགོས་རེད། མགོ་ནས་གཏོང་དགོས་ན།
རྒྱལ་བ་རིན་པོ་ཆེ་ལ་ཐུག་འགྲོ་གི་རེད། ཡང་མིན་ན་འོག་ནས་གཏོང་དགོས་རེད། འོག་ནས་གཏོང་ན་མི་མང་ལ་ཐུག་འགྲོ་གི་རེད།
མི་མང་བྱིངས་ལ་ཤེས་ཡོན་སློབ་སྦྱོང་ཞིག་མེད་ན། འོག་ནས་འགྱུར་བ་དེ་གཏོང་ཐུབ་གི་མ་རེད།
མགོ་ནས་གཏོང་ན་གཏོང་ཐུབ་པ་ཞིག་རེད། ཉེ་བའི་གནས་ཚུལ་གསལ་ཤོས་ཤིག་ལ། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་རྒྱལ་བ་རིན་པོ་ཆེས་ཡེ་ཤེས་དབྱིངས་དཔྱད་གནང་རོགས་ཟེར།
གསུམ།
ཆོལ་ཁ་གསུམ་དང་ཆོས་བརྒྱུད་ལྔའི་འཐུས་མི་ཡོང་སྟངས་འདི་སྒོ་རྒྱག་དགོས་རེད་དྲན། སྤྱི་འཐུས་གྲོས་ཚོགས་སུ།
ཆོལ་ཁ་གཅིག་ལ་འཐུས་མི་བཅུ་ཡོད་པ་ལ་བརྟེན་ནས། ཆོལ་ཁ་དེའི་ཁོངས་སུ་ལས་མེད་ཉུང་དུ་འགྲོ་གི་ཡོད་ན། ཆོལ་ཁའི་དེའི་མི་མང་གི་སྨན་ཡོན་དང་ཁང་གླ་གོང་ཁེ་རུ་འགྲོ་གི་ཡོད་ན།
ཆོལ་ཁ་དེའི་བྱིས་བ་ཚོའི་ཤེས་ཡོན་སློབ་སྦྱོང་གི་འགྲོ་སོང་དམའ་རུ་འགྲོ་གི་ཡོད་ན། བལྟ་རྒྱུ་ཞིག་ཡོད་རེད་དྲན།
ད་ལྟའི་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་འདི་ཚོ་ཡོད་ན་ཡོད་པའི་དགེ་མཚན་ཆེན་པོ་ཞིག་དང་། མེད་ན་གྱོང་ཆེན་པོ་ཞིག་རག་གི་མ་རེད་འདོད།
ཆོས་བརྒྱུད་སྤྱི་འཐུས་ལ་ཡང་དེ་མཚུངས་རེད། ཆོས་བརྒྱུད་སྤྱི་འཐུས་མེད་ན། གདན་ས་ཁག་གི་སེར་མོ་བའི་འཚོ་བ་དང་སློབ་སྦྱོང་། བདེ་སྡུག་སོགས་ཐག་ཆོད་ཀྱི་མེད་ན། བལྟ་ས་ཅིག་ཡོད་རེད་དྲན།
བཞི།
མི་མང་གི་ཤེས་ཡོན་ཟེར་བ་འདི་གནད་འགག་ནང་གི་གནད་འགག་དེ་རེད། མི་མང་ལ་ཤེས་ཡོན་མེད་ན། སྒྲིག་འཛུགས་དང་ཁྲིམས་དེ་ཚོ་ཤོག་བུའི་སྒང་ལ་སྙིང་རྗེ་བོ་ཡོད་ན་ཡང་། ལག་ལེན་གྱི་སྒང་ན་དཀའ་ངལ་ཅན་རེད།
དཔེར་ན། ན་ནིང་ལོའི་སྤྱི་འཐུས་གྲོས་ཚོགས་ཀྱི་རྙོག་དྲ་དེ་ཡང་མཐར་ཐུག་ན་མི་མང་གི་ཤེས་ཡོན་དང་འབྲེལ་བ་འདུག མི་མང་ལ་ཤེས་ཡོན་ཡོད་ན། གྲོས་ཚོགས་ཀྱི་འགྲོ་སྟངས་མི་ཤེས་བའི་མི་ལྐུགས་པ་རྐྱང་རྐྱང་འདེམས་གི་མ་རེད་འདོད། བོད་མི་མང་པོ་ཞིག་གི་བསམ་ཚུལ་ལ། སྐབས་བཅོ་ལྔ་བའི་སྤྱི་འཐུས་འོས་བསྡུ་ལ་འགྱུར་ཁྱད་ཞིག་ཡོང་གི་ཡོད་རེད་དྲན། ངེད་ཀྱི་བསམ་ཚུལ་ལ་། འགྱུར་བ་ཆེན་པོ་ཡོང་གི་མ་རེད་ལ་ཡོང་ཐུབ་གི་ཡང་མ་རེད།
གྲོས་ཚོགས་སུ་གློའུ་རྟགས་སྟོན་མཁན་དེ་ཚོ་ཕྱིར་འདམས་ཡོང་གི་རེད། དཔེར་ན། མདོ་སྟོད་སྤྱི་འཐུས་ཨོ་རྒྱན་སྟོབས་རྒྱལ་དང་འཇུ་ཆེན་དཀོན་མཆོག་གཉིས་དཔེ་ཞོག འདི་གཉིས་ཀ་མདོ་སྟོད་རྒྱ་ཆེའི་མི་མང་གིས་བསྐྱར་དུ་བླུགས་གི་རེད། ད་མང་པོ་འབྲི་གི་མིན། འདི་རུ་མཚམས་འཇོག་གི་ཡིན།
ཆོལ་ཁའི་སྤྱི་འཐུས་མེད་པ་དང་ཆོས་ལུགས་ཀྱི་སྤྱི་འཐུས་ཡོད་པ། འབྲོང་རྒོད་ལགས། དེ་དངོས་ཡོད་ལག་ལེན་ནང་གང་འདྲ་ཆགས་ས་རེད། དཔེར་ན་སྲིད་དོན་ཚོགས་པ་གཉིས་ཡོད་པར་ཆ་བཞག གཅིག་ལ། ཚོགས་པ་ལྗང་ཁུ་དང་། གཞན་དེར་ཚོགས་པ་སེར་པོ་ཟེར་རྒྱུ་བྱས། ལྗང་ཁུས་དབུ་མའི་ལམ་ལ་སོང་། སེར་པོས་རང་ཐག་རང་གཅོད་ཀྱི་སྲིད་ཇུས་བཟུང་བར་བརྩིས། ཚོགས་པ་དེ་གཉིས་ཀའི་ནང་ཚོགས་པ་དེའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཆོས་རྒྱུད་ཁག་ལྔའི་སྤྱི་འཐུས་ཡོང་དགོས་པ་བྱས་ན། གང་འདྲ་ཆགས་ས་རེད། ཕྱི་ནས་བལྟས་ན་ཆོས་ཚོགས་འདྲ་བོ་ཞིག་ལས་སྲིད་དོན་ཚོགས་པ་འདྲ་བོ་མཐོང་ས་མ་རེད་པ། ནང་ནས་བསམས་ན་སྲིད་དོན་ཚོགས་པ་དེའི་ནང་ལ་ཆོས་ལུགས་ལྔ་དེས་ནང་འཁྲུག་བརྒྱབ། མཐའ་མ་དགྲས་འཕྱ་དགོས་པ་ཞིག་དང་གཉེན་སྡུག་དགོས་པ་ཞིག་ཡོང་ས་མ་རེད་དམ། སྲིད་དོན་ཚོགས་པ་ཡང་ཡིན་ལ་ཆོས་རྒྱུད་ཀྱི་སྤྱི་འཐུས་ཀྱང་ཡོད་པའི་ཐབས་ལམ་གཞན་དག་འདུག་གམ། ངས་བལྟས་ན། ཆོས་ལུགས་སྤྱི་འཐུས་འདི་སྲིད་དོན་ཚོགས་པ་འཛུགས་དུས་དཀའ་ངལ་ཆེ་ཤོས་ཤིག་རེད།
མི་མང་ལ་ཤེས་ཡོན་མེད་པ་དང་མི་མང་ལ་དམངས་གཙོའི་གཤིས་ཀ་མ་འཇགས་ཕྱིན་དམངས་གཙོ་ཟེར་བ་དེ་ཡོང་དཀའ་བ་རེད་འདུག དེ་བཞིན་མགོ་ནས་མར་འགྱུར་བ་བཏང་ན་གཏོང་ཐུབ་པ་དེ་བོད་པ་ལ་དངོས་ཡོད་ཅིག་རེད། འོན་ཀྱང་དེས་ང་ཚོ་ལ་དམངས་གཙོ་ཡོད་པ་མཚོན་གྱི་མེད། ཕན་ཚུན་བརྩི་བཀུར་དང་རྒྱུ་མཚན་ལ་བལྟ་བའི་གོམས་གཤིས་དེ་མེད་པར་བརྟེན་ནས། ང་ཚོ་མི་མང་བྱིངས་ཀྱིས་ང་ཚོའི་གནས་སྟངས་ལ་འགྱུར་བ་གཏོང་ཐུབ་ཀི་མེད་པ་རེད། མགོ་ནས་མར་འགྱུར་བ་གཏོང་ཐུབ་པ་དེ་དོན་རྟོན་གྱི་དབང་གིས་མ་རེད། དེ་ནི་དད་མོས་ཀྱི་ནུས་ཤུགས་ལ་བརྟེན་པ་ཙམ་རེད། དེས་གནས་སྐབས་ཕན་སྲིད་ཀྱང་ཕུགས་ལ་བརྟན་པོ་མ་རེད།
ད་གཅིག་ལ་འགྲོ་རན་སོང་། རྗེས་ནས་བགྲོ་གླེང་བྱ། རིག་འབྱུང་དོན་བཀྲའི་དགོངས་འཆར་དེ་ཚོ་ཡག་པོ་འདུག
ཁང་གསར་ལགས།
ཆོས་ལུགས་ལྔ་ཡི་སྤྱི་འཐུས་དེ་དག་རང་རང་སོ་སོའི་འདོད་མོས་ལྟར་འགྲོ་རྒྱུ་ལས་རྟག་ཏུ་སྲིད་དོན་ཤོག་ཁག་ཕྱོགས་གཅིག་ཏུ་བཟུང་པའམ་ཡང་ན་སེར་པོ་དང་ལྗང་ཁུའི་ཕྱོགས་སུ་ཡོ་དགོས་པའི་རྒྱུ་མཚན་ཡོད་པ་མ་རེད།
རང་རང་སོ་སོའི་ལྟ་ཕྱོགས་དང་མཐུན་པ་ཞིག་ལ་རྒྱབ་སྐྱོར་བྱས་ན་འགྲིག་གི་རེད།
མ་གཞི་ནས་གྲོས་ཚོགས་ནང་དུ་ཁ་རྩོད་རྒྱབ་ན་མི་འགྲིག་པའི་རྒྱུ་མཚན་གང་ཡང་ཡོད་པ་མ་རེད།
གཟིགས་དང་ཉེ་ཆར་ཐེཝན་གྲོས་ཚོགས་ནང་དུ་ལག་འྫིང་ཀྱང་ཤོར་དགོས་བྱུང་བ་ལྟ་བུ་རེད།
དེ་བཞིན་དམང་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་གྲོས་ཚོགས་ནང་དུ་གང་འདྲ་འདུག
དེ་དག་སྐྱོན་གང་ཡང་མ་རེད་དྲན་གི་འདུག
ཁྱེད་རང་ལྟར་ན་གྲོས་ཚོགས་ཚོགས་དུས་སུ་བོད་ཀྱི་གཏམ་དཔེར།
ལྷན་རྒྱས་སུམ་ཅུ་ཐམ་པ་ལ།
བཀའ་གནང་ཉི་ཤུ་རྩ་དགུ།
ཞེས་པ་ལྟར་བྱེད་དགོས་པ་རེད་དམ།
གྲོས་ཚོགས་ཀྱི་ནང་དུ་གནད་དོན་གྱི་ཐོག་ཡིན་མིན་བཤད་དུས་འཁྲུག་པ་རྒྱབ་པར་ཕྱི་ཕྱོགས་ནས་འཕྱ་སྨོད་བྱེད་དྭོགས་ཀྱིས་དེ་དག་དགག་དགོས་ན་དེ་ལས་འགྲོ་ས་མེད་པ་རེད།
ང་ཚོའི་གྲོས་ཚོགས་དེ་ནི་རྒྱ་ནག་གི་འཐུས་མི་ཚོགས་པ་ལྟར་བྱེད་དགོས་བསམ།
གཟིགས་དང་རྒྱ་ནག་གི་གྲོས་ཚོགས་ཚོགས་དུས་མདུན་ལྕོག་སྟེང་དུ་ལོ་ཇས་བསྐང་བའི་དཀར་ཡོལ་འདྲ་ཆག་ཆག་རེ་སྒྲིགས།
ཧུ་ཅིན་ཏའོཡིས་གཏམ་བཤད་ཀྱི་བཀའ་རེ་གནང།
དེར་ཚང་མས་འདོད་མོས་ཡོད་རུང་མེད་རུང་ལག་པ་མཉམ་བསྒྲིག་གིས་ཐལ་མོ་དུས་གཅིག་ཏུ་གདབ་སྟེ་རྙན་པར་ག་ས་ག་ལ་བཀྲམས་པའི་བཟོ་འདྲ་ཞིག་ཡོང་གི་མ་རེད་དམ།
བོད་མིར་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་གིས་ལྟ་བའམ་ལུགས་སྲོལ་དེ་ཤུགས་ཆེན་པོ་ད་ལྟའང་རྒྱ་ཡི་སྒོག་དྲི་འཐུལ་ལེར་ཡོད་པ་དེ་ཤུགས་ཆེན་པོ་རེད།
ང་ཚོས་ཕྱོགས་གཅིག་ནས་བཤད་དུས་བོད་ཀྱི་ཆོས་རིག་དེ་རྒྱ་གར་ནས་བྱུང་རབས་བཤད་རུང།
བོད་མིའི་གཤིས་ཀར་རྒྱ་ནག་གི་བག་ཆགས་གཏིང་ཟབ་ཡོད་པ་ནི་མངོན་གསལ་དོད་པོ་རེད།
རྒྱུ་མཚན་འདི་དག་ལ་བརྟེན་ནས་ཀླུ་སྨྱོན་གྱིས་མཆན་དེ་བཏབ་རེད་དྲན།
བཙན་བྱོལ་སྤྱི་ཚོགས་ནང་བཀའ་སྤྱིའི་ཌྷའོས་བསྡུའི་སྐབས་སུ་རྒྱ་ནག་དམར་ཤོག་ལྟར་སྔོན་ཚུད་ནས་འོས་དམིགས་གཏན་འབེབས་བྱས་ཟིན་པ་དང། ཡང་ན་འོས་བླུག་མཁན་ལ་ཚད་ཅན་ཡིན་པ་དེ་འདྲ་ངས་མཐོང་མ་སོང།
འདི་སྐོར་ནས་ཚང་མས་བློ་བཞག་གི་ངང་གསུང་དང་གནད་ངོ་ནས་ཆེན་པོ་འདུག། དུས་ཐོག་ལ་མཁོ་བ་རང་རེད་། མུ་འཐུད་ནས་གསུང་རོགས་གནང་།
གོང་དུ་ངའི་གློག་འཕྲིན་ཁ་བྱང་ནོར་འདུག རང་གི་གློག་ཀླད་ནད་ངོ་ཤེས་ཤིག་ལ་གློག་འཕྲིན་བཏང་རྗེས་དེ་ནས་གློག་ཀླད་བརྒྱུད་གློག་འཕྲིན་ཁ་བྱང་འགེངས་དུས། ད་གིན་བེད་སྤྱོད་བྱས་མ་ཐག་གི་ཁ་བྱང་དེ་རང་བཞིན་གྱིས་ཤར་བསྡད་ཀི་འདུག
དེ་ནས་ཆོལ་ཁ་དང་ཆོས་རྒྱུད་ཀྱི་སྤྱི་འཐུས་སྐོར་དེ་ཡིན། ཆོལ་ཁ་དང་ཆོས་ལུགས་ཀྱི་སྤྱི་འཐུས་སྒྲོམ་གཞི་དེར་བསམ་བློ་ནན་ཏན་དུ་གཏོང་དགོས། ང་ཚོའི་གྲོས་ཚོགས་ནང་བོད་རང་གི་ས་ཁུལ་དབང་དུ་བྱས་པའི་ཆོལ་ཁ་གསུམ་དང་། ཆོས་ལུགས་དབང་དུ་བྱས་པའི་ཆོས་རྒྱུད་ལྔ་རྩ་བར་བཟུང་བའི་ཐོག ཕྱིས་སུ་གསར་བསྣན་བཙན་བྱོལ་གྱི་ས་གནས་དབང་དུ་བྱས་པའི་ཨ་རི་དང་ཡོ་རོབ་ཀྱི་སྤྱི་འཐུས་ཡོད་རེད། འདིའི་བསམ་བློའི་རྒྱབ་ལྗོངས་དེ་ཤེས་དགོས་གལ་ཆེན་རེད། འདི་འདྲའི་སྒྲོམ་གཞི་ཞིག་བཟོས་པ་དེ་ངའི་བསམས་པར། གཙོ་བོ་བོད་རིགས་ཡོངས་རྫོགས་ཀྱི་ངོ་བོ་མཚོན་ཐུབ་པའི་ཆེད་དུ་རེད། དེ་ཡང་ཆོལ་ཁ་གསུམ་དང་ཆོས་ལུགས་ལྔའི་ནང་དུ་མ་ཚུད་པའི་བོད་རིགས་ཤིག་ཡོད་དཀའ་བ་རེད། བོད་གཞིས་བྱེས་གཉིས་ཀ་འདིའི་ནང་བསྡུ་ཐུབ་པ་རེད། བཙན་བྱོལ་གྱི་ས་ཁུལ་དང་གྲངས་འབོར་ཁོ་ན་གཞི་བཟུང་སྤྱི་འཐུས་ཀྱི་འབྱུང་རྩ་གཏན་འབེབས་བྱས་ཚེ། གཅིག་ནས་བོད་ནང་གི་མི་མང་མཚོན་དཀའ་བ་དང་། གཉིས་ནས་བཙན་བྱོལ་གྱི་ས་གནས་སོ་སོའི་མི་འབོར་ལ་འགྱུར་བ་ཧ་ཅང་ཆེན་པོ་རེད། དཔེར་ན། ལོ་གསུམ་སྔོན་སྦེལ་ལེ་ཀོབ་བེར་མི་ཁྲི་གཅིག་ཡོད་ན། ད་ལྟ་དེ་ནས་མང་པོ་ཞིག་ས་ཁུལ་གཞན་ལ་སྤོས་ཚར་བ་རེད། བརྟན་པོ་མ་རེད།
རིག་འབྱུང་དོན་བཀྲས། ༸རྒྱལ་བ་རིན་པོ་ཆེས་སྒང་ནས་མར་འགྱུར་བ་གཏོང་ཐུབ་པའི་སྐོར་དེ་རེད། ད་ཕན་གྱི་བཙན་བྱོལ་བོད་མིའི་དམངས་གཙོའི་མདུན་སྐྱོད་ཚང་མ། ༸རྒྱལ་བ་རིན་པོ་ཆེས་སྣེ་ཁྲིད་པ་དང་སྒང་ནས་མར་འགྱུར་བ་བཏང་བ་ལྟ་བུ་རེད་འདུག འོན་ཀྱང་ངས་གོང་དུ་མཆན་གཅིག་གི་ནང་བྲིས་པ་བཞིན། འགྱུར་བ་ཁག་ཅིག་གི་ཐད་༸རྒྱལ་བ་རིན་པོ་ཆེར་ཡང་སྐུ་ངལ་འཕྲད་ཡོད། ངས་དེ་རིང་ཁ་སང་དོན་དག་འདིར་བསམ་གཞིགས་ཏོག་ཙམ་བྱས་པ་ཡིན། མང་ཚོགས་ལ་གཞི་རྩ་མེད་ན་སྒང་ནས་མར་འགྱུར་བ་གཏོང་བ་འདི་བརྟན་པོར་གནས་དཀའ་བ་རེད། དཔེར་ན། ༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་ཀྱི་སྤྱི་ཚོགས་ལ་འགྱུར་བ་མང་པོ་ཞིག་བཏང་འདུག འོན་ཀྱང་མང་ཚོགས་ལ་ཤེས་ཚད་མེད་ཙང་། ༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་སྐུ་ཚེའི་མཇུག་དང་ལྷག་པར་ཁོང་དགོངས་པ་རྫོགས་རྗེས། འགྱུར་བ་དེ་དག་རྒྱུན་བསྲིངས་བྱེད་ཐུབ་མི་འདུག དེ་ལྟ་བུ་སླར་ཡང་ཡོང་ཉེན་ཡོད།
གཞན་ཡང་། འདི་མུར་སྒང་ནས་མར་འགྱུར་བ་ཡོང་རྒྱུར་བསྒུགས་བསྡད་ན། བོད་པ་ཚོས་མི་གཅིག་ལ་བརྩི་བ་མ་གཏོགས། བོད་མི་ཕལ་པ་ཚོ་ནང་ཁུལ་རྒྱུ་མཚན་ལ་བརྩི་འཇོག་བྱེད་པའི་གཤིས་ཀ་མེད་པ་ཆགས་ཀྱི་འདུག དམངས་གཙོའི་སྤྱི་ཚོགས་ནང་། དམངས་གཙོའི་གོ་རྟོགས་དང་དམངས་གཙོའི་གཤིས་ཀ་གཉིས་ཀ་གལ་ཆེན་རེད། དེང་སྐབས་བཙན་བྱོལ་ནང་བོད་མི་མང་ཆེ་བར་དམངས་གཙོའི་གོ་རྟོགས་ཡོད་རེད། འོན་ཀྱང་དམངས་གཙོའི་གཤིས་ཀ་ཡག་པོ་འཇགས་མེད། དམངས་གཙོའི་གཤིས་ཀ་ནི། ཕན་ཚུན་ཉན་ཤེས་གོ་ཤེས་དང་། ཉུང་མོས་ཀྱིས་མང་མོས་ལ་བརྩི་བཀུར་ཞུ་བ། རྒྱུ་མཚན་དཔང་པོར་འཇོག་པ་འདི་ཚོ་རེད། བོད་པའི་ནང་འདི་ཚོར་བརྩི་བཀུར་མེད་པའི་རྣམ་པ་འདུག
དྲྭ་རོགས་འབྲོང་རྒོད། ཆོས་རྒྱུད་ཀྱི་སྤྱི་འཐུས་དེ་རྣམས་སྲིད་དོན་ཚོགས་པའི་ནང་ཞུགས་མི་དགོས་ལ། སྲིད་དོན་ཚོགས་པ་ཡོད་པའི་ལམ་ལུགས་དེ་འདྲ་ཞིག་ངའི་བློ་ལ་འཆར་ཐུབ་ཀི་མི་འདུག གྲོས་ཚོགས་ཀྱི་འཐུས་མིའི་འབྱུང་ཁུངས་སུ་སྲིད་དོན་ཚོགས་པའི་ལམ་ལུགས་ཡོད་ན། སྤྱི་འཐུས་རྣམས་སྤྱིར་བཏང་སྲིད་དོན་ཚོགས་པ་གང་རུང་གི་ནང་ནས་ཐོན་དགོས་མ་རེད་དམ།
དེ་བཞིན་ཁྱེད་ཀྱིས་གྲོས་ཚོགས་ནང་རྩོད་དགོས་པ་དང་བཤད་དགོས་གསུངས་པ་དངོས་ཡོད་གནས་ཚུལ་རེད། དོན་དག་རྣམས་ལ་རྒྱུ་མཚན་དཔང་པོར་བཞག་སྟེ་སྦྱང་བཤད་བྱེད་དགོས། ཡིན་ནའང་མི་གཅིག་གི་ལམ་གྲོན་དོན་ལ་གྲོས་ཚོགས་ཁ་འཐོར་འགྲོ་དགོས་པ་དེ་འདྲའི་རྩོད་པ་ནི་མང་གཙོ་མ་རེད། ཉུང་གཙོ་རེད།
མར་འགྱུར་བ་གཏོང་དགོས་ཟེར་ན་ག་འདྲ་ཞིག་ལ་ལབ་ཀྱིན་ཡོད་པ་རེད་དམ། ༧་གོང་ས་མཆོག་ནས་མར་འགྱུར་བ་གཏོང་དགོས་ཟེར་བ་རེད་དམ་་་གཞུང་བཀའ་ཤག་ནས་མར་འགྱུར་བ་གཏོང་དགོས་གསུང་གིན་ཡོད་པ་རེད་དམ། གནད་དོན་འདི་ཁ་གསལ་གསུང་རོགས་་་་དྲིན་ཆེན་ཚོ།
བསྐྱར་དུ་ཚིག་འགའ་སྣོན་གི་ཡིན། མང་པོ་འབྲི་ཁོམ་མེད།
དང་པོ།
༧གོང་ས་མཆོག་གི་ཐུགས་རེ་ནི། འགྱུར་བ་ཚང་མ་འོག་ནས་ཡོང་ན་བསམ་པ་དེ་རེད།
༧གོང་ས་མཆོག་ལ་སྒང་ནས་མར་འགྱུར་བ་གཏོང་དགོས་བསམ་པ་དེ་མེད། འོན་ཀྱང་། མི་མང་གི་ངོ་ཚབ་མཚོན་མཁན་སྤྱི་འཐུས་གྲོས་ཚོགས་ཀྱིས།
༧གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་གནང་་རོགས་ཟེར་གི་འདུག
གཉིས།
དེ་རིང་བསྐྱར་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཅིག་བལྟས་བ་ཡིན། གནད་དོན་འགའ་འདི་རུ་བཤུས་ཡོད།
བཅའ་ཁྲིམས་ལེའུ་དང་པོ།
གཞི་རྩའི་ལམ་སྟོན།
བཅའ་ཁྲིམས་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོར་ཆོག་མཆན་ཞུས་རྗེས། ༧གོང་ས་མཆོག་གིས་གཏན་འབེབས་མཛད་པའི་དུས་ཚེས་དེ་ནས་དངོས་སུ་རྩ་འཛིན་བྱ་རྒྱུ།
གསུམ།
ལེའུ་བཞི་པ།
དོན་ཚན་བཅུ་དགུ་པ། འགན་འཛིན་དབང་ཆ།
གཞུང་གི་འགན་འཛིན་དབང་ཆ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཡོད་ཅིང་། བཅའ་ཁྲིམས་འདིའི་དོན་ཚན་ཁག་གཞིར་བཟུང༧གོང་ས་མཆོག་གི་ཐད་ཀར་རམ། གཤམ་འོག་འགན་ཁུར་སྲི་ཞུ་བ་བརྒྱུད་དབང་ལུང་ཁྱབ་སྒྱུར་མཛད་རྒྱུ། ཁྱད་པར༧གོང་ས་ཆེན་པོས་རྒྱལ་ཁབ་དབུ་འཛིན་གྱི་མཚན་ཐོག་ནས་།
༡ སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་ཡིག་འཆར་ཟིན་དང་། སྒྲིག་གཞི་ཁག་ལ་ཆོག་མཆན་དང་གསལ་བསྒྲགས།
༢ ཁྲིམས་ཀྱི་ནུས་ཤུགས་ལྡན་པའི་ཁྲིམས་ཡིག་དང་། བཀའ་རྩ་ཁྱབ་བསྒྲགས།
༣ བྱས་རྗེས་གཟེངས་རྟགས་དང་། གོ་མིང་བདག་རྐྱེན།
༤ སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་འགྱངས་དང་། བར་མཚམས་འཇོག་པ། གྲོལ་བ་། བསྡུ་བསྐོང་།
༥ དགོས་གལ་ནམ་བྱུང་ལ་སྤྱི་འཐུས་ལྷན་ཚོགས་སུ་གསུང་བཤད་དང་། གསུང་འཕྲིན།
༦ སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར་དང་། ལས་དོན་བར་མཚམས་འཇོག་པ།
༧ བཀའ་ཤག་གམ། བཀའ་བློན་སུ་རུང་འཕོ་འགྱུར།
༨ ཛ་དྲག་དང་། གལ་ཆེའི་དམིགས་བསལ་ཚོགས་འདུ་བསྡུ་བསྐོང་།
༩ དོན་གནད་གལ་ཆེ་འགའ་རེའི་སྐོར་ལ་བཅའ་ཁྲིམས་གཞིར་བཟུང་མང་ཚོགས་ལ་མང་མོས་ཐག་གཅོད་འོས་བསྡུ་བྱེད་འཐུས་ཀྱི་བཀའ་ཁྱབ་བསྩལ་རྒྱུ་བཅས།
བཞི།
དོན་ཚན་སུམ་ཅུ་པ། གཞུང་གི་ལས་དོན་བྱེད་ཕྱོགས།
གཞུང་གི་འགན་འཛིན་ལས་དོན་ཐམས་ཅད་༧གོང་ས་༧སྐྱབས་མགོན་ཆེན་པོའི་མཚན་ཐོག་ནས་གནང་རྒྱུ་དང་། འཛིན་སྐྱོང་གི་ལས་དོན་མཛད་བདེའི་སྒྲིག་ལམ་དང་། ལས་དོན་ཐག་གཅོད་བྱེད་ཕྱོགས།
བཀའ་བློན་ཁྲི་པ། བཀའ་བློན་རྣམས་ཀྱིས་བཀའ་ཤག་དང་། རང་འཁྲིའི་ལས་ཁུངས་ཀྱི་ལས་འགན་ཞུ་ཕྱོགས་བཅས་ཀྱི་སྐོར་ལ་བཀའ་ཤག་ནས་སྒྲིག་གཞི་ཞིབ་གསལ་བཀོད་དེ་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་༧སྙན་འབུལ་ཆོག་མཆན་ཞུས་བསྩལ་ལྟར་ལ་རྩ་འཛིན་ཞུ་རྒྱུ།
ལྔ་།
ལེའུ་ལྔ་པ།
ཁྲིམས་བཟོའི་དབང་འཛིན།
དོན་ཚན་སོ་དྲུག་པ། ཁྲིམས་བཟོའི་དབང་ཆ།
ཁྲིམས་ལུགས་བཟོ་འགོད་དང་། གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་བོད་མི་མང་སྤྱི་ཚོགས་ལ་ཡོད་པ་དང་། ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅས་པ་ལ་༧གོང་ས༧སྐྱབས་མགོན་ཆེན་པོ་མཆོག་གི་ཆོག་མཆན་ཞུ་དགོས།
རིག་འབྱུང་དོན་བཀྲས་མང་པོ་འབྲི་གི་མིན་ཟེར་མང་ཐག་ཆོད་ཅིག་དྲངས་འདུག་ག
འདི་ལ་ངས་བཤད་སྟངས་ཞེ་དྲག་རང་ཤེས་མ་སོང་། ང་ཚོའི་བཅའ་ཁྲིམས་རིན་པོ་ཆེ་དེར་བལྟ་དུས། སྐབས་རེ་དབྱིན་ཡུལ་གྱི་ལུགས་འདྲ་བ། ༸གོང་ས་མཆོག་དབྱིན་ཇིའི་རྒྱལ་མོ་འདྲ་བ། སྐབས་རེ་རྒྱ་གར་གྱི་ལུགས་འདྲ་བ། བཀའ་ཁྲི་སྲིད་བློན་དང་༸གོང་ས་མཆོག་སྲིད་འཛིན་འདྲ་བ། སྐབས་རེ་ཨ་རིའི་ལུགས་འདྲ་བ། ཡང་སྐབས་སྐབས་ལ་རྒྱ་ནག་དམར་པོ་དང་འདྲ་ཙམ་འདྲ་ཙམ་འདུག ཕལ་ཆེར་ལུགས་བརྒྱ་ལྡན་ཟེར་བ་དེ་མིན་ནམ།
ཡ། ད་གཉིད་ཅིག་ཨེ་ཁུག་བལྟ་གི་ཡིན། དིང་སང་གཉིད་གཡེར་གཡེར་ཞིག་ལས་ཡོང་གི་མི་འདུག
བཅའ་ཁྲིམས་ནས་དྲངས་བ་དེ་ཚོ་དཔྱད་གཞིར་ཕུལ་བ་ཡིན།
དེའི་ཐོག་ལ་ངེད་ཀྱི་བསམ་ཚུལ་བཤད་མེད།
ད་དུང་ཁ་སྣོན་དཔྱད་གཞི་འགའ་འདུག
ལེའུ་བཅུ་གཅིག་པ།
བཅའ་ཁྲིམས་བསྐྱར་བཅོས་དང་། བར་བརྒལ་གྱི་ཆ་རྐྱེན།
དོན་ཚན་བརྒྱ་དང་བཅུ་གཅིག བཅའ་ཁྲིམས་བསྐྱར་བཅོས།
༡
བཅའ་ཁྲིམས་འདིའི་ལེའུ་དང་པོའི་དོན་ཚན་གསུམ་པ་དང་བཞི་པ། ལེའུ་གཉིས་པ་དང་གསུམ་པའི་དོན་ཚན་ཡོངས་རྫོགས། ལེའུ་བཞི་པའི་དོན་ཚན་བཅུ་དགུ་པ་བཅས་ཕུད།
དེ་མིན་དོན་ཚན་གང་རུང་ལ་སྣོན་འཕྲི་བསྐྱར་བཅོས་དགོས་གལ་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་གཏན་འབེབས་བྱས་པའི་ཁྲིམས་ཡིག་འཆར་ཟིན་ལ་༧གོང་ས་༧སྐྱབས་མགོན་ཆེན་པོས་ཆོག་མཆན་གནང་བའི་ཁྲིམས་ལུགས་ཀྱི་སྒོ་ནས་བསྐྱར་བཅོས་ཆོག་རྒྱུ།
༢
ལེའུ་དང་པོའི་དོན་ཚན་གསུམ་པ་དང་བཞི་པ། ལེའུ་གཉིས་པ་དང་གསུམ་པའི་དོན་ཚན་ཁག ལེའུ་བཞི་པའི་དོན་ཚན་བཅུ་དགུ་པ་བཅས་ལ་བསྐྱར་བཅོས་དགོས་བ་བྱུང་ཚེ། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་བཞི་ཆ་གསུམ་ཡན་གྱིས་མོས་མཐུན་བྱས་པའི་ཁྲིམས་ཡིག་འཆར་ཟིན་ལ་༧གོང་ས༧སྐྱབས་མགོན་ཆེན་པོས་ཆོག་མཆན་གནང་བའི་ཁྲིམས་ལུགས་ཀྱི་སྒོ་ནས་བསྐྱར་བཅོས་བྱེད་ཆོག
དོན་ཚན་བརྒྱ་དང་བཅུ་གཉིས། མང་ཚོགས་འོས་བསྡུ་ཐག་གཅོད།
༧གོང་ས་༧སྐྱབས་མགོན་ཆེན་པོས་དགོས་གལ་གཟིགས་ཚེ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་ཡིག་འཆར་ཟིན་དེར་མང་ཚོགས་ནས་མང་མོས་ཐག་གཅོད་འོས་བསྡུ་བྱ་དགོས་ཀྱི་བཀའ་ཁྱབ་བསྩལ་འཐུས་དང་། ཚད་ལྡན་གྱི་འོས་ཤོག་ངོ་ཡོད་གསུམ་ཆ་གཉིས་ཡན་གྱི་རྒྱབ་སྐྱོར་བྱུང་ན་ལས། དེ་མིན་བསྐྱར་བཅོས་མ་དགོས་པར་ཆ་འཛིན་མཛད་རྒྱུ།