འཇིགས་མེད་བློ་གྲོས། ༼རིགས་སློབ།༽
སྤྱི་ཟླ་ ༠༦ ཚེས་ ༢༤ ཉིན་ཁོ་བོའི་ངོ་ཤེས་ཤིག་ནས་གློག་འཕྲིན་བརྒྱུད་མི་མགོ་བརྗེ་སྤོར་གྱི་བཤགས་བཅོས་ནང་དོན་དུ་བྱས་པའི་རྩོམ་ཡིག་བཀོད་པའི་དྲ་བའི་འབྲེལ་ཐག་ཅིག་བསྐུར་འདུག་ཅིང་། རྩོམ་ཡིག་དེ་བཀླགས་ནས་བསམ་ཚུལ་ཇི་བྱུང་གསལ་སྟོན་དགོས་པའི་རེ་འདུན་བཏོན་འདུག རྩོམ་ཡིག་དེ་འབྲི་མཁན་ནི་ཝར་ཝིཀ་གཙུག་ལག་སློབ་གྲྭ་ཆེན་མོའི་[University of Warwick]ལྟ་གྲུབ་རིག་པའི་མཁས་དབང་ཁེ་སམ་[Quassim Cassam] ཟེར་བ་ཞིག་ཡིན་པ་དང་། རྩོམ་ཡིག་དེ་སྤྱི་ཚེས་ ༢༣ ཉིན་ CNN དང་ The Conversation ཞེས་པའི་དྲ་རྒྱའི་ནང་བཏོན་འདུག
ཨི་ཊ་ལིའི་དབང་རྩ་བཤགས་བཅོས་རིག་པ་ཁ་ན་ཝེ་རོ་[Sergio Canavero]ནི་མི་མགོ་བརྗེ་སྤོར་གྱི་བཤགས་བཅོས་ལག་བསྟར་བྱེད་པར་ཡིད་ཆེས་དང་གདེངས་སྤོབས་ཆེན་པོ་ཡོད་མཁན་ཞིག་ཡིན་མོད། ད་ལྟའི་ཆར་ལས་ཚེགས་དང་འགྲོ་གྲོན། རྒྱབ་སྐྱོར། སྤྱི་ཚོགས་ཀྱི་གདེང་འཇོག་སོགས་ཕྱོགས་གང་ཐད་ནས་ལས་དོན་ལག་བསྟར་བྱེད་པར་དཀའ་ཚེགས་ཆེན་པོ་འཕྲད་བཞིན་ཡོད་ལ། དབང་རྩའི་ནད་བཅོས་རིག་པ་མང་པོས་ཀྱང་ལས་དོན་འདིར་ལམ་ལྷོང་རྩ་བ་ནས་ཡོང་ཐབས་མེད་པའི་དགག་བྱ་ཆེན་པོ་བྱེད་ཀྱིན་ཡོད། འོན་ཀྱང་ཁ་ན་ཝེ་རོས་ཁོང་ལ་བཤགས་བཅོས་འདི་ཉིད་ལག་བསྟར་ལ་སྤྱི་ཚོགས་ཀྱིས་དང་ལེན་བྱེད་པ་བྱུང་ཚེ་འབྱུང་འགྱུར་ལོ་ངོ་གཉིས་ཀྱི་རྗེས་ནས་བཤགས་བཅོས་དོན་འཁྱོལ་ཐུབ་པའི་ཡིད་ཆེས་དང་འཆར་གཞི་ཡོད་པར་གསུངས། བཤགས་བཅོས་བྱ་ས་ནི་རང་ལོ་སུམ་ཅུར་སོན་པའི་ར་ཤི་ཡ་ནས་ཡིན་པ་དབང་རྩའི་ནད་མནར་བ་སི་པི་རི་ཌི་ནོབ་[Valery Spiridonov]ཟེར་བ་ཁོང་ཡིན་པ་དང་། ཉེ་ཆར་སྤྱི་ཟླ་དྲུག་པའི་ནང་སྨན་པ་དང་ནད་མནར་བ་གཉིས་ཨ་རིར་ཐུག་འཕྲད་བྱུང་ཡོད།
མི་མགོ་བརྗེ་བའི་བཤགས་བཅོས་འདི་ལྟ་གྲུབ་དང་ཀུན་སྤྱོད། ཡུལ་ཁྲིམས་སོགས་ཁྱབ་ཁོངས་མང་པོའི་ནང་ནས་དམིགས་བསལ་ལྟ་སྟངས་ཡོད་པའི་རྙོག་དྲ་ཆེ་བའི་ལས་གཞི་ཞིག་ཡིན་སྟབས། རྒྱལ་ཁབ་གང་དང་སྨན་བཅོས་ཀྱི་ཚོགས་པ་གང་འདྲ་ཞིག་གིས་བཤགས་བཅོས་ལག་བསྟར་གྱི་སྡིངས་ཆ་བསྐྲུན་མིན་ལ་ད་ལྟ་གཏན་འཁེལ་མེད་ཅིང་། ཁ་ན་ཝེ་རོའི་རེ་འདུན་ལྟར་ན་ཨ་མི་རི་ཁའི་ནང་ལས་དོན་ལག་བསྟར་གྱི་རེ་འདུན་བྱེད་བཞིན་ཡོད་ལ། ཉེ་ཆར་སྤྱི་ཟླ་དྲུག་པའི་ནང་ཨ་རིའི་ཤ་གནད་དང་དབང་རྩའི་བཤགས་བཅོས་མཐུན་ཚོགས་[American Academy of Neurological and Orthopedic Surgeons]ཀྱི་ཚོགས་འདུའི་སྟེང་བཤགས་བཅོས་ཀྱི་ལས་གཞིའི་སྐོར་དམིགས་བསལ་གཏམ་བཤད་བྱས་འདུག མཐུན་ཚོགས་འདིའི་འགན་འཛིན་ནིཀ་རེ་བེལ་[Nick Rebel]གྱིས། “ང་ཚོའི་ཚོགས་པས་ཁ་ན་ཝེ་རོའི་བཤགས་བཅོས་ལག་བསྟར་ལ་གཞུང་འབྲེལ་གྱི་རྒྱབ་སྐྱོར་བྱེད་པ་མིན་པར། ཁོང་ལ་གང་ཞིག་བཤད་རྒྱུ་ཡོད་པ་ཤེས་རྟོགས་ཀྱི་ཆེད་གཏམ་བཤད་ཀྱི་སྡིངས་ཆ་ཞིག་བསྐྲུན་པ་ཙམ་ཡིན།” ཞེས་བཤད་འདུག ཁ་ན་ཝེ་རོས་གལ་ཏེ་ཨ་རིའི་ནང་བཤགས་བཅོས་ལག་བསྟར་གྱི་གོ་སྐབས་མ་བྱུང་ཚེ་རྒྱ་ནག་ཏུ་བྱ་སྲིད་པའི་སྐོར་བཤད་ཡོད།
ནིའུ་ཡོཀ་གཙུག་ལག་སློབ་གྲྭ་ཆེན་པོའི་འབུམ་རམས་པ་ཀེབ་ལེན་[Arthur Caplan]གྱིས། “མགོ་བོ་བརྗེ་བའི་བཤགས་བཅོས་འདི་མིའི་སྟེང་ལག་བསྟར་མ་བྱས་སྔོན་དུ་དུད་འགྲོའི་སྟེང་ལག་བསྟར་ངེས་པར་དུ་ཐུབ་པ་ཞིག་དགོས་ཤིང། གལ་ཏེ་ཁ་ན་ཝེ་རོས་བཤགས་བཅོས་ལག་བསྟར་ཐུབ་པའི་དབང་དུ་བཏང་ཡང་། མགོ་བོ་ཡོངས་རྫོགས་མ་བརྗེས་པའི་སྔོན་དུ་རྩ་དཀར་གྱི་ནད་གཞིས་མནར་བའི་མི་རྣམས་ཀྱི་རྒྱུངས་པར་ནད་བཅོས་ཚད་ལྡན་ཐུབ་པ་ཞིག་དགོས།” ཞེས་བཤད།
རྒྱ་རིགས་བཤགས་བཅོས་སྨན་པ་རེན་[Xiaoping Ren]ལྟ་བུ་ཁ་ན་ཝེ་རོའི་ལས་དོན་ལ་མཐུན་ཕྱོགས་ཀྱི་ལྟ་ཚུལ་བཟུང་མཁན་ཡང་ཡོད་ཅིང་། དུས་ཚོད་ཀྱི་གནད་དོན་ཙམ་མ་གཏོགས་བཤགས་བཅོས་ཀྱི་ལས་དོན་འདི་རིགས་ངེས་པར་དོན་འཁྱོལ་ཐུབ་ངེས་ཀྱི་ལྟ་ཚུལ་འཛིན་པའི་ཚན་རིག་པ་དང་སྨན་པ་ཡང་ཡོད་འདུག
ཁ་ན་ཝེ་རོར་ད་ལྟའི་བར་སེམས་ཅན་གྱི་སྟེང་དུ་བཤགས་བཅོས་འདི་ཉིད་ལག་བསྟར་གྱིས་ལམ་ལྷོང་བྱུང་བའི་ཉམས་མྱོང་མེད་ཀྱང་། སྤྱི་ལོ་ ༡༩༧༠ ལོར་དབང་རྩ་བཤགས་བཅོས་པ་རོ་བར་ཌེ་ཝའེཌ་[Robert White]ཡིས་སྤྲེལ་མགོ་བཤགས་བཅོས་ཀྱི་སྐབས་འཕྲད་པའི་དཀའ་ངལ་ཁག་ལ་ད་ལྟའི་ཐོན་གསར་འཕྲུལ་རིག་དང་སྨན་བཅོས་ཀྱི་ཤེས་རྟོགས་གསར་པས་ངེས་པར་དུ་གདོང་ལེན་བྱེད་ཐུབ་པར་ཡིད་ཆེས་བྱེད་ཀྱིན་ཡོད་པ་རེད། སྨན་པ་ཝའེཌ་ཡིས་སྤྲེལ་མགོ་བརྗེ་སྤོར་གྱི་བཤགས་བཅོས་བྱེད་པའི་སྐབས་ཀྱི་ལམ་ལྷོང་མ་བྱུང་བའི་འགལ་རྐྱེན་གཙོ་བོ་དེ་སྤྲེལ་མགོའི་ཀླད་པ་དང་སྤྲེལ་མགོ་བསྒར་སའི་ལུས་ཕུང་གི་རྒྱུངས་པ་[Spinal Cord]གཉིས་ལ་མཐུད་ཀ་ཚད་ལྡན་ཞིག་མ་བྱུང་བ་དང་། རྗེས་སུ་ལུས་ཕུང་གི་ནད་འགོག་མ་ལག་[Immune System]གིས་སྤྲེལ་མགོ་གསར་པ་དེ་དང་ལེན་མ་བྱས་པའི་ཐོག་ནས་མཐར་ཉིན་གྲངས་བརྒྱད་དགུའི་རྗེས་སྤྲེའུ་དེ་ཤི་ཡོད། ཁ་ན་ཝེ་རོས་ད་ལྟའི་ཆར་ཀླད་པ་དང་རྒྱུངས་པའི་དབར་མཐུད་ཀ་རྒྱག་པའི་ཤེས་ཚད་ཧ་ཅང་མཐོན་པོར་བསླེབས་ཡོད་པ་དང་། བསྒར་བྱ་ལུས་ཕུང་དང་སྒར་བྱེད་མགོ་བོ་གཉིས་ཀྱི་ཕན་ཚུན་འདྲིས་ཆ་མེད་པའི་གནས་བབ་ལས་གཅིག་གིས་གཅིག་ལ་དང་ལེན་མི་བྱེད་པའི་རྫས་ཀྱི་རྣམ་འགྱུར་ཁག་ལ་ཡང་གདོང་ལེན་བྱེད་ཐུབ་པའི་སྐོར་བཤད་ཡོད།
འོན་ཀྱང་ཁེ་ལི་ཕོར་ནི་ཡའི་ཌེ་ཝ་སི་[UC Davis]གཙུག་ལག་སློབ་གྲྭ་ཆེན་མོའི་དབང་རྩའི་བཤགས་བཅོས་པ་གྷོལཌ་སིམི་ཏི་[Harry Goldsmith]ཡིས་རྒྱུངས་པ་མཐུད་ཀ་རྒྱག་པའི་བཤགས་བཅོས་སྐབས་ནད་པ་དེ་བདུན་ཕྲག་བཞི་ཙམ་རིང་དྲན་མེད་དུ་སྡོད་དགོས་པའི་གནས་བབ་ནི་ཡོང་ཐབས་དཀའ་བ་ཞིག་དང་། འཚོ་རླུང་གི་མཐུན་རྐྱེན་མེད་པའི་ཐོག་ནས་རྒྱུན་རིང་པོར་ཀླད་པ་ཉར་ཚགས་བྱ་རྒྱུ་ཧ་ཅང་ཁག་པོ་ཡིན་སྟབས་ནད་པ་དེ་འཆི་བའི་ཉེན་ཁ་ཡང་ཡོད་པར་བཤད། བཤགས་བཅོས་འདི་ལག་བསྟར་དོན་འཁྱོལ་ཐུབ་པའི་དབང་དུ་བཏང་ཡང་བཤགས་བཅོས་ལས་ལངས་པའི་མི་དེས་གོམ་པ་སྤོ་བ་སོགས་རྒྱུན་ལྡན་གྱི་ལས་ལ་འཇུག་རྒྱུར་ལོ་ངོ་གཅིག་ཙམ་འགོར་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད།
བཤགས་བཅོས་ལས་ལངས་པའི་མི་དེ་སུ་ཡིན་ནམ།
མི་མགོ་བརྗེ་སྤོར་གྱི་གནས་ཚུལ་འདི་བྱུང་བའི་རྗེས་ནས་ནུབ་ཕྱོགས་ཀྱི་ལྟ་གྲུབ་སྨྲ་བ་དང་སྨན་པ་སོགས་ཀྱི་ཁྲོད་མི་མགོ་བརྗེས་པའི་རྗེས་ཀྱི་མི་དེ་སུ་ཡིན་ངོས་འཛིན་ཐད་གླེང་སློང་མང་དག་ཅིག་འབྱུང་གི་ཡོད་ཚོད། ཁེ་སམ་གྱི་རྩོམ་ཡིག་དེའི་ནང་དོན་དག་འདིའི་སྐོར་ཉུང་བསྡུས་ཤིག་གླེང་འདུག
དུས་རབས་བཅུ་བདུན་པའི་ནང་བྱོན་པའི་དབྱིན་ཡུལ་གྱི་ལྟ་གྲུབ་སྨྲ་བ་ལོཀ་[John Locke]གིས་དཔེ་མཚོན་ཤིག་བཀོད་ཡོད་པ་ནི། “རྒྱལ་སྲས་ཤིག་གི་ཚེ་སྔ་མའི་རྣམ་ཤེས་ཀྱི་རྟེན་གཞིའི་བླ་སྲོག་[Soul]ལྷམ་བཟོ་བ་ཞིག་གི་ལུས་ལ་ཞུགས་པ་ཡིན་ན། ལྷམ་བཟོ་བའི་ལུས་ཕུང་ལ་རྒྱལ་སྲས་ཀྱི་རྣམ་ཤེས་ཞུགས་པ་ཡིན་པས་ལུས་ཕུང་གི་ཆ་ནས་ལྷམ་བཟོ་བའི་ལུས་ཕུང་ཡིན་ཡང་དོན་དུ་གང་ཟག་དེ་རྒྱལ་སྲས་ཡིན་པ་ལས་ལྷམ་བཟོ་བ་མིན་དགོས་ཏེ། གང་ཟག་རྒྱུད་གཅིག་ཡིན་མིན་གྱི་གཞི་རྩའི་ངོས་འཛིན་ཤེས་པའི་རྒྱུན་གྱི་སྟེང་ནས་འཇོག་དགོས་པའི་ཕྱིར།” ཞེས་གང་ཟག་ཅིག་སུ་ཡིན་མིན་གྱི་ངོ་རྟགས་ངོས་འཛིན་ཤེས་རྒྱུད་ཀྱི་སྟེང་ནས་འཇོག་དགོས་པའི་ལྟ་ཚུལ་བཏོན་ཏེ། སྐྱེ་བོ་དེར་ཉེས་པ་གཅོད་པའི་སྐབས་སུ་ཡང་རྒྱལ་སྲས་ཀྱི་སྔར་བྱས་ཉེས་པར་བརྟེན་ནས་ཆད་པ་གཅོད་པ་ལས་ལྷམ་བཟོ་བའི་སྔར་བྱས་ཉེས་པ་རྒྱུ་མཚན་དུ་བྱས་ནས་སྐྱེ་བོ་དེར་ཆད་པ་གཅོད་མི་རུང་བར་བཤད། འདིར་ལོཀ་གིས་བཤད་པའི་ཤེས་པ་ཟེར་བ་ནང་པའི་གཞུང་ལུགས་ནས་བཤད་པའི་ཤེས་པ་ལྟ་བུ་ཞིག་ཏུ་ངོས་འཛིན་མི་རུང་།
དཔེ་མཚོན་འདི་རང་རེའི་གནས་ཆུང་ཆོས་སྐྱོང་ཁོག་ཞུགས་དང་འབྲེལ་ནས་བཤད་ན། གནས་ཆུང་སྐུ་རྟེན་གྱི་ལུས་ལ་ཆོས་སྐྱོང་གི་རྣམ་ཤེས་ཞུགས་པའི་སྐབས་གར་འཁྲབ་པ་དང་ལུང་བསྐྱོན་པ་སོགས་བྱེད་པའི་གང་ཟག་དེ་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་རང་དུ་ངོས་འཛིན་བྱེད་པ་ལས་སྐུ་རྟེན་ཐུབ་བསྟན་དངོས་གྲུབ་ཡིན་པར་ངོས་འཛིན་མི་བྱེད་པ་དང་གཅིག་གྱུར་ལྟ་བུ་ཞིག་ཡིན། འོན་ཀྱང་གསལ་ཁ་མེད་པ་ནི་རྣམ་ཤེས་ཀྱི་རྟེན་གཞི་བླ་སྲོག་ཅེས་པ་དེ་མགོ་བོའི་ནང་དུ་ཡོད་པའམ་ལུས་ཕུང་གི་ནང་དུ་ཡོད་པའི་གསལ་ཁའི་བཤད་པ་བཀོད་མེད།
ལོཀ་གི་ལྟ་ཚུལ་དེ་ད་ལྟའི་དུས་སུ་ཡང་ཤུགས་རྐྱེན་ཆེན་པོ་ཡིན་མོད། འོན་ཀྱང་རྣམ་ཤེས་ཀྱི་རྟེན་གཞི་བླ་སྲོག་ཡིན་ཟེར་བ་དེང་རབས་པས་མི་འདོད་ཅིང་། དེང་རབས་པ་རྣམས་ལྟར་ན་རྣམ་ཤེས་ཀྱི་རྟེན་གཞི་ཀླད་པར་འདོད་པ་ཕལ་ཆེ་བར་བཤད། ལྟ་ཚུལ་འདི་དང་འབྲེལ་ཏེ་ཨ་རིའི་ལྟ་གྲུབ་སྨྲ་བ་ཤུའུ་མེ་ཀར་[Sydney Shoemaker]གྱིས། བསྟན་འཛིན་གྱི་ཀླད་པ་དོན་གྲུབ་ཀྱི་མགོ་ཐོད་ནང་བཤགས་བཅོས་ཀྱིས་སྤོས་པ་ཡིན་ན་གང་ཟག་དེ་བསྟན་འཛིན་དོན་འགྲུབ་ཡིན་དགོས་པར་འདོད། དེ་ཡང་སྣང་ཚུལ་ལ་དོན་འགྲུབ་ཏུ་སྣང་ཡང་དོན་དུ་སྐྱེ་བོ་དེས་སྔོན་གྱི་བསྟན་འཛིན་གྱི་མྱོང་བ་རྣམས་རང་གི་མྱོང་བ་ཡིན་པ་ལྟ་བུའི་དྲན་པ་སྐྱེ་སྲིད་པའི་ཕྱིར་ཞེས་འགྲེལ་བཤད་བྱེད་ཀྱིན་ཡོད།
དེས་ན་དབང་རྩའི་ནད་པ་སི་པི་རི་ཌི་ནོབ་ཀྱི་མགོ་བོ་ནི་ཁོང་གི་ཀླད་པ་གང་དུ་ཡོད་ས་དེ་ཡིན་ཅིང་། ཁོང་གི་ཀླད་པ་ནི་ཁོང་གི་ཤེས་པའི་གཞི་རྟེན་ཡིན་སྟབས། སྐྱེ་བོ་གཞན་གྱི་ལུས་ཕུང་ལ་སི་པི་རི་ཌི་ནོབ་ཀྱི་མགོ་བོ་བསྒར་རྗེས་ཀྱི་མི་དེ་སི་པི་རི་ཌི་ནོབ་རང་ཡིན་དགོས་པར་མང་དག་གིས་འདོད་ཀྱི་ཡོད། འོན་ཀྱང་སི་པི་རི་ཌི་ནོབ་ཀྱི་མྱོང་ཚོར་དང་འབྲེལ་བའི་ཤེས་པའི་རྟེན་གཞི་ཀླད་པ་ཡིན་པ་དང་། ཁོའི་ཀླད་པ་གང་དུ་ཡོད་ས་དེར་ཁོའི་རྣམ་ཤེས་དང་ཁོའི་སྤྱོད་ཚུལ་རྣམས་ཀྱང་ཡོད་དགོས་པའི་བདེན་དཔང་ཁུངས་འཕེར་ཞིག་ད་ལྟའི་བར་ཚན་རིག་པས་སྟོན་ཐུབ་མེད།
ཡང་དུད་འགྲོ་སྨྲ་བའི་[Animalist]ལྟ་གྲུབ་རིག་པ་བ་ཚོས་སི་པི་རི་ཌི་ནོབ་ནི་མི་ཡིན་པའི་སྲོག་ཆགས་[Human Animal]ཤིག་ཡིན་སྟབས། བཤགས་བཅོས་ལས་ལངས་པའི་རྗེས་སུ་ཡང་མགོ་དང་ཀླད་པ་ལྟ་བུ་བྱེད་ནུས་མ་ཉམས་པར་ཡོད་ཚེ་གང་ཟག་དེ་སི་པི་རི་ཌི་ནོབ་རང་ཡིན་པ་ལས་གཟུགས་ཕུང་གི་གནས་སྟངས་དང་མ་འབྲེལ་བར་ཤེས་པའི་སྟེང་ནས་གང་ཟག་དེ་སུ་ཡིན་མིན་གྱི་དབྱེ་ཁྱད་འབྱེད་དུ་མེད་པར་འདོད། ལྟ་ཚུལ་འདི་ལྟར་ན་ཤེས་པ་དང་བླ་སྲོག་ལྟ་བུའི་གནད་དོན་དེ་དག་མི་དེ་སུ་ཡིན་མིན་ངོས་འཛིན་བྱེད་པའི་མཚོན་རྟགས་སུ་མི་འདོད་སྟབས་སི་པི་རི་ཌི་ནོབ་ཀྱི་ངོ་རྟགས་ནི་གཟུགས་ཕུང་གི་སྟེང་ནས་འཇོག་དགོས་པ་དང་དེ་ཡང་གཙོ་བོ་མགོའི་སྟེང་ནས་འཇོག་དགོས་པས་སི་པི་རི་ཌི་ནོབ་ཀྱི་མགོ་གང་དུ་ཡོད་ས་དེར་ཁོ་ཡོད་པར་འདོད་དགོས་ཕྱིར། སྔར་གྱི་མྱོང་བ་དྲན་མི་དྲན་སོགས་ཀྱི་རྙོག་དྲ་དང་འབྲེལ་ནས་གང་ཟག་ངོས་འཛིན་བྱེད་པའི་དཀའ་ངལ་དེ་མེད།
གོང་དུ་བཤད་པ་ལྟར་ཀླད་པ་རྣམ་ཤེས་ཀྱི་རྟེན་གཞི་ཡིན་པའི་ལྟ་ཚུལ་དར་ཁྱབ་ཆེ་བའི་ཤུགས་རྐྱེན་ལས་སི་པི་རི་ཌི་ནོབ་ཀྱིས་ཀྱང་རང་ཉིད་མུ་མཐུད་འཚོ་གནས་ཀྱི་དོན་དུ་རང་གི་མགོ་བོ་བསྒར་སའི་ལུས་ཕུང་ཞིག་འཚོལ་འདོད་ཀྱི་འདུན་པ་ཤུགས་དྲག་དེ་ཡོང་གི་ཡོད་ཅིང་། གལ་ཏེ་སྐྱེ་བོ་གཞན་གྱི་ལུས་ཕུང་གི་ཐོག་ཏུ་རང་གི་མགོ་བོ་བསྒར་རྗེས་སུ་རང་ཉིད་སི་པི་རི་ཌོ་ནོབ་ཡིན་པའི་རྒྱུན་དེ་ཆད་འགྲོ་བའི་ལྟ་ཚུལ་ཡོད་ན་སི་པི་རི་ཌི་ནོབ་ནི་མགོ་བོ་སྦྱིན་པ་གཏོང་མཁན་ཙམ་ཞིག་ཡིན་པ་ལས། རང་ཉིད་འཚོ་གནས་ཀྱི་ཆེད་བདེ་ཐང་གི་ལུས་ཕུང་འཚོལ་མཁན་ཞིག་ཏུ་འགྱུར་མི་ཐུབ།
ཁེ་སམ་གྱིས་དྭོགས་གཞི་ཞིག་བཀོད་ཡོད་པ་ནི་བཤགས་བཅོས་ལས་ལངས་པའི་མི་དེ་སྔོན་གྱི་མགོ་བོ་གང་དུ་ལྡན་སའི་མི་དེ་མིན་པར་རྣམ་པ་ཀུན་ནས་ཐ་དད་ཡིན་པའི་མི་གསར་པ་ཞིག་ཀྱང་ཡོང་མི་སྲིད་པ་མིན་པ་དེ་རེད། འདི་དང་འབྲེལ་བའི་ཚོད་དཔག་འགའ་ཞིག་མཇུག་སྡོམ་གྱི་ཚུལ་དུ་འགོད་རྒྱུ་ཡིན།
ནང་པའི་ལྟ་སྟངས།
ངོ་མཚར་སྐྱེ་དགོས་པའི་ཚན་རིག་གི་གསར་གཏོད་རིགས་ཤིག་གིས་སྔོན་གྱི་ཆོས་ལུགས་ལྟ་གྲུབ་དང་འབྲེལ་ནས་མིའི་བསམ་བློའི་གཏིང་ཟབ་སར་ཐིམས་ཤིང་ལྷིང་འཇགས་སུ་གྱུར་ཟིན་པའི་སེམས་ཁམས་འཁྱེར་སོར་འགུལ་འཁྱོམ་གྱི་འཁྲུགས་རླབས་ཆེན་ཐེབས་པའི་གོ་སྐབས་ཡོང་གི་ཡོད་པ་ལྟར། ད་ལྟའི་མི་མགོ་བརྗེ་སྤོར་གྱི་བཤགས་བཅོས་དང་འབྲེལ་བའི་གནས་ཚུལ་འདིས་ཀྱང་ལྟ་གྲུབ་དང་ཀུན་སྤྱོད། ཡུལ་ཁྲིམས་སོགས་ཀྱི་སྒྲོམ་གཞི་མང་པོའི་ནང་ཡོ་འཁྱོམ་མི་ཆུང་བ་ཐེབས་རྒྱུའི་རྟགས་མཚན་གསལ་བཞིན་ཡོད་ལ། རང་ཅག་སངས་རྒྱས་པའི་ལྟ་གྲུབ་སྨྲ་བ་རྣམས་ལ་ཡང་འགྱུར་ལྡོག་གསར་པ་འདིས་སངས་རྒྱས་པའི་ཆོས་ལུགས་ནས་འབྱུང་བའི་གཞི་ལམ་འབྲས་བུའི་རྣམ་གཞག་ཡོད་ཚད་ཀྱི་རྟེན་གཞི་གཅིག་པུ་རྣམ་ཤེས་ཞེས་པའི་དངོས་པོ་དེའི་གཞི་རྟེན་གང་ཡིན་སོགས་ཀྱི་གནད་དོན་སྐོར་དྭོགས་འཆར་དང་བསྐྱར་ཞིབ་ཀྱི་གླེང་སློང་བསྐྱར་དུ་བྱེད་དགོས་པའི་སྐུལ་རྐྱེན་བྱེད་སྲིད།
ཁོ་བོའི་ངོ་ཤེས་ཁོང་ལ་མི་མགོ་བརྗེ་བའི་བཤགས་བཅོས་འདིས་ཚོར་སྣང་གསར་པ་ཞིག་སྦྱིན་ཡོད་པ་འདྲ་ཞིང་། དེ་དང་འབྲེལ་ནས་ཁོ་བོར་བསམ་ཚུལ་འདོན་དགོས་པའི་རེ་སྐུལ་བྱས་པ་རེད། རང་རེའི་ཆོས་གཞུང་ནས་འབྱུང་བའི་རྒྱུ་འབྲས་རྟེན་འབྱུང་གི་རྣམ་གཞག་ཁྲོད་ཀྱི་དཀའ་གནད་དུ་གྱུར་པ་ཤེས་པའི་རང་བཞིན་དང་སྐྱེ་བ་སྔ་ཕྱིའི་རྣམ་གཞག སྣོད་བཅུད་ཀྱི་འབྱུང་རྐྱེན་སོགས་ཀྱི་ལྟ་ཚུལ་འདི་དག་ལ་རྣམ་དག་འཁྲུལ་བྲལ་གྱི་རིགས་པས་ངེས་པ་རྙེད་པའི་སྐྱེ་བོ་རྣམས་དང་། དད་མོས་ཡིད་ཆེས་ཀྱི་ལམ་ནས་ཡོད་མེད་ཡིན་མིན་གྱི་རྣམ་གཞག་གཏན་འབེབ་ལ་འཇུག་པའི་སྐྱེ་བོ་རྣམས་ལ། ཚན་རིག་གི་གསར་གཏོད་དང་འབྲེལ་བའི་འགྱུར་ལྡོག་འདི་རིགས་ཀྱིས་མཚར་འཛིན་དང་དྭོགས་འཆར་གྱི་སེམས་ཚོར་གསར་པ་བསྐྲུན་པའི་གནས་སྐབས་ཅི་ལ་སྲིད་ཀྱང་། ཡིད་བློ་རྟོག་པའི་འཆར་སྣང་དང་འབྲེལ་ནས་གཏན་འབེབ་བྱས་པའི་མིག་མཐོང་ལག་ཟིན་མིན་པའི་ཤེས་བྱ་ལྐོག་གྱུར་གྱི་རྣམ་གཞག་ལ་གང་ཡང་འབྱུང་སྲིད་པའི་བསམ་ཚུལ་ཤུགས་དྲག་ཡོད་པའི་ཁོ་བོ་ལྟ་བུར་མཚོན་ན། གནའ་བོའི་ལྟ་གྲུབ་སྨྲ་བ་དང་ཚན་རིག་པ་སོགས་ཀྱིས་ཤེས་བྱའི་རྣམ་གཞག་ཡོད་ཚད་གཏན་འཁེལ་དང་ཐག་གཅོད་བྱས་ཟིན་པའི་ངེས་ཤེས་དང་རྨོངས་དད་གཉིས་ཀ་མེད་ཕྱིར། སྙིང་བརྗེ་བའི་གཤགས་བཅོས་དང་མི་མགོ་བརྗེ་བའི་བཤགས་བཅོས་སོགས་ཀྱི་འགྱུར་ལྡོག་འདི་རིགས་ཀྱིས་སེམས་ལ་ཡོ་འཁྱོམ་གྱི་འཁྲུགས་ཆེན་པོ་ཐེབས་པའི་གོ་སྐབས་ཡོང་གི་འདུག
འདས་པའི་བྱུང་རབས་ནང་མི་མགོ་བརྗེ་བའི་བཤགས་བཅོས་བྱས་པའི་ཚན་རིག་དང་མཐུན་པའི་ཁུངས་ལྡན་ལོ་རྒྱུས་གང་ཡང་མེད་ཀྱང་། སྤྱིར་མི་མགོ་བརྗེ་སྤོར་གྱི་སྐད་ཆ་འདི་ཧིན་དྷུ་དང་ནང་པའི་སྤྱི་ཚོགས་ནང་ལོ་ངོ་སྟོང་ཕྲག་གི་སྔོན་ནས་ཡོད་པའི་སྐད་ཆ་རྙིང་པ་ཞིག་རེད། ལྷ་ཆེན་དབང་ཕྱུག་གིས་རང་གི་བུ་ཚོགས་བདག་གི་མགོ་བོ་ལྷ་མིན་གྱི་དབང་པོས་བཅད་པའི་ཤུལ་དུ་གླང་ཆེན་གྱི་མགོ་བོ་བསྒར་བའི་བྱུང་རབས་ཧིན་དྷུ་དང་ནང་པའི་སྤྱི་ཚོགས་གཉིས་ཀར་གྲགས་ཤིང་། འཇིགས་བྱེད་ཀྱི་རྣལ་འབྱོར་པ་གྲུབ་ཐོབ་དཔལ་འཛིན་གྱིས་རང་གི་མགོ་བོ་བཅད་དེ་བྲམ་ཟེའི་རྒྱལ་པོ་ཧ་ས་དེ་བར་སྦྱིན་ཤུལ་དུ་མ་ཧེའི་མགོ་བོ་བསྒར་བའི་བྱུང་རབས་སྔགས་ཀྱི་ཆོས་འབྱུང་ཁག་གི་ནང་ཡོངས་གྲགས་སུ་ཡོད་པ་རེད།
འོན་ཀྱང་སྐབས་དེའི་སྤྱི་ཚོགས་ནང་ཀླད་པའི་གལ་གནད་གལ་ཆེན་ཡིན་པའི་ལྟ་ཚུལ་མེད་སྟབས། ཚོགས་བདག་གི་མགོ་བོར་གླང་མགོ་བསྒར་རྗེས་སུ་ཡང་གླང་མགོ་ཅན་གྱི་ཚོགས་བདག་དེ་ལྷ་ཆེན་དབང་ཕྱུག་གི་བུ་རྒན་པ་དང་གདོང་དྲུག་གི་གཅེན་པོ་རང་ཡིན་པ་ལས། གླང་ཕྲུག་ཅིག་ཏུ་གྱུར་པའི་ལོ་རྒྱུས་མེད་ཅིང་། མ་ཧེའི་མགོ་ཅན་གྱི་གྲུབ་ཐོབ་དཔལ་འཛིན་ཡང་མཐུ་དང་རྫུ་འཕྲུལ་དཔག་མེད་ལ་མངའ་བརྙེས་པའི་གྲུབ་ཐོབ་དཔལ་འཛིན་རང་གི་གནས་བབ་ཐོག་བསྡད་ཡོད་པ་ལས་མ་ཧེ་ཞིག་གམ་མ་ཧེའི་སྤྱོད་ཚུལ་ཅན་དུ་གྱུར་པའི་སྐད་ཆ་མེད།
གོང་གསལ་ལོ་རྒྱུས་འདི་གཉིས་དངོས་བྱུང་ཡིན་མིན་གང་ལྟར་ཡང་ལོ་རྒྱུས་དེ་གཉིས་ཀྱིས་གནད་དོན་ཞིག་བསྟན་ཡོད་པ་ནི་ནང་པ་དང་ཧིན་དྷུའི་སྤྱི་ཚོགས་གཉིས་ཀས་མིའམ་སེམས་ཅན་དེའི་ངོ་རྟགས་འཛིན་པའི་ཁྱད་ཆོས་གཙོ་བོ་དེ་མགོ་བོའི་ཕྱི་ནང་དུ་མེད་པ་དེ་རེད། སེམས་ཅན་དེ་དང་དེ་སུ་ཡིན་མིན་གྱི་ཁྱད་པར་ངོ་མ་ནི་སངས་རྒྱས་པའི་ལུགས་དང་འབྲེལ་ནས་བཤད་ན་རྣམ་ཤེས་ཀྱི་སྟེང་ནས་འཇོག་དགོས་ཤིང་། དེ་ཡང་གཙོ་བོ་ཚེ་སྔ་ཕྱིིའི་རྒྱུན་སྦྲེལ་བའི་དྲུག་པ་ཡིད་ཤེས་ཀྱི་སྟེང་ནས་ངོས་འཛིན་དགོས་པ་རེད། གོང་གསལ་ལོ་རྒྱུས་དེས་དེ་འདྲའི་ཤེས་པ་དེ་མགོ་བོའི་ནང་མེད་པ་གསལ་པོ་བསྟན་འདུག
དེ་བཞིན་སངས་རྒྱས་པའི་ཆོས་ལུགས་ནང་འབྱུང་བའི་མགོ་བོ་སྦྱིན་གཏོང་གི་ལོ་རྒྱུས་དེས་ཀྱང་མགོ་བོ་སྦྱིན་པའི་རྗེས་སྦྱིན་པ་གཏོང་ཡུལ་དོན་འགྲུབ་ཀྱིས་སྦྱིན་པ་གཏོང་མཁན་བསྟན་འཛིན་གྱི་མགོ་བོ་དེ་རང་གི་འཚོ་གནས་ཀྱི་དགོས་མཁོར་བླངས་ཤིང་བསྟན་འཛིན་གྱིས་ཀྱང་རང་ཉིད་བློས་གཏོང་གིས་རང་གི་མགོ་བོ་དོན་འགྲུབ་ཀྱི་འཚོ་གནས་ཆེད་སྦྱིན་པར་བསྟན་སྟབས། མགོ་ལུས་སྦྱར་བའི་རྗེས་ཀྱི་མི་དེ་མགོ་བོ་སྦྱིན་ཡུལ་དོན་འགྲུབ་ཀྱི་རྒྱུན་ཡིན་དགོས་པར་ཤུགས་ལ་བསྟན་པ་འདིས་ཀྱང་ཚེ་སྔ་ཕྱིའི་རྒྱུན་སྦྲེལ་བའི་རྣམ་ཤེས་སམ་གང་ཟག་དེ་སུ་ཡིན་མིན་གྱི་ཁྱད་པར་འབྱེད་ཆོས་གཙོ་བོ་དེ་མགོ་བོའི་ནང་མེད་པ་གསལ་པོ་བསྟན་པ་ཡིན།
འོན་ཀྱང་ཀླད་པ་མྱོང་ཚོར་ཐམས་ཅད་ཀྱི་འབྱུང་ཁུངས་སུ་བལྟ་བའི་ད་ལྟའི་དུས་རབས་འདིར་མགོ་བོ་བདེ་ཐང་ཡིན་ཅིང་ལུས་པོ་གཞན་འཕྲོ་བརླགས་སུ་ཕྱིན་པའི་མི་དེས་རང་ཉིད་ཀྱི་རྒྱུན་འཚོ་གནས་ཀྱི་ཆེད་རང་གི་མགོ་བོ་བསྒར་སའི་བདེ་ཐང་གི་ལུས་ཕུང་ཞིག་འཚོལ་གྱིན་ཡོད་པ་རེད། ལྟ་ཚུལ་འདི་ལྟར་ན་བསྟན་འཛིན་གྱི་མགོ་བོ་དོན་གྲུབ་ཀྱི་ཕུང་པོར་བསྒར་བའི་རྗེས་ཀྱི་གང་ཟག་དེ་བསྟན་འཛིན་གྱི་རྒྱུན་ཡིན་པ་ལས་དོན་འགྲུབ་ཀྱི་རྒྱུན་མིན་པར་འདོད་པ་རེད། འདིས་བསྟན་འཛིན་གྱི་རྒྱུན་འཛིན་པའི་ཁྱད་ཆོས་ཐུན་མོང་མིན་པ་དེ་མགོ་བོའི་ནང་ཡོད་པར་བསྟན་གྱི་ཡོད།
ཀླད་པ་སེམས་ཀྱི་རྟེན་གཞིར་མི་འདོད་པའི་ནང་པའི་ལུགས།
གསང་སྔགས་གསར་མའི་གཞུང་ལུགས་རྣམས་སུ་ཀླད་པའི་སྐོར་འགྲེལ་བཤད་ཞིབ་ཕྲ་མཛད་པ་མ་མཇལ་མོད། རྙིང་མའི་བཀའ་བརྒྱད་ཀྱི་གཞུང་ནས་ཀླད་པ་སེམས་ཀྱི་བཅུད་དུ་གསུངས་པ་སོགས་ཀླད་པ་དང་སེམས་ཀྱི་འབྲེལ་བའི་སྐོར་རགསབཤད་མཛད་པའི་གཞུང་ཚིག་ཁ་གསལ་ཡོད། སྤྱིར་སྟངས་བཅུད་ཟེར་བ་སྙིང་པོའི་དོན་ཡིན་སྟབས་ཀླད་པ་སེམས་ཀྱི་བཅུད་དུ་གསུངས་པ་འདིས་ཀླད་སེམས་དབར་འབྲེལ་བ་ཐུན་མིན་ཅིག་ཡོད་པ་གསལ་པོ་བསྟན་ཡོད། འོན་ཀྱང་བཅུད་ཀྱི་གོ་དོན་ལེན་ལུགས་ལས་ཀླད་པ་ཚེ་སྔ་ཕྱིའི་རྒྱུན་སྦྲེལ་བའི་སེམས་ཀྱི་རྟེན་གཞིར་ངོས་འཛིན་བྱེད་པ་ཅུང་ཟད་དཀའ་བ་སྙམ། རང་རེའི་སྨན་གྱི་གཞུང་ལུགས་ཁག་ནས་ཀླད་པའི་རྣམ་གཞག་གསུངས་པ་ཡོད་ཀྱང་སེམས་ཀྱི་རྟེན་གཞི་ཡིན་མིན་གྱི་འགྲེལ་བཤད་ཞིབ་ཕྲ་མེད་ལ། མདོ་ཕྱོགས་ཀྱི་གཞུང་ལས་ཀླད་པའི་རྣམ་གཞག་གསུངས་པ་ཞིག་ནི་རྩ་བ་ནས་མེད་ཅེས་ཞུས་ཆོག
རང་རེའི་བློ་རིག་གི་གཞུང་ལུགས་ནང་མིག་ཤེས་སོགས་ཡུལ་ལ་འཇུག་ལྡང་སྐབས་ངེས་པར་མཁོ་བའི་རྐྱེན་གསུམ་གྱི་རྣམ་གཞག་གསུངས་པའི་ཚེ་གཟུགས་སྒྲ་སོགས་མཐོང་ཐོས་ལ་མེད་ན་མི་འབྱུང་གི་འབྲེལ་བ་གཙོ་བོ་གྲུབ་པའི་ཀླད་པ་དང་དབང་རྩ་འཕྲིན་པ། བརྡ་ལེན་རྩ་ཕྲན་སོགས་ཀྱི་རྣམ་གཞག་ལ་འགྲེལ་བཤད་ཚིག་འབྲུ་གཅིག་ཀྱང་མ་བྱུང་བ་ནི་དགོས་སར་ཆད་པའི་སྟོང་ཆ་ཧ་ཅང་ཆེན་པོ་ཞིག་ཡིན་པ་ང་ཚོས་ངེས་པར་ཁས་ལེན་དགོས་ལ། ཤེས་བྱའི་རང་བཞིན་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབ་པའི་ཆེད་དང་། གདུལ་བྱ་རྗེས་འཛིན་གྱིས་གཞན་དོན་བསྒྲུབ་པའི་དགོས་དོན་སོགས་ཕྱོགས་གང་ནས་བསམས་ཀྱང་ཤེས་པ་ཡུལ་ལ་འཇུག་ལྡང་གི་འགྲེལ་པ་བྱེད་པའི་སྐབས་མིག་གིས་མཐོང་དུ་མེད་པའི་བདག་རྐྱེན་དབང་པོའི་སྐོར་གྱི་འགྲེལ་བཤད་རྙོག་དྲ་ཚ་པོ་དེ་ལས་མིག་གིས་མཐོང་དུ་རུང་བའི་ཀླད་པའི་བྱེད་ལས་དང་འབྲེལ་བའི་འགྲེལ་བཤད་དེ་ནད་ཐོག་ལ་འཁེལ་བའི་བཙག་ལྟ་བུ་ཞིག་ཡོད་ཀྱང་། ཤེས་པའི་རྣམ་གཞག་ཞིབ་ཕྲ་གསུང་བའི་ཚད་མ་དང་མངོན་པ། སྔགས་ཕྱོགས་ཀྱི་གཞུང་གང་དུ་ཡང་ཀླད་པའི་བྱེད་ནུས་སྐོར་ཞིབ་ཕྲའི་འགྲེལ་བཤད་མཛད་པ་གཅིག་ཀྱང་མེད་པ་འདི་རྣམ་པ་གཅིག་ཏུ་ན་དཔལ་ལེཎྜའི་པཎ་གྲུབ་ཚོས་ང་ཚོ་ཕྱི་རབས་པའི་ལས་སྐལ་དུ་བཞག་པའི་འགན་འཁྲི་ཞིག་ཏན་ཏན་ཡིན་སྲིད་སྟབས། དེང་རབས་ཀླད་ཁམས་དང་དབང་རྩ་རིག་པའི་ཤེས་ཡོན་ལ་གོ་རྟོགས་ལྡན་པའི་གཞོན་སྐྱེས་རིགས་པ་སྨྲ་བ་སྤྱི་དང་ལྷག་དོན་ཚན་རིག་གི་ཤེས་ཡོན་གང་ལེགས་ལྡན་པའི་དགེ་འདུན་པ་རྣམ་པས་ཕྱོགས་འདིར་ཐུགས་སྣང་ངེས་པར་གནང་དགོས་ཀྱི་གཞེན་སྐུལ་ཞིག་ཞོར་འཕྲོས་སུ་ཞུ་འདོད་བྱུང་།
རྣམ་ཤེས་ཡུལ་ལ་འཇུག་ལྡང་སྐབས་རམ་འདེགས་ཀྱི་བྱེད་ནུས་གཙོ་ཆེ་སྒྲུབ་པའི་ཆ་ནས་ཀླད་པ་དང་སེམས་ཀྱི་འབྲེལ་བ་ཐུན་མོང་མིན་པ་ཞིག་ཡིན་མོད། ཀླད་པ་ཚེ་སྔ་ཕྱིའི་རྒྱུན་སྦྲེལ་བའི་རྣམ་ཤེས་ཀྱི་རྟེན་དུ་མི་རུང་བ་ལོ་རྒྱུས་ཐོག་གི་དཔེ་མཚོན་འགའ་ཞིག་གིས་བདེན་དཔང་བྱས་ཡོད། དེ་ཡང་༸རྒྱལ་མཆོག་ཚངས་དབྱངས་རྒྱ་མཚོ་ལི་ཐང་གཡས་གཡོན་གྱི་མི་ཚང་ཞིག་ཏུ་ཕེབས་སྐབས་ཁྱིམ་ཚང་ཞིག་ནས་མགོ་མེད་པར་ལོ་གསུམ་ཙམ་ཕྱིན་པའི་མི་གསོན་པོ་ཞིག་གཟིགས་ཡོད་ཅིང་། མི་དེས་གྲོད་པ་ལྟོག་པའི་བརྡར་བྲང་ཁ་བརྡུང་བཞིན་ཡོད་སྐོར་གསུངས་ཡོད། འོན་ཀྱང་༸རྒྱལ་མཆོག་ཚངས་དབྱངས་པའི་གསང་རྣམ་ནང་མི་དེའི་གཤིས་སྤྱོད་རང་བཞིན་སོགས་ལ་འགྲེལ་བཤད་ཞིབ་ཕྲ་མ་མཛད་པར་སྣང་ཚུལ་དེ་ནི་ལས་ཚུལ་བསམ་མི་ཁྱབ་པའི་རྣམ་འགྱུར་གྱི་ཆ་ཤས་ཤིག་ཡིན་པ་ཙམ་གསུངས་ཡོད། མི་དེ་གསོན་པོར་འཚོ་ཞིང་གནས་པ་ཙམ་ལས་ཁོ་པ་མགོ་བོ་མ་ཆད་པའི་སྔོན་གྱི་གང་ཟག་དེའི་ཤེས་རྒྱུད་འཛིན་པའི་རྒྱུད་གཅིག་པའི་སྐྱེ་བོ་ཞིག་ཡིན་པའམ། ཡང་ན་རྒྱུད་ཐ་དད་པའི་གང་ཟག་གསར་པ་ཞིག་ཡིན་པའི་སྐོར་ནི་ཤེས་རྟོགས་ཤིན་ཏུ་དཀའ་བ་ཡིན། རྒྱུ་མཚན་ནི་ཁོ་པར་སྨྲ་བརྗོད་གི་སྒོ་མོ་གང་དུ་ལྡན་སའི་མགོ་བོ་མེད་སྟབས་ཁོང་གི་མྱོང་ཚོར་དང་དྲན་པ་སོགས་ཇི་ལྟར་འཇུག་བཞིན་ཡོད་མེད་ང་ཚོས་ཤེས་ཐབས་མེད་པ་རེད།
༸རྒྱལ་མཆོག་ཚངས་དབྱངས་པའི་སྐུ་ཚེའི་ལོ་རྒྱུས་སྐོར་ཤོད་སྟངས་འདྲ་མིན་ཡོད་ཀྱང་ཁོང་གི་གསང་རྣམ་དུ་གྲགས་པའི་ལོ་རྒྱུས་དེས་བསྟན་པའི་བྱུང་བ་འདི་ལྟ་བུ་ཡོང་སྲིད་པའི་ཡིད་ཆེས་བྱེད་ཆོག་པ་ཡིན། འཛམ་གླིང་ཐོག་ད་སྔ་ཕན་རང་རེས་དངོས་སུ་མཐོང་ཐོས་བྱུང་བའམ་ཡང་ན་ཚན་རིག་གིས་བདེན་དཔང་ཚད་ལྡན་བྱས་པའི་མགོ་བོ་མེད་པའི་མི་གསོན་པོའི་བྱུང་རབས་གསལ་པོ་མེད་ཀྱང་། མགོ་བོ་མེད་པར་ཟླ་ཤས་དང་ཉིན་ཤས་རིང་འཚོ་གནས་ཐུབ་པའི་བྱ་དེ་སོགས་སེམས་ཅན་གྱི་རིགས་འགའ་ཞིག་བྱུང་བ་དངོས་ཡོད་བདེན་དཔང་དང་བཅས་ཏེ་སྟོན་དུ་ཡོད་པ་རེད།
སྤྱི་ལོ་ ༡༩༤༧ ལོའི་སྤྱི་ལོའི་ལོ་གསར་གྱི་སྔ་ནུབ་དེར་ཨཱཤ་ཏ་བུ་ལའི་[Ashtabula]གྲོང་མི་ཇོན་[John]ཡིས་དགོང་ཟས་ཀྱི་ཆེད་སྐེ་བཏུབས་པའི་བྱ་དེ་ཞིག་མ་འཆི་གསོན་པོར་ཉིན་གྲངས་སུམ་ཅུ་སོ་བརྒྱད་འཚོ་ཐུབ་པ་བྱུང་ཞིང་། ཇོན་ཡིས་མགོ་བོ་ཆད་ཤུལ་གྱི་མགྲིན་པའི་བུ་ག་བརྒྱུད་ནས་ཁ་ཟས་སྟེར་བའི་བྱ་ཐབས་བརྒྱུད་བྱ་དེ་དེས་མགོ་བོ་མེད་ཀྱང་རྒྱུན་ལྡན་ལྟར་གོམས་པ་སྤོ་བ་སོགས་ཀྱི་སྤྱོད་ཚུལ་ཡོངས་རྫོགས་བསྟེན་ཐུབ་ཀྱི་ཡོད། འོན་ཀྱང་ཉིན་ཅིག་ཇོན་ཡིས་ལྟོ་སྟེར་བའི་སྐབས་ཤིག་མགོ་བོ་ཆད་ཤུལ་གྱི་རྨ་ཁ་ཞིག་ཏུ་ཕོག་ཐུག་ཤོར་སྟབས་ཐབས་ལམ་གང་དྲག་བསྟེན་པས་མ་ཕན་པར་མཐར་སྤྱི་ལོ་ ༡༩༤༧ ལོའི་སྤྱི་ཟླ་ ༢ ཚེས་ ༧ ཉིན་བྱ་དེ་དེ་འདས་གྲོངས་སུ་གྱུར་ཡོད།
ཡང་ཁ་ལ་ར་ཌོ་[Colorado]མངའ་སྡེའི་ཞིང་པ་ཨོལ་སེན་[Lloyd Olsen]ཟེར་བ་ཞིག་ལ་ངོ་མཚར་ཆེ་བའི་བྱ་དེ་མའེཀ་[Miracle Mike]ཟེར་བ་ཞིག་ཡོད་ཅིང་། བྱ་དེ་དེ་མགོ་མེད་པར་ཟླ་བ་བཅོ་བརྒྱད་རིང་འཚོ་གནས་བྱུང་བའི་དངོས་བྱུང་ལོ་རྒྱུས་ཀྱང་ཡོད། གོང་གསལ་ལོ་རྒྱུས་འདི་དག་གིས་ཀླད་པ་ཚེ་སྔ་ཕྱིའི་རྒྱུན་སྦྲེལ་བའི་རྣམ་ཤེས་ཀྱི་རྟེན་གཞི་མིན་པར་བསྟན་ཡོད། བྱུང་རབས་འདི་དག་ལ་དབང་རྩའི་ཚན་རིག་པས་འགྲེལ་བཤད་ངེས་པར་དུ་དགོས་པ་ཡིན།
འདིར་དྭོགས་གཞི་གཞན་ཞིག་བཀོད་ན། མགོ་བོ་མེད་པར་ལུས་ཕུང་རྐྱང་པ་འཚོ་གནས་ཐུབ་པའི་ལོ་རྒྱུས་འདི་དག་གིས་ཚེ་སྔ་ཕྱིའི་རྒྱུན་སྦྲེལ་བའི་རྣམ་ཤེས་མུ་མཐུད་ལུས་ལ་གནས་ཡོད་པར་སྒྲུབ་ཐུབ་བམ། གསོན་པོར་གནས་པའི་ལུས་ཕུང་དེར་རང་གི་ཚད་མཐོན་པོའི་མྱོང་ཚོར་གསལ་བརྗོད་བྱེད་པའི་བརྒྱུད་ལམ་མེད་སྟབས་འདི་ཡང་དཔྱད་གཞི་གལ་ཆེན་ཞིག་རེད། དེང་རབས་རྩི་ཤིང་རིག་པ་སྨྲ་བ་འགའ་ཞིག་གིས་རྩི་ཤིང་གི་རིགས་འགའ་ཞིག་ལ་དྲན་པ་ཡོད་པ་སོགས་ཚད་མཐོའི་སྤྱོད་ཚུལ་འཛིན་པའི་གནས་བབ་ཡོད་པའི་འགྲེལ་བཤད་བྱེད་བཞིན་ཡོད་སྟབས། མགོ་མེད་པའི་ལུས་ཕུང་གསོན་པོ་དེར་ཚེ་སྔ་ཕྱིའི་རྒྱུན་སྦྲེལ་བའི་རྣམ་ཤེས་མེད་ཀྱང་གསོན་པོར་གནས་པའི་ལུས་ཕུང་གི་ཚད་མཐོ་ཞིང་རྙོག་འཛིངས་ཆེ་བའི་དབང་པོ་དང་ཡན་ལག་སོགས་ཀྱི་གཟུགས་ཕུང་གི་སྒྲོམ་གཞིའི་བཀོད་པ་རྐྱང་པས་རྣམ་ཤེས་ལ་ལྟོས་མི་དགོས་པར་བཟའ་བཏུང་གི་སྤྱོད་ཚུལ་བསྟེན་པ་སོགས་ཡོང་སྲིད་པའི་གོ་སྐབས་མེད་ཅེས་སུ་ཞིག་གིས་སྨྲ་བར་ནུས། འདི་དག་ནི་ཤེས་པའི་རང་བཞིན་མྱོང་ཐོག་ནས་ར་མ་འཕྲོད་བར་དོགས་གཞི་ཁོ་ནའི་ངོ་བོར་ལྷག་ངེས་པའི་དངོས་པོའི་སྣང་ཚུལ་རྟོགས་དཀའ་བའི་རིགས་དག་ཡིན།
རྣམ་ཤེས་ཀྱི་རྟེན་གཞི་སྙིང་།
ནང་པའི་མདོ་སྔགས་གཉིས་ཀས་གཅིག་གྱུར་དུ་ངོས་འཛིན་བྱུང་བའི་གནད་དོན་ཅིག་ནི་ཚེ་སྔ་ཕྱིའི་རྒྱུན་སྦྲེལ་བའི་རྣམ་ཤེས་སམ་ཡང་ན་གཉུག་མའི་ཤེས་པའི་རྟེན་གཞི་གཙོ་བོ་སྙིང་ཁ་ཡིན་པ་འདི་ཡིན། དེ་ཡང་རྒྱུད་རྒྱལ་དཔལ་མཆོག་དང་། བཤད་རྒྱུད་རྡོར་ཕྲེང་། ལྷ་མོ་བཞིས་ཞུས། རྡོ་རྗེ་དཀྱིལ་འཁོར་རྒྱན་གྱི་རྒྱུད་སོགས་སུ་ཞལ་གསལ་པོས་ཡང་དང་ཡང་དུ་རྣམ་ཤེས་ཀྱི་རྟེན་གཞི་སྙིང་ཁར་གསུངས་ཡོད། འོ་ན་སྐབས་འདིའི་སྙིང་ཁའི་ངོས་འཛིན་གང་དུ་བྱེད་དགོས་པ་ཡིན་ནམ། ད་ལྟ་མིའི་བྲང་ཁོག་གི་ཅུང་ཟད་གཡོན་གྱི་ཆར་ཆགས་པའི་ཁྲག་ཀློད་གཏོང་གི་བྱ་བ་སྒྲུབ་པའི་སྙིང་རིལ་པོ་འདི་ཡིན་ནམ་ཡང་ན་གཞན་ཞིག་ཡིན་ནམ། སྙིང་རིལ་པོ་འདིར་ངོས་འཛིན་རྒྱུ་ཡིན་ན། དངོས་བྱུང་ལོ་རྒྱུས་དང་འབྲེལ་ནས་དཀའ་རྙོག་ཆེན་པོ་ཡོད་དེ།
སྤྱི་ལོ་ ༢༠༡༡ ལོའི་སྤྱི་ཟླ་ ༣ ནང་ཨ་རིའི་མངའ་སྡེ་ཊེག་སཱས་[Taxas]རུ་སྙིང་རིལ་བུ་ཕྱིར་འདོན་གྱིས་བཅོས་མའི་སྙིང་རྫུན་བསྒར་བའི་སྐྱེས་པ་ལི་ཝི་སི་[Craig Lewis]ཡིས་ཁྱོན་ཆུ་ཚོད་ཞེ་བརྒྱད་ཙམ་འགོར་བའི་བཤགས་བཅོས་ཀྱི་ལས་རིམ་ཟིན་པ་ལས་ལངས་པའི་རྗེས། སྐད་ཆ་བཤད་ཐུབ་ཅིང་རྒྱུན་ལྡན་གྱི་སྤྱོད་ཚུལ་བསྟེན་པའི་གོ་སྐབས་བྱུང་ཡོད། འཕར་སྒྲ་མེད་པའི་བཅོས་མའི་སྙིང་རྫུན་གྱིས་ལས་དོན་ཚད་ལྡན་སྒྲུབ་བཞིན་པའི་སྐབས་ཤིག སྟབས་མ་ལེགས་པར་མཆིན་པ་དང་ཁལ་མའི་བྱེད་ལས་ཉམས་པའི་གནས་སྟངས་ཤིག་གིས་བདུན་ཕྲག་ལྔའི་རྗེས་ཁོ་པ་འདས་གྲོངས་སུ་གྱུར་ཡོད། འཕྲུལ་ཆས་ཀྱི་སྙིང་རྫུན་མ་དེའི་ནང་དུ་རྣམ་ཤེས་གནས་པའི་འགྲེལ་པ་བྱེད་རྒྱུ་ཤིན་ཏུ་ཁག་པོ་མིན་ནམ།
ནང་པའི་གསང་སྔགས་ཀྱི་གཞུང་ལུགས་ནས་ངོས་འཛིན་བྱེད་སྟངས་གཞན་ཞིག་ཡོད་པ་ནི། སེམས་ཀྱི་རྟེན་གཞིའི་སྙིང་དེ་ད་ལྟ་མིག་གིས་མཐོང་དུ་ཡོད་པའི་སྙིང་རིལ་པོ་འདི་མིན་པར་མི་ལྟ་བུར་མཚོན་ན་བྲང་ཁའི་ནུ་མ་གཉིས་ཀྱི་བར་ཐད་སྒལ་པ་དང་ཉེ་བའི་གནས་ཀྱི་རྩ་དབུ་མར་རོ་རྐྱང་གི་མདུད་པ་སྟེང་འོག་གཉིས་ཡོད་པའི་དབུས་སུ་ཆགས་པའི་མི་ཤིགས་པའི་ཐིག་ལེ་དེ་ཡིན་ཞེས་འདོད་པ་ཡོད། འདི་ལྟ་ན་རྩ་དབུ་མ་རོ་རྐྱང་གི་བཤད་པ་མདོ་ཕྱོགས་ཀྱི་གཞུང་དུ་མི་འབྱུང་བས་ཐོགས་མེད་ཀྱི་ཀུན་བཏུས་ནས་བཤད་པའི་རྣམ་ཤེས་ཀྱི་རྟེན་གཞིའི་སྙིང་དེ་སྔགས་གཞུང་ནས་བཤད་པའི་སྙིང་ཁ་འདིར་ངོས་འཛིན་བྱེད་སྟངས་མེད་ཕྱིར། དེ་འདྲའི་སྙིང་ཁ་དེ་གང་དུ་ངོས་འཛིན་མིན་ལ་དཔྱད་བྱ་ཡོད། ཅི་སྟེ་མདོ་ཕྱོགས་ནས་གསུངས་པའི་སེམས་ཀྱི་རྟེན་གཞིའི་སྙིང་ཁ་ཟེར་བ་ད་ལྟའི་སྙིང་རིལ་པོ་འདིར་ངོས་འཛིན་བྱེད་རྒྱུ་ཡིན་ན། གོང་དུ་བཤད་པའི་སྙིང་རིལ་པོ་བརྗེ་སྤོར་གྱིས་བཅོས་མའི་སྙིང་ལ་བརྟེན་པའི་བྱུང་བ་དེར་འགྲེལ་བཤད་གསལ་པོ་ཞིག་བྱེད་དགོས་པ་ཡིན།
རྩ་དབུ་མར་ཆགས་པའི་སེམས་ཀྱི་རྟེན་གཞིའི་མི་ཤིགས་པའི་ཐིག་ལེའི་གནས་གཞི་གཙོ་བོ་སྙིང་ཁར་གསུངས་ཀྱང་གསང་འདུས་ཀྱི་ལུགས་ལ་སེམས་ཀྱི་རྟེན་གཞིའི་ཐིག་ལེ་དེ་ཉིད་སད་དུས་དང་གཉིད་དུས། རྨི་ལམ་གྱི་དུས། ཕོ་མོ་མཉམ་སྦྱོར་གྱི་དུས་སུ་རིམ་བཞིན་ལྟེ་བ་དང་སྙིང་ཁ། མགྲིན་པ། སྤྱི་བོ་བཅས་སུ་གནས་ནས་སེམས་འཛིན་པར་བཞེད་སྐོར་ལྷོ་བྲག་མར་པའི་དགོངས་པར་རྗེའི་དཔྱིད་ཐིག་གི་ཟིན་བྲིས་སུ་གསུངས་ཤིང་། དེ་ཉིད་རྗེ་རང་ལུགས་ལའང་འཐད་པ་ལྟར་དུ་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད་དུ་གསུངས། དུས་འཁོར་ནས་ཀྱང་དེ་དང་ཕྱོགས་མཐུན་གསུངས་པར་བཞེད། ཚུལ་འདི་ལྟ་ན་དྲུག་པ་ཡིད་ཤེས་སམ་གཉུག་མའི་སེམས་དེ་སྐབས་རེ་སྤྱི་བོའི་ནང་དུ་ཡང་ཡོད་པ་ལྟ་བུ་ཞིག་སྣང་མོད། དེའི་རྟེན་གཞི་ནི་མི་ཤིགས་པའི་ཐིག་ལེར་འདོད་པ་ལས་ཀླད་པར་གསུངས་པ་མེད།
རྟོག་ཚོགས་རགས་པའི་རིགས་ཀུན་ལ་ལྷན་ཅིག་སྐྱེས་པའི་སེམས་སམ་འོད་གསལ་གྱི་རིག་ཆ་ཏིལ་འབྲུ་སྣུམ་ཁྱབ་ཀྱི་ཚུལ་དུ་བཞེད་པའི་ལུགས་ལྟར་ན་རྟོག་ཚོགས་རགས་པ་གང་དུ་རྟེན་སར་གཉུག་མའི་ཤེས་པ་ཡང་ཡོད་དགོས་པས་གཉུག་མའི་ཤེས་པའི་རྟེན་གཞི་མི་ཤིགས་པའི་ཐིག་ལེ་ཁོ་ནར་འདོད་པ་ཡང་དཔྱད་བྱ་ཡིན་ལ། གཉུག་མའི་ཤེས་པ་མི་ཤིགས་པའི་ཐིག་ལེ་ཁོ་ནར་བརྟེན་པར་འདོད་པའི་ལུགས་ལྟར་ན་རྣམ་རྟོག་ཆོས་སྐུར་ཤར་ཟེར་བའི་ཆོས་སྐད་གྲགས་པོ་ཆེ་འདིར་འགྲེལ་བཤད་ཤིན་ཏུ་དཀའ་བར་སྙམ་པ་ནི་རང་གི་རྣམ་པར་རྟོག་པའོ། །
མཐའ་སྡོམ།
གོང་གསལ་ལྟ་ཚུལ་དེ་དག་བཤད་པའི་རྗེས་ནས་མི་མགོ་བརྗེ་སྤོར་གྱི་བཤགས་བཅོས་འདི་ལམ་ལྷོང་བྱུང་པ་ཡིན་ན། བཤགས་བཅོས་ལས་ལངས་པའི་མི་དེས་སྤྱོད་ཚུལ་ཇི་ལྟར་འཛིན་མིན་ཚོད་དཔག་གི་ཕྱོགས་བཞི་ཙམ་ཞིག་ཡོང་སྲིད་པ་གཤམ་གསལ།
དང་པོ།༽ བཤགས་བཅོས་ལས་ལངས་པའི་མི་དེས་སྔོན་གྱི་མགོ་བོ་གང་དུ་ཡོད་སའི་མི་དེའི་མྱོང་ཚོར་ཡོངས་རྫོགས་ཇི་བཞིན་དུ་དྲན་པ་བྱུང་ཚེ་མི་དེ་མགོ་བོ་གང་ལས་ལེན་སའི་མི་དེ་དང་རྒྱུད་གཅིག་དུ་འདོད་དགོས་པས། གང་ཟག་དེའི་རིགས་འདྲའི་རྒྱུན་ནམ། ཡང་ན་ངོ་རྟགས་གཅིག་པའི་རྒྱུན་འཛིན་པའི་ཁྱད་ཆོས་གཙོ་བོ་དེ་ཀླད་པའི་ནང་ཡོད་དགོས་པར་འགྱུར་ཞིང་། འདི་ལྟ་ན་སངས་རྒྱས་པའི་གཞུང་དང་འབྲེལ་ནས་བཤད་ན་ཚེ་སྔ་ཕྱིའི་རྒྱུན་སྦྲེལ་བའི་རྣམ་ཤེས་སམ་ཡང་ན་སྔགས་གཞུང་ནས་འབྱུང་བའི་གཉུག་མའི་ཤེས་པ་དེ་ཀླད་པའི་ནང་ཡོད་ཅེས་སྨྲ་དགོས།
གཉིས་པ།༽ བཤགས་བཅོས་ལས་ལངས་པའི་མི་དེས་སྔོན་གྱི་ལུས་ཕུང་གང་དུ་ཡོད་སའི་མི་དེའི་མྱོང་ཚོར་ཡོངས་རྫོགས་ཇི་བཞིན་དུ་དྲན་པ་བྱུང་ཚེ་མི་དེ་ལུས་ཕུང་གང་ལས་ལེན་སའི་གང་ཟག་དེའི་རྒྱུན་དུ་འདོད་དགོས་པས། གང་ཟག་དེའི་རིགས་འདྲའི་རྒྱུན་ནམ། ཡང་ན་ངོ་རྟགས་གཅིག་པའི་རྒྱུན་འཛིན་པའི་ཁྱད་ཆོས་གཙོ་བོ་དེ་ལུས་ཕུང་ནང་ཡོད་དགོས་པར་འགྱུར་ཞིང་། འདི་ལྟ་ན་དེང་རབས་ཀླད་ཁམས་སྨྲ་བའི་འདོད་ཚུལ་དང་འབྲེལ་ནས་བཤད་ན་མྱོང་ཚོར་དང་དྲན་པའི་རྟེན་གཞི་གཙོ་བོ་ཀླད་པ་ཡིན་ཟེར་བའི་ལྟ་ཚུལ་ལ་བསམ་གཞིགས་བསྐྱར་མ་བྱེད་པའི་གོ་སྐབས་ཕྱེ་ངེས།
གསུམ་པ།༽ བཤགས་བཅོས་ལས་ལངས་པའི་མི་དེས་སྔོན་གྱི་མགོ་བོ་གང་དུ་ཡོད་སའི་མི་དེ་དང་ལུས་ཕུང་གང་ནས་ལེན་སའི་མི་དེ་གཉིས་ཀའི་མྱོང་ཚོར་དྲན་པའི་གོ་སྐབས་བྱུང་ཚེ་ཀླད་ཁམས་ཚན་རིག་དང་ནང་པའི་ལྟ་གྲུབ་གཉིས་ཀར་དྲི་གཞི་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་ཡིན་ཞིང་། ལྷག་དོན་བྱམས་པའི་མྱོང་བ་ཉེར་སྦས་ཀྱིས་མི་དྲན་པ་དང་ཉེར་སྦས་ཀྱི་མྱོང་བ་བྱམས་པས་དྲན་མི་སྲིད་པའི་ལྟ་ཚུལ་ཤུགས་ཆེ་འདོན་པའི་ནང་པའི་ལྟ་སྟངས་ཀྱི་ངོས་ནས་བཤད་ན། ཅི་སྟེ་སྟེས་དབང་ལྟ་བུས་སྣང་ཚུལ་འདི་འདྲ་ཞིག་བྱུང་པ་ཡིན་ན་དེ་ནི་ཀླན་ཀ་ཆེ་བའི་འགྱུར་ལྡོག་ཅིག་གི་རྒྱུ་རྐྱེན་དུ་འགྱུར་སྲིད་པ་ཡིན། ཁོ་བོ་སྒེར་གྱི་དྭོགས་པ་སྐྱེ་སྟངས་ལས་སྣང་ཚུལ་འདི་འདྲ་ཞིག་ངེས་པར་ཡོང་སྲིད་པའི་གོ་སྐབས་ཡོད་པར་མཐོང་བཞིན་འདུག
བཞི་པ།༽ ཁེ་སམ་གྱིས་བཤད་པ་ལྟར་བཤགས་བཅོས་ལས་ལངས་པའི་མི་དེ་གཅིག་བྱས་ན་སྔོན་གྱི་མགོ་བོ་གང་ལས་ལེན་སའི་མི་དེ་དང་ལུས་ཕུང་གང་ལས་ལེན་སའི་མི་དེ་གཉིས་ཀའི་མྱོང་ཚོར་གཏན་བརྗེད་དུ་སོང་ཤིང་གཤིས་སྤྱོད་ཡོངས་རྫོགས་རྣམ་པ་ཀུན་ནས་ཐ་དད་དུ་སྟོན་པའི་མི་གསར་པ་ཞིག་ཏུ་འགྱུར་སྲིད་པ་ཡིན་ཅིང་། ད་དུང་འདིར་གོ་སྐབས་གཉིས་ཡོང་ཆོག་པ་ཡིན་ཏེ། མི་དེས་སྔོན་གྱི་མི་གཉིས་པོའི་མྱོང་ཚོར་ཡོངས་རྫོགས་མི་དྲན་ཞིང་གཤིས་སྤྱོད་ཐ་དད་དུ་སྟོན་པའི་སྟེང་། སྐད་ཡིག་སོགས་གང་ཡང་མི་ཤེས་ཤིང་སྤྱོད་ལམ་ཚུལ་བཞིན་བསྟེན་མི་ཐུབ་པའི་བྱིས་པ་ཆུང་ཆུང་ལྟ་བུ་ཞིག་གི་སྤྱོད་ཚུལ་སྟོན་པའི་སྐབས་སྲིད་པ་དང་། ཡང་། སྐད་ཡིག་སོགས་ཤེས་ཤིང་སྤྱོད་ལམ་སྟོན་ཐུབ་པའི་མི་གསར་པ་ཞིག་ཀྱང་ཡོང་ཆོག་པ་ཡིན། གལ་ཏེ་སྐད་ཡིག་སོགས་ཤེས་པའི་གནས་སྐབས་བྱུང་ཚེ་དེ་འདྲའི་སྐད་ཡིག་དེ་སྔར་གྱི་མི་གཉིས་པོས་སྤྱད་པའི་སྐད་ཡིག་ཡིན་པ་ཡོང་ཆོག་ཅིང་། ཡང་ན་ཁོང་གཉིས་དང་འབྲེལ་བ་མེད་པའི་སྐད་ཡིག་ཤེས་པའི་མི་ཞིག་ཏུ་ཡང་འགྱུར་སྲིད་པ་ཡིན། སྔར་གྱི་མི་གཉིས་ཀྱི་མྱོང་ཚོར་ཡོངས་རྫོགས་མི་དྲན་པར་སྐད་ཡིག་ཤེས་པའི་གནས་སྐབས་བྱུང་ཚེ་དེའི་རྒྱུ་རྐྱེན་ཅིར་གྱུར་སོགས་དཔྱད་གཞི་ཆེ་ཞིང་། སྣང་ཚུལ་འདི་འདྲ་ཞིག་བྱུང་པ་ཡིན་ན་ཀླད་ཁམས་ཚན་རིག་དང་ནང་པའི་ལྟ་གྲུབ་གཉིས་ཆར་ནས་ཞིབ་ཚགས་ཀྱི་ལན་འདེབས་དང་ལྟ་ཚུལ་འདོན་དགོས་པའི་གནས་སྐབས་འབྱུང་ངེས།
ཁ་ས་སྤྱི་ལོ་ ༢༠༡༥ ལོའི་སྤྱི་ཟླ་ ༧ ཚེས་ ༥ དགོང་མོ་རིགས་ལམ་སློབ་གཉེར་ཁང་དུ་མཁས་པ་ཚེ་རིང་ཤཱཀྱ་མཆོག་ཕེབས་ཏེ་གཏམ་བཤད་ཡིད་དབང་འཕྲོག་ནུས་ཤིག་གནང་བའི་སྐབས་ད་ལྟའི་ནང་ཆོས་སློབ་གཉེར་བ་རྣམ་པས་འཇིག་རྟེན་ཐོག་རང་བྱུང་དང་རང་བྱུང་མིན་པའི་འགྱུར་ལྡོག་གསར་པའི་རིགས་ཐོན་པའི་གནས་སྐབས་སུ་ནང་པའི་ལྟ་སྟངས་དང་འབྲེལ་ནས་འགྲེལ་བཤད་དང་བསམ་ཚུལ་ངེས་པར་འདོན་ཐུབ་པ་དགོས་པའི་བཀའ་སློབ་ནན་ཏན་ཕེབས་པ་དེས། དོན་དངོས་སུ་ལག་བསྟར་ཐུབ་མིན་ཇི་ལྟར་ཡང་མི་མགོ་བརྗེ་བའི་གསར་བརྗེའི་འགྱུར་ལྡོག་ཅིག་ཡོང་སྲིད་པའི་གླེང་གཞི་ཤུགས་ཆེ་ཁྱབ་པའི་སྐབས་འདིར། རང་ཅག་ནང་པའི་ངོས་ནས་ཀྱང་ལྟ་སྟངས་ཀྱི་རིགས་ཤིག་ངེས་པར་འདོན་དགོས་པ་གལ་ཆེར་བསམས་ཏེ་ཉིན་ཤས་གོང་རྩོམ་ཡིག་ཅིག་འབྲི་འགོ་བཙུགས་པའི་འཕྲོ་མཐུད་རྒྱུར་དམིགས་བསལ་སྐུལ་མ་ཐེབས་ཤིང་། ཁོ་བོ་སྒེར་གྱི་འཆར་སྣང་ལྟར་ན་ད་ལྟའི་ཚན་རིག་པའི་ཤེས་བྱའི་གཏིང་རིམ་བསྔོགས་པའི་རྔམས་སེམས་ཆེ་བའི་ཧུར་བརྩོན་དང་ཕྲ་ཞིབ་རྣམ་དཔྱོད་སོགས་ལ་དཔག་ན་མི་མགོ་བརྗེ་བའི་བཤགས་བཅོས་འདི་དུས་ཚོད་ཀྱི་གནད་དོན་ཙམ་ལས་ཉིན་གཅིག་ཏན་ཏན་དོན་འཁྱོལ་ཡོང་ཐུབ་རྒྱུར་ཡིད་ཆེས་བྱེད་ཀྱིན་ཡོད་པ་བཅས།
བོད་རྒྱལ་ལོ་ ༢༡༤༢ བོད་ཟླ་ ༥ ཚེས་ ༢༠། སྤྱི་ལོ་ ༢༠༡༥ སྤྱི་ཟླ་ ༧ ཚེས་ ༦ ཉིན་སྟེ། མངོན་མཐོ་ངེས་ལེགས་ཀྱི་དཔལ་ཡོན་མཆིས་སོ་ཅོག་གི་རྩ་བའི་རྟེན་གཞི་དགེ་ཚུལ་སློང་གི་བསླབ་པ་འབོག་ཆོག་ནས་བརྩམས་ཏེ་རྒྱུད་རྒྱལ་གསང་བ་འདུས་པའི་ཟུང་འཇུག་གི་ཟབ་གནས་བར་གྱི་ཐུབ་པའི་གསུང་གི་གསང་བ་ཟབ་མོའི་དེ་ཉིད་ཕྱིན་ཅི་མ་ལོག་པར་འདོམས་པའི་བདག་གི་མཁན་ཆེན་རྡོ་རྗེ་འཆང་༸གོང་ས་སྐྱབས་མགོན་ཆེན་པོའི་འཁྲུངས་ཚེས་ཀྱི་དུས་སྟོན་དགེ་བའི་ཉིན། འཇིགས་མེད་བློ་གྲོས་སུ་འབོད་པས་བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་ནས་བྲིས་པ་༸རྒྱལ་བ་དགྱེས་པའི་རྒྱུར་གྱུར་ཅིག །
ཤིན་ཏུ་ཞིབ་པར་བཀླགས་པ་ཡིན། །རིགས་པའི་སྐྱེས་འདིས་གློ་བ་དགའ། །
སེམས་ནི་དད་པར་བཅས་ཏེ་གནས། །འཇིགས་པ་མེད་པའི་བློ་གྲོས་དགེ །
སྐུ་ཞབས་འཇིགས་བློ་འཚམས་འདྲི་དང་མཉམ་དུ་ཐུགས་རྗེ་ཆེ་ཞུ། ཕྲན་གྱིས་ཁ་པར་ཐོག་བཀླགས་སྟབས་ཞིབ་ཀློག་ཞིག་མ་བྱུང་མོད།འོན་ཀྱང་ལས་ཞོར་ནས་བསམ་ཚུལ་བརྗེ་རེ་ཐུང་ངུ་ཞིག་བྱེད་འདོད་བྱུང་། གོང་གི་ཚན་རིག་པ་ཚོས་བཤད་པའི་ཀླད་པ་གཤེགས་བཅོས་སྐོར་འདི་ཁོང་ཚོས་ཀླད་པའི་དབང་རྩ་ཤེས་བར་ངོས་འཛིན་བྱས་ཏེ། རྟོག་པ་མཐའ་བཟུང་གི་བསམ་ཚུལ་ཞིག་རེད་འདོད་སྙམ། ཁོང་ཚོས་དཔེ་མཚོན་ཡང་དེ་ལྟར་མི་མགོ་བརྗེ་ཚེ་མི་དེ་སུ་ཡིན་རྩད་ཞིབ་དང་འབྲེལ་རྩོད་གླེང་དང་དོགས་པ་སློང་འདུག ཡིན་ཡང་ཕྲན་གྱིས་འདིར་ཁོང་ཚོའི་འདོད་པ་བཞིན་དབང་རྩ་ཤེས་བར་ངོས་འཛིན་བྱས་ཚེ། དོགས་སློང་ཕྲན་བུ་ཞིག་བྱས་ཆོག གལ་སྲིད་དབང་རྩ་ཤེས་པ་ཡིན་ན། མིག་ཤེས་ལ་སྔོན་པོ་སྣང་ཚེ་སྔོན་པོ་འཛིན་པའི་དབང་རྩ་དེ་ཡང་སྔོན་པོ་ཡིན་དགོས། གལ་སྲིད་དེ་ལྟར་ཡིན་ཚེ།དེང་འཕྲུལ་ཆས་ཀྱི་ལམ་ནས་ཀླད་པའི་དབང་རྩ་བལྟ་ཐུབ་པའི་སྐབས་འདིར་སྔོན་འཛིན་མིག་ཤེས་ཀྱི་དབང་རྩ་སྔོན་པོ་མ་སྣང་བའི་རྒྱུ་མཚན་ཅི་ཡིན་ནམ། ད་ཐེངས་འདིར་མ་གཏོགས་འབྲི་ཁོམ་མ་བྱུང་བས་དགོངས་འགལ་མེད་པར་ཞུ།མུ་མཐུད་དུས་ཚོད་བྱུང་ན་བསམ་ཚུལ་རེ་འབུལ་འདོད་བྱུང་།ཡང་བསྐྱར་སྐུ་ཉིད་ལ་ཐུགས་རྗེ་ཆེ་ཞུ།སླར་ཡང་གང་མྱུར་མཇལ་ཡོང་།
བསམ་ཚུལ་ཡག་པོ་དང་། དྭོགས་སློང་དོན་དང་ལྡན་པ་ཞིག་འདུག། རྣམ་ཤེས་ཀྱི་རྟེན་མི་བཤིག་པའི་ཐི་ལེ་ཡང་། ཐེག་ལེ་མི་ཤིག་པ་དང། རླུང་སེམས་མི་ཤིག་པ་གཉིས་ཡོད་པས་། འདིས་ཐོག་ནས་འབྲེལ་བ་རག་པ་ཞིག་བརྒྱབ་ཐུབ་པའི་ས་བོན་ཡོད།
རིགས་སློབ་འཇིགས་མེད་འདི་ངོ་མ་མི་ཡོན་ཏན་ཅན་ཞིག་རེད། ཁོང་གི་རྩོམ་རེ་བཀླགས་རྗེས་གཟའ་འཁོར་གཅིག་ལ་སློབ་སྦྱོང་མ་བྱས་པར་ཉལ་བསྡད་ན་ཡང་གྱོང་ཅི་ཡང་རག་གི་མི་འདུག ཁོང་གིས་འཕྲོད་བསྟེན་ལ་བདག་པོ་ཡག་པོ་སྐྱོན་རོགས། ལྷག་པར་དུ་མཆིན་ནད་སོགས་ལ་གཟབ་རོགས།
ངས་བལྟས་ན་མགོ་བོ་བརྗེ་སྤོར་འདི་ནམ་ཡང་བྱེད་ཐུབ་རྒྱུ་མ་རེད་སྙམ། གང་ཡིན་ཞེ་ན་མགྲིན་པར་བརྒྱུད་ནས་མགོ་བོ་དང་ལུས་ཕུང་གཉིས་ཀྱི་བར་ན་རྩ་ཆེན་དང་རྩ་ཕྲན་གྲངས་མེད་ཡོད་པས། དེ་དག་ལེགས་པོ་ཞིག་མཐུད་རྒྱུ་ཧ་ཅང་དཀའ་བར་སྣང་ངོ་། གལ་ཏེ་བརྗེ་བོ་རྒྱག་རྒྱུ་ལེགས་གྲུབ་བྱུང་སྲིད་ནའང་མི་དེ་སྔོན་ཆད་ནང་བཞིན་ལུས་སེམས་བདེ་མོ་ཞིག་འོང་དཀའ་བར་སྙམ། རྣམ་ཤེས་སྙིང་དང་འབྲེལ་ནས་ཡོད་ཀྱང་བྱེད་ལས་ཐམས་ཅད་ཀླད་པའི་ནང་དུ་ཡོད་སྟབས་མགོ་བོ་བརྗེ་བའི་མི་དེས་མགོ་བོ་སུ་ཡིན་གྱི་མི་དེའི་བྱེད་ལས་དང་འདྲ་བར་འོང་སྲིད་པར་མ་ཟད་མི་དེའི་བྱ་བ་བྱས་ཚད་ཀླད་པའི་ནང་དུ་ཉར་ཡོད་པ་རེད་འདོད། གལ་ཏེ་དེ་ལྟར་འོང་སྲིད་ནའང་རྣམ་ཤེས་ཀླད་པའི་ནང་དུ་ཡོད་སྙམ་ན་མི་འཐད་དོ། སོ་སྐྱེ་རྣམས་ལ་བརྟེན་དང་སེམས་གཉིས་ཀྱི་བརྟེན་ལ་དབང་ཆེ་བར་མངོན་ནོ། སར་གནས་ཀྱི་བྱང་ཆུབ་སེམས་དཔའ་ཚོའི་བརྟེན་དང་སེམས་གཉིས་ཀྱི་སེམས་ལ་དབང་ཆེ་བར་མངོན་ནོ། །
རིགས་སློབ་འཇིགས་མེད་བློ་གྲོས་ཀྱི་གསུངས་པ་ལེགས། འདི་འདྲ་མང་པོ་བྱུང་ན་སྔོན་གྱི་རྣམ་ཐར་ལོ་རྒྱུས། གསང་བ་སྔགས་ཀྱི་རྒྱུད་སྡེ་སོགས་སུ་གསུངས་པ་མང་པོ་ཞིག་ལ་ངེས་ཤེས་རྙེད་པར་འགྱུར་རོ། །སེམས་ཐིག་ལེའམ་དཔྱིད་དུ་འདོད་པ་གསར་རྙིང་དགོངས་པ་གཅིག འོན་ཀྱང་ཐིག་ལེ་ལ་དབྱེ་བསྡུ་མང་ཡང་། གཙོ་ཆེ་བར་བླ་མེད་ཀྱི་རྒྱུད་སྡེ་མང་པོར།
༡༽རྩ་བ་སྤྲོས་བྲལ་གྱི་ཐིག་ལེ། རྒྱུད་ལས་ཕྲ་རབ་རྡུལ་གྱི་ཆོས་ལས་འདས་པ། ཆ་མེད་ཀུན་འགྲོ་ཁྱབ་པ་པོ། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཞེས་གྲགས་པའོ། །
༢༽འཁྲུལ་བ་མ་རིག་པའི་ཐིག་ལེ། རྣམ་པར་རྟོག་པའི་བག་ཆགས་འབྲེལ། །སེམས་ལས་འབྱུང་བ་སྣ་ཚོགས་པ། །མི་ལ་ཕྱི་རོལ་སྣང་བ་ནི། །འཇིག་རྟེན་པ་ཡི་སེམས་ཙམ་མོ། །ཞེས་པ་དེ་རྫོགས་ཆེན་ལྟར་ན་རྩ་རླུང་གཡོ་བའི་བྱེད་ལས་ལ་བརྟེན་ནས་དཔྱོད་བྱེད་ཀྱི་སེམས་བྱུང་བ་སྟེ། རེ་ཞིག་གཟུགས་ཙན་གྱི་མི་ལ་མཚོན་ན། གློ་བ་དང་། སྙིང་། དབུ་མ། མིག་ལ་སོགས་ཕར་རྟེན་ཚུར་བརྟེན་ཞིག་གོ །འདི་ལ་དཔལ་མང་པཎ་ཆེན་སོགས་ཀྱིས། རྙིང་མ་པས་སེམས་ཅན་གློ་བའི་ནང་ན་གནས། སངས་རྒྱས་སྙིང་གི་ནང་ན་གནས་པར་འདོད་ཟེར་ནས་ཀྱལ་ཀ་བྱེད་དོ།།
༣༽ཁམས་ལྔ་འདུས་པ་རྫས་ཀྱི་ཐིག་ལེ་ནི། དེ་ལས་གཞན་ཡང་ཁམས་ལྔ་ནི། །འདིར་ནི་ལུས་ཀྱི་སྙིང་དབུས་སུ། །རྩ་ལྔ་པོར་ནི་ཡང་དག་གནས། །ཞེས་པ་བག་ཆགས་ཀྱི་རང་གཟུགས་དྲི་བཅས་ཀྱི་སེམས་དང་། ཉོན་མོངས་པའི་རྩ་རླུང་གི་བརྟེན་པའོ། དེའང་ཆགས་པལྟེ་བ་ཡིན་པས་སྤྲུལ་བའི་འཁོར་ལོ། འཆར་བ་སྙིང་ཁ་ཡིན་པས་དྲན་པ་རྣམ་བཀོད། ཚོར་བ་ཀླད་པ་ཡིན་པས་བདེ་ཆེན་འཁོར་ལོ་ཞེས་འབོད་དོ། །ལོ་དང་ཟླ་བ་ཞག་དང་དུས་ཚོད་ཀྱི་ཐིག་ལེ་འཔོ་འགྱུར་གྱིས་དབང་གིས་སྲོག་གི་གནད་དམ་བླ་གནས་ཡོད་པའི་གནས་ཡང་མི་འདྲ་བའོ། །
དེས་ན་དབང་རྩ་སོགས་རགས་པའི་རྩ་ཁམས་ལྔ་འདུས་པའི་ཐིག་ལེའི་ཆ་ཤས་ཞིག་ཡིན། དེ་ཤེས་པའི་རྟེན་ཡིན་པས་ཤེས་པ་དངོས་མིན། ཤེས་པ་ནི་འཁྲུལ་བ་མ་རིག་པའི་ཐིག་ལེ་ཡིན། དེའི་ངོ་བོ་སྟོང་པ་སྤྲོས་བྲལ་གྱི་ཐིག་ལེ་ཡིན་ནམ་སྙམ། གོང་གི་ལུང་རྣམས་བློ་བྲིས་ཡིན་པས་དཔྱད་གཞི་ཙམ་མོ། །
གྲོགས་མཁན་པོ་ཚེ་བཀྲ་དང་ཀླུ་སྨྱོན་མཆོག་གི་དགོངས་ཚུལ་དེ་ཕལ་ཆེར། སྣང་བ་དཔེ་རུ་ཤར་བ་ཡི། །རྣལ་འབྱོར་དེ་ལ་གདམས་ངག་མང་། །ནགས་ཀླུང་སྟུག་པོའི་དོ་ཪ་ན། །ཤིང་ལོའི་ཕུང་པོ་ཟད་པ་མེད། །གསུངས་པ་དེ་རང་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད།
རྩམ་པ་ཡག་ཐག་ཆོད་ཅིག་གཏོར་བར་ཐུགས་རྗེ་ཆེ།
ནམ་མཁའ་དང་ཤར་པ་རྟ་བདུན་དབང་པོ་སོགས་ཀྱིས་བསམ་ཚུལ་མུ་མཐུད་གསུངས་རོགས།
མཁས་པ་དྲི་མེད་ལྷག་བསམ་ལགས་ཀྱིས་ལུང་དེ་དག་གི་ཁུངས་གསལ་པོ་ཞིག་གསུང་ཐུབ་ན་རང་གཞན་གཉིས་ཕན་ཡོང་བ་འདུག་པས་ཁུངས་གསལ་པོ་གསུངས་རོགས།
རིགས་སློབ་འཇིགས་མེད་བློ་གྲོས་ལེགས་ལ་ཞུ་བ། ཐག་མ་ཆོད་པའིབློ་བྲིས་རྣམས་གུག་རྟགས་སུ་བཀོད་ཡོད། ཐིག་ལེ་གསུམ་དབྱེ་ཚུལ། བཀའ་རྙིང་ཀུན་ལ་གྲགས། འདི་དག་རྩ་རླུང་གི་ཡི་གེ་དག་ན་ཡོད་ངེས། སྔ་འགྱུར་ལ་སངས་རྒྱས་གླིང་པའི་རྩ་རླུང་རྡོ་རྗེའི་དྲ་མིག་གི་སྐོར་རྒྱས་པར་བཞུགས། བྱང་གཏེར་རང་ཤར། རིག་འཛིན་རྩ་རླུང་སོགས་རྒྱས་ཙམ་ཡོད། ༡༽རྩ་བ་སྤྲོས་བྲལ་གྱི་ཐིག་ལེ།མུ་ཏིག་པྲེང་བ་ལས། དོན་དམ་ཆོས་སྐུའི་རང་བཞིན་ཅན། །སྟོང་གསལ་ཐིག་ལེ་ཉག་གཅིག་ནི། །དབུས་སུ་གནས་ཤིང་རང་བཞིན་གསལ། །སྤྲོ་བསྡུ་སྨྲ་བསམ་ཡིད་ལས་འདས། །འཕྲལ་ཀྱིས་རྣམ་པར་རྟོག་པ་བྲལ། །ཡོད་མེད་མཐའ་གཉིས་རྣམ་པར་གསལ། །རྟག་པ་མུ་ལ་གནས་པ་མེད། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །བརྗོད་པ་མེད་ཅིང་ངང་གིས་སྟོང་། །དོན་དམ་དངོས་པོའི་ཐིག་ལེའོ། །ཞེས་སོ། ། ༼དུས་འཁོར། མཚན་བརྗོད། མ་ཧཱའི་སྒོམ་ཁོག་སོགས་ལས་བྱུང་སྙམ།ཕྲ་རབ་རྡུལ་གྱི་ཆོས་ལས་འདས་པ། ཆ་མེད་ཀུན་འགྲོ་ཁྱབ་པ་པོ། མཁའ་ཁྱབ་མཁའ་ཡི་རྡོ་རྗེ། ༽
༢༽འཁྲུལ་བ་མ་རིག་པའི་ཐིག་ལེ། མུ་ཏིག་ཕྲེང་བ་ལས། གཡོན་ན་རང་བཞིན་ཐིག་ལེ་གནས། །བདེ་བ་ཟུང་འཇུག་གཉིས་ཁྱབ་སྟེ། །རབ་ཏུ་གནས་པ་མ་ཡིན་པ། །ཁ་སྦྱོར་ཉིད་ཀྱིས་བདེ་བ་ཐོབ། །ཞེས་དང་། བླ་མ་གསང་འདུས་ལས། །མ་རིག་རྟོག་པའི་འདུ་བྱེད་ཀྱིས། །ནན་གྱིས་མཁའ་ལ་མདུད་པ་བོར། །རྩལ་ལ་རང་དབང་མ་ཐོབ་པར། །འགྱུ་དྲན་འཛིན་དང་ཆགས་སྡང་གིས། །ཁམས་གསུམ་འཁོར་ཞིང་རང་རྒྱུད་བསྲེག །༼ལུང་གང་ལས་ཡིན་མ་དྲན། རྣམ་པར་རྟོག་པའི་བག་ཆགས་འབྲེལ། །སེམས་ལས་འབྱུང་བ་སྣ་ཚོགས་པ། །མི་ལ་ཕྱི་རོལ་སྣང་བ་ནི། །འཇིག་རྟེན་པ་ཡི་སེམས་ཙམ་མོ། །༽
༣༽ཁམས་ལྔ་འདུས་པ་རྫས་ཀྱི་ཐིག་ལེ་ནི། དྲི་མ་མེད་པ་སྙིང་པོའི་རྒྱུད་ལས། །སྙིང་ཞེས་རྣམ་ཤེས་སྲོག་གི་རྟེན། །ཤ་ཡི་དྭངས་མ་དབུ་མའི་རྩ། །དྲོད་ཀྱི་དྭངས་མ་ཨ་ཐུང་མེ། །ཐིག་ལེའི་དྭངས་མ་བདེ་ཆེན་ཧྃ། །དབུགས་ཀྱི་དྭངས་མ་སྲོག་གི་རླུང་། །ཡིད་ཀྱི་དྭངས་མ་ཀུན་གཞི་སེམས། །དྭངས་མ་ལྔ་འདུས་ར་བ་ན། །ཐོག་མའི་སངས་རྒྱས་སྤྱི་མེས་བཞུགས། །༼སྡོམ་འབྱུང་གི་ཚིག་ཡིན་ནམ་སྙམ།དེ་ལས་གཞན་ཡང་ཁམས་ལྔ་ནི། །འདིར་ནི་ལུས་ཀྱི་སྙིང་དབུས་སུ། །རྩ་ལྔ་པོར་ནི་ཡང་དག་གནས། །༽དུས་ཚོད་མང་པོ་མེད་པས་རེ་ཞིག་དེ་ཙམ་མོ། ཐུགས་ཕན་འོངས་བར་སྨོན། །
ཐིག་ལེ་དང་འབྲེལ་བའི་དབྱེ་བསྡུ་དང་ཐུན་མིན་གྱི་འཆད་སྟངས་འདི་དག་ཐེག་མཆོག་མཛོད་དང་ཚིག་དོན་མཛོད་དུ་ཤིན་ཏུ་རྒྱས་པར་བཞུགས་སྙམ།
འཇིགས་མེད་ལགས་ཀྱིས་དེང་གི་ཚན་རིག་དང་ནང་པས་གཟིགས་སྟངས་གཉིས་ཞིབ་བསྡུར་གྱིས་དཔྱད་རྩོམ་མཐེ་བོང་མི་བསྒྲེང་དབང་མེད་ཅིག་བྲིས་འདུག་པས། སྐུ་ཉིད་ཀྱི་རྣམ་དཔྱོད་ལ་ཡི་རང་ཞུ། ཡོན་ཏན་པའི་དཔྱད་རྩོམ་ཟེར་བ་འདི་འདྲ་ཡིན་ལ། དེང་གི་དཔྱད་རྩོམ་པར་རློམ་པ་དག་གིས་འཇིགས་མེད་ལགས་ཀྱི་དཔྱད་རྩོམ་འདི་མི་གོ་ན། གཤོག་པ་ཡ་བྲལ་ཡིན་པས་ནང་ཆོས་དང་ཚན་ལ་བསླབ་པར་བྱའོ། །
འཇིགས་མེད་བློ་གྲོས་བཅུད་ཀྱི་རིགས་ལམ་ནས།
རང་གཞན་རིག་གསར་འཕྲོ་བའི་འབད་པ་ཡིས།
ཚན་རིག་པ་དང་རང་ལུགས་ཀྱི་འདོད་ཚུལ།
ཀུན་ལ་གཟིགས་རྟོག་བྲིས་པ་སྤྲོ་བས་གསིལ།།
་
ཨ་མེ་རི་ཀ་ཞེས་པའི་ཡུལ་དེར་ཤར་ནུབ་གང་རུང་ལ་ཁ་བལྟས་ནས་འགྲོ་ན་སླེབས་ཐུབ་པ་ཇི་ལྟར་ཡིན་པ་བློ་ལ་རྒྱུན་རིང་ལུས། དེ་ནས་གློག་ཀླད་འཕྲུལ་ཆས་སུ་བྱ་བ་འདི་དང་འདི་སྣ་ཚོགས་པ་བྱེད་ཐུབ་པ་ཐོས་པས་ངོ་མཚར་སྐྱེས། མ་འོངས་པ་ན་ཇི་ལྟར་འབྱུང་སྙམ་པ་སེམས་ལ་ཡང་ཡང་འཁོར། ཐ་སྙད་རིག་པ་མཐའ་མེདཔ་ཞིག་ཏུ་མཆིས་། དེ་ཐམས་ཅད་རྟེན་ཅིང་འབྲེལ་པ་ལས་འབྱུང་། དེས་ན། སློབ་དཔོན་ཀླུ་སྒྲུབ་ཀྱིས།
གང་ལ་སྟོང་པ་ཉིད་རུང་བ།
དེ་ལ་ཐམས་ཆད་རུང་བར་འགྱུར།
གང་ལ་སྟོང་ཉིད་མི་རུང་བ།
དེ་ལ་ཅི་ཡང་རུང་མི་འགྱུར།། ཞེས་སོ།
་
བོད་སྐད་དུ། རིག་གཞུང་ཀུན་ལ་ཕན་པ་རྒྱ་མཚོ་ལྟ་བུ་འདི་བོད་སྐད་མེད་པར་སོང་ན། འདི་དག་སུ་གང་གིས་ཀྱང་གོ་མི་ཐུབ་ཅེས་མདོ་སྨད་པ་མ་འོངས་རྒྱང་གཟིགས་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ཚད་མར་བྱ་དགོས་སྙམ། འཇིགས་མེད་བློ་གྲོས་ལེགས་ཀྱི་རྩོམ་ཡིག་ན། བོད་ཀྱི་མིང་ཚིག་དག་ཆ་ཉམས་པ་ཡོད་པ་མང་དུ་མཐོང་། དེ་དག་ལ་རང་རེས་གཟབ་དགོས།
་
མིང་ཚིག་འགའ་ལ་རྟོག་དཔྱོད་ཞུ་ན།
་
རྒྱུངས་པ། ཞེས་པའི་དོན་དག་ཅི་ཡིན་ནམ།
་
དྭོགས། ཞེས་པ་དཔེ་གཞན་ན་ཡང་ཡོད། འོན་ཀྱི་སྐད་ལ་མངའ་བརྙེས་པ་བསྟན་དར་ལྷ་རམས་པས། གུག་གྱེད་ཅན་ལ་ཝ་ཟུར་མེད་གསུངས་། ཕལ་ཆེར་བདེན་པར་སྣང་།
་
དཔལ་ལེཎྜའི། དཔལ་ནཱ་ལནྡཱ། ཞེས་དགོས། ཚིག་དོན་བོད་སྐད་དུ་བསྒྱུར་པ་། འདམ་བུ་སྦྱིན། ཞེས་ཚད་ལྡན་དུ་མཐོང་ངོ་།
འོན་ཀྱི་སྐད། ཅེས་པ་དེ། འོན་ཀྱང་བོད་སྐད། ཅེས་ཞུས་དག་བྱས་སོ།
དེ་དེ་བཞིན་ནོ། །ཐེག་མཆོག་མཛོད་སོགས་ཀློང་ཆེན་པའི་གསུང་དུ་རྩ་རླུངསྐོར་དུ་མ་བཞུགས། ལུས་གྲུབ་ཚུལ་ཡང་མི་འདྲ་ཁག་ཁ་ཤས་བཞུགས། དེ་བཞིན་ཆོས་དྲུག་གི་ཁྲིད་ཡིག་རྒྱས་པ་ཁག་ན་རྩ་རླུང་ཐིག་ལེའི་རྣམ་བཞག་རྒྱས་པར་བཞུགས་པ་ནི་ཟུར་འཕྲོས་སོ། །
དེང་སང་མི་མགོ་བརྗེ་སྤོར་བྱེད་ཐུབ་གི་ཡོད་པ་དེ་བརྒྱ་ཆ་བརྒྱ་བདེན་པ་རེད། ནང་པའི་མཁས་གྲུབ་ཚོས་མྱི་མགོ་བརྗེ་སྤོར་བྱས་ཚུལ་གོ་མ་མྱོང་མོད་དེང་སང་ནང་ཆོས་ཀྱང་ཚན་རིག་དང་ཟུང་དུ་འབྲེལ་དགོས་ཟེར་ནས་སྐད་ཅོར་རྒྱག་ལུགས་ལ་བལྟས་ན་ཕལ་ཆེར་དེང་སང་གི་ནང་བསྟན་པ་ཁ་ཤས་ཀྱིས་ཁོ་རང་ཚོའི་མགོ་དེ་བརྗེ་སྤོར་བྱས་ཟིན་པ་འདྲ།
“རྙིང་མའི་བཀའ་བརྒྱད་ཀྱི་གཞུང་ནས་ཀླད་པ་སེམས་ཀྱི་བཅུད་དུ་གསུངས་པ་སོགས་ཀླད་པ་དང་སེམས་ཀྱི་འབྲེལ་བའི་སྐོར་རགསབཤད་མཛད་པའི་གཞུང་ཚིག་ཁ་གསལ་ཡོད།” ཞེས་གསུངས་འདུག གཞུང་གང་ཡིན་གསལ་ཁ་བཏོད་པར་ཞུ།
ཨ་རོགས་སྤོབས་པ་ལགས། ཁྱོད་ཀྱིས་སྐབས་རེར་དོན་དག་གསལ་པོ་མ་ཤེས་ཤིང་ཚིག་ཁ་ཐག་ཆོད་པོ་བྱས་ནས་བཤད་ཀྱི་འདུག མིའི་མགོ་བོ་བརྗེ་བོ་རྒྱག་ཐུབ་པ་བརྒྱ་ཆ་བརྒྱ་བདེན་པ་རེད་ཟེར་ནས་ཚིག་ཐག་ཆོད་པོ་འདྲ་བཤད་སོང་། ང་ནི་རང་དབང་མེད་པར་གད་མོ་ཞིག་དང་བཅས་མཆན་འདི་འབྲི་འགོ་བརྩམས་པ་ཡིན། དེས་ན་འཛམ་གླིང་འདིར་མི་སུ་ཞིག་གི་མགོ་བོ་བརྗེ་བོ་རྒྱབ་ཚར་བ་རེད། གཅིག་ཤོད་དང་། ཁྱོད་ལ་མི་དེའི་མིང་དང་ས་ཆ་རྣམས་ནམ་མཁའི་མེ་ཏོག་གི་ཟླ་བོ་ལས་གཞན་མེད་པ་གསལ་པོ་རེད། གང་རེད་ཅེ་ན་ད་ལྟའི་ཡན་ལ་མི་སུ་ཞིག་གི་མགོ་བོ་བརྗེ་བོ་རྒྱབ་ཡོད་པ་མ་རེད། ཡིན་ཡང་མ་འོང་འབྱུང་འགྱུར་ལོ་གཉིས་ཀྱི་རིང་ལ་མགོ་བོ་བརྗེ་བོ་རྒྱག་ཐུབ་རྒྱུ་རེ་བ་ཡོད་པ་ཙམ་མོ། རག་ཤི་ཡའི་མི་རང་ལོ་སུམ་ཙུ་ཅན་ཞིག་གིས་དང་བླང་གི་མགོ་བོ་བརྗེ་བོ་རྒྱག་རྒྱུ་ཁས་ལེན་བྱས་པ་ཙམ་མོ། གལ་ཏེ་ལེགས་གྲུབ་བྱུང་ན་ཁོང་ནི་འཛམ་གླིང་གི་མགོ་བོ་བརྗེ་བོ་རྒྱབ་པའི་མི་ཐོག་མ་དེ་རེད། ད་ཤེས་སོང་ངམ། །
དཔྱོད་ལྡན་སྤོབས་པ་མཐའ་ཡས་སོགས་ཕེབས་པ་ལེགས། རྩེད་མོ་ཞིག་ཞུ་ན། མགོ་བོ་བརྗེས་པའི་ལོ་རྒྱུས་ཚོགས་བདག་གླང་སྣའི་ལོ་རྒྱུས་ས་སྐྱའི་དམར་པོ་སྐོར་གསུམ་གྱི་བཤད་པ་ལ་གཟིགས། ཀླད་པ་བརྗེས་པའི་ལོ་རྒྱུས་རང་རེའི་འདུལ་བའི་གླེང་འབུམ་ཆེན་མོའི་སྨན་པའི་རྒྱལ་པོ་འཚོ་བྱེད་གཞོན་ནུའི་ལོ་རྒྱུས་སུ། གནས་རྡོ་འཇོག་ཏུ་སྨན་པའི་རྒྱལ་པོ་རྒྱུན་ཤེས་ཀྱི་བུ་ལས་ཀླད་པའི་ཐོད་པ་འབྱེད་པའི་དཔྱད་བསླབས་པའི་ཚུལ་ལ་དགོངས་མཛོད། མགོ་བོ་མེད་ཀྱང་འཚོ་ཚུལ་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་ཡོངས་གྲགས་མར་དཔྱད་མཛོད། བཀའ་བརྒྱད་ཀྱི་གཞུང་དུ་བྱང་ཆུབ་སེམས་ཀྱི་བཅུད་ཀླད་པ་ཞེས་གསུངས་ཡོད་སྙམ། སྐབས་རེར་བྱང་ཆུབ་སེམས་ཀྱི་བཅུད་སྤྱི་བོར་ཧྃ་གི་རྣམ་པར་གནས་བྱས་པའང་ཡོད། བྱང་ཆུབ་སེམས་ལ་ཕྱི་ནང་གསང་གསུམ་དབྱེ་སྟེ། ༡༽བདུད་རྩི་བྱང་ཆུབ་སེམས། ཟུངས་བདུན་གྱི་དྭངས་མ།ཕོ་མོའི་ཁམས་དཀར་དམར་གྱི་གྲུབ་ཆ་གཙོ་བོའམ་བཅུད་དོ། །༢༽གཞན་ཕན་བྱང་ཆུབ་སེམས། སེམས་ཀྱི་འདུ་ཤེས་དང་བདེ་སྡུག་འབྱུང་བའི་གནས་གཙོ་བོ་སྤྱི་བོ་བདེ་ཆེན་གྱི་འཁོར་ལས་བྱུང་བའི་ཚོར་བ། དོན་གཉིས་ལྡན་པའི་བྱང་ཆུབ་སེམས་སོ། །མདོ་ལས་བྱུང་བའི་ཀུན་རྫོབ་དང་དོན་དམ་བྱང་ཆུབ་སེམས། བསྐྱེད་རིམ་སྐབས་སུ་ཟླ་བ་རྡོ་རྗེའི་རང་བཞིན། རྫོགས་རིམ་སྐབས་སུ་བདེ་ཆེན་ཧྃ་གི་རྣམ་པ། རྫོགས་ཆེན་སྐབས་སུ་ཐིག་ལེ་ལུ་གུ་རྒྱུད་ཅེས་བྱ་བ་སོགས་སྒྲ་དོན་འཕགས་པའི་གཏན་ཚིག་གོ། །༣༽ཀུན་གཞི་བྱང་ཆུབ་སེམས། གཟུང་འཛིན་གཉིས་སྟོང་། ཡུལ་དང་ཡུལ་ཅན་གཉིས་སུ་མེད་པ།རྣམ་པ་ཀུན་ལྡན། རང་བྱུང་ནང་གི་དོན་དམ། འོད་གསལ་སྟོང་པ་ཉིད་དོ། །བདུད་རྩི་བྱང་ཆུབ་སེམས་ཀྱི་སྐོར་ལ། བཀའ་བརྒྱད་རྣམ་གསུམ་ལས། བདེར་འདུས་འབྱེད་སྡེའི་རྒྱུད། གསང་འདུས་རྩ་རྒྱུད་ལེའུ་ཉི་ཤུ་པ། རང་ཤར་བསམ་འཔེལ་ནོར་བུའི་རྒྱ་ཅན་ལས་ལེའུ་བཅོ་བརྒྱད་པ། བདུད་རྩི་ཡོན་ཏན་གྱི་རྒྱུད་ཆེན་དགུ་ཡན་ལག་དང་བཅས་པར་གསལ་ཞིང་རྒྱས་པ་བཞུགས་སོ། །
ད་དུང་བར་དོ་ཐོས་གྲོལ་ཆེན་མོའི་ཆ་ལག་ཆོས་སྤྱོད་བག་ཆགས་རང་གྲོལ་སོགས་སུ་ཞི་བ་གནས་དག་གི་ཕུང་ཁམས་སྐྱེ་མཆེད་ཀྱི་དག་པའི་ལུས་དཀྱིལ་གྱི་ལྷ་སྙིང་གར་བཀོད་པ་དང་། ཁྲོ་བོ་གནས་གྱུར་གྱི་སྐབས་འབར་བ་ཁྲག་འཐུང་གི་ལྷ་ཚོགས་ཀླད་པའི་ཕྱོགས་མཚམས་དབུས་བཅས་སུ་བཀོད་ཅིང་། ད་དུང་གླད་པ་དུང་ཁང་དབུས་ཀྱི་རྩ་འདབས་ལ་ཞེས་པ་ལ་སོགས་པའི་ཚིག་གིས་རྩའི་གནས་སོ་སོར་སྦྱར་ནས་བཤད་པ་དང་། ཆོས་ཉིད་བར་དོའི་ངོ་སྤྲོད་ཆེན་མོ་སོགས་སུ་ཡང་ཤིན་ཏུ་རྒྱས་པར་འབྱུང་བ་འདི་དག་གུས་ནས་སྔ་མོ་ནས་སྙིང་དང་ཀླད་པའི་འབྲེལ་བའི་ཐད་ཀྱི་ནང་པའི་འདོད་གཞུང་གལ་ཆེན་ཞིག་ཏུ་སྙམ་ཡོད་ལ། སྨེ་སྤྲུལ་བསྟན་འཛིན་རྒྱ་མཚོས་འདིའི་ཐད་མང་ཙམ་མ་བཤད་པ་ལ་ཕངས་པ་ཞིག་ཀྱང་བྱུང་། རྨེ་སྤྲུལ་གྱི་དེབ་དེ་ནང་ཆོས་དང་ཚན་རིག་གི་འབྲེལ་བ་སོགས་ཀླད་ཆེན་དང་འབྲེལ་བའི་བཤད་པ་ཞིག་ཡིན། བོད་ཀྱི་དཔེ་མཛོད་ནས་བསྐྱར་དུ་དཔར་འདུག
མགོ་མེད་གསོན་པའི་མི་ལུས་ཅིག །
དྲུག་པའི་གསང་རྣམ་ནང་ལ་གསལ། །
མགོ་ཡོད་མགོ་བརྗེ་བསམ་བློ་དེ། །
སྨྱོན་པའི་ལས་ཀ་མ་ཡིན་ནམ། །
ནང་ཁྲོལ་བརྗེ་ལེན་བརྒྱབ་ཡ་འདི། །
ཕན་ལས་གནོད་འཚབ་ཆེ་དུས་རེད། །
འོནད་ཀྱང་མཁལ་མ་ཡ་གཅིག་གིས། །
གསོན་པོར་འཚོ་ཐུབ་ཡ་མཚར་གནས། །
བརྒྱ་བཤད་སྟོད་བཤད་ག་ཚོད་བྱས་ཀྱང་དོན་དག་འདི་རེད་འདོད། ན་ལན་ཌའི་ལུགས་སུ་བྱས་ན་ཡིད་ཤེས་ཟེར་བ་ཤིག་བཤད། འགྲོ་བ་མིའི་རྒྱུད་ཀྱི་རྟོག་པ་ཡོངས་རྫོགས་ཡིད་ཤེས་ཡིན་དགོས། རང་གི་བདག་རྐྱེན་ཡིད་དབང་ལ་བརྟེན་པའི་གསལ་ཞིང་རིག་པ་ཞིག་ལ་ཡིད་ཤེས་ཟེར།
བདག་རྐྱེན་ཡིད་ཀྱི་དབང་པོ་དེ་ཉིད་སྙིང་ཡིན་པར་འདོད་ན་ཚན་རིག་གི་ཐོག་ནས་ཁས་ལེན་ཐབས་མེད། ཚན་རིག་པའི་འདོད་ཚུལ་བྱས་ན་སྙིང་ཟེར་བ་འདིས་ཕྱི་རོལ་གྱི་ཡུལ་རྟོགས་པ་ལ་བདག་རྐྱེན་བྱེད་མཁན་མིན་པར་འདོད། ཧ་གོ་དོན་རྟོགས་པའི་བྱེད་ལས་གཙོ་བོ་བྱེད་མཁན་ཀླད་པ་ཡིན་པར་འདོད།
ཀླད་པ་འདི་མཚན་གཞི་ཡིད་ཀྱི་རྣམ་ཤེས་ཀྱི་བདག་རྐྱེན་འཇོག་ན་དོན་མཐུན་རེད་འདོད། སྒྲ་དོན་འདྲེས་རུང་དུ་འཛིན་པའི་རྟོག་པ་ཐམས་ཅད་ཀྱི་བདག་རྐྱེན་ཀླད་པ་ཡིན་པ་ནི་གསལ་པོ་རེད། ཡིད་ཤེས་ཐམས་ཅད་ཀྱི་བདག་རྐྱེན་སྙིང་ཡིན་པར་འདོད་ན་་་་སྙིང་གིས་བདག་རྐྱེན་བྱས་ནས་ཡིད་ཤེས་ཀྱིས་དོན་རྟོགས་དགོས།
སྙིང་བརྗེ་པོ་བརྒྱབས་ཟིན་པའི་མི་ཞིག་སུད་སི་ལ་ཡོད། སྙིང་བརྗེ་པོ་བརྒྱབས་པ་ཙམ་གྱིས་མི་དེ་ཉིད་ཀྱི་བསམ་ཕྱོགས་དང་ཤེས་ཚོད་བཞན་ཞིག་ལ་འགྱུར་མི་འགྲོ་བ་འདུག་པས་སྙིང་ཟེར་བ་འདི་ཡིད་ཤེས་ཀྱི་བདག་རྐྱེན་འདོད་ན་ཧ་ཅང་ཐལ།་་་ན་ལན་ཌའི་ཆོས་རྒྱུད་ཀྱི་ཤེས་པའི་རྣམ་བཞག་འཆད་པ་འདི་ལ་ཡང་ཚན་རིག་གིས་གནོད་པ་གཅིག་ཀྱང་མེད་པའི་ལྟ་གྲུབ་ཤིག་ནི་མིན་པ་ཐག་ཆོད་ཚར་བ་རེད།
སྤོབས་པ་མཐའ་ཡས་ལགས་སུ།
མཚམས་བྲག་དགོན་པའི་དཔེ་རྙིང་འབྲུག་གཞུང་དཔེ་མཛོད་ནས་པར་དུ་བཏབས་པའི་རྙིང་རྒྱུད་པོད་ངི་པའི་བོད་ཨང་ལྡེབ།༣༧༡། དབྱིན་ཨང་ལྡེབ། ༧༥༡། དུ་སེམས་བཅུད་ཀླད་པའི་ལེའུ་ཞེསཔ་ཞིག་ཡོད། ལེའུ་དེ་བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བའི་རྒྱུད་ལ་ལེའུ་ཉེར་བདུན་ཡོད་པའི་བཅུ་པ་དེ་རེད་འདུག འདི་བཀའ་བརྒྱད་ཀྱི་ཡ་གྱལ་བདུད་རྩི་ཡོན་ཏན་གྱི་ཕྱོགས་སུ་གཏོགས་པར་བཤད།
དེ་ཙམ་མིན་པར་པོད་དེའི་ནང་ཀླད་པ་སེམས་ཀྱི་བཅུད་དུ་གསུངས་པའི་ཚིག་གཞན་ཡང་མཆིས། ལེའུ་དེ་ནི་ཧ་ཅང་ཀློག་སྤྲོ་པོ་ཞིག་སྣང་། རྣ་བཅུད་རྣ་ལྤགས་ཀྱི་ལེའུ། སྣ་བཅུད་སྣབས་ཀྱི་ལེའུ། མིག་བཅུད་མཆི་མའི་ལེའུ། ལྕེ་བཅུད་མཆིལ་མའི་ལེའུ། བ་སྤུའི་བཅུད་རྡུལ་གྱི་ལེའུ། ཁྲག་བཅུད་མཆིན་པའི་ལེའུ། རྩ་བཅུད་ཆུ་བའི་ལེའུ་ཞེས་པ་སོགས་ཡོད་པས་དེ་དག་ཏུ་ཞིབ་པར་གཟིགས་འཚལ།
སྤོབས་པ་མཐའ་ཡས་ལགས་སུ།
བདུད་པོ་མ་ཏྲཾ་རུ་ཏྲ་དྲག་པོ་བསྒྲལ། །གསུངས་པའི་རུ་ཏྲ་དེ་ཡིན་ནམ་ཡང་ན་གཞན་ཅིག་ཡིན་ནི་མི་ཤེས། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་གྱི་གཞུང་དུ་རུ་ཏྲ་བསྒྲལ་བའི་གཟུགས་ཕུང་གི་ཡན་ལག་འཐོར་ཞིང་མཆེད་པ་ལས་སྣོད་ཀྱི་འཇིག་རྟེན་གྱི་རྩྭ་རྩི་ཤིང་། ཆུ་ས་རྡོ་སོགས་གྲུབ་ཅིང་། དེ་དག་ལ་མཐུན་པའི་རྐྱེན་གཞན་སྦྱར་ཏེ་བསྡེབས་སྦྱོར་བྱས་ནས་བསྟེན་པ་ལས་སྨན་གྱི་རིགས་སྣ་ཚོགས་སུ་གྱུར་ཏེ་ལུས་སེམས་ཀྱི་ནད་འདྲ་མིན་སངས་དྲག་ཏུ་འགྲོ་བའི་ཚུལ་རྒྱས་ཤིང་རྒྱས་པ་གསུངས་འདུག
རྙིང་རྒྱུད་ཀྱི་ནང་བོད་ཀྱི་རིག་གཞུང་གི་ཆ་ཤས་ཁྲོད་ཀྱི་གལ་གནད་ཤིན་ཏུ་ཆེ་བའི་ལྟ་ཚུལ་མང་པོ་ཞིག་གསལ་བཞིན་པར་སྣང་། གོང་གསལ་དོན་དག་དེ་ཚོ་བོད་རིགས་སྨན་པ་ཚོས་ཤེས་དགོས་པའི་ཤེས་བྱ་ཙམ་ཞིག་མིན་པར་བོད་ཀྱི་རིག་གཞུང་ལ་མཁས་པར་འདོད་པ་དག་གིས་ཀྱང་ངེས་པར་མཁྱེན་རྟོགས་དགོས་པའི་ཤེས་བྱར་སྣང་། གཞུང་དེ་དག་གིས་སྣོད་བཅུད་ཀྱི་རྩྭ་རྩི་ཤིང་དང་ཆུ་ས་རྡོ་སོགས་ལ་ལྟ་སྟངས་འདྲ་མིན་ཡོད་པའི་རིག་གཞུང་གི་ཆ་ཤས་གལ་ཆེན་རིགས་ཤིག་འགྲེལ་བཤད་བྱེད་ཀྱིན་འདུག
ཆོས་ལུགས་པས་མི་ཡི་མགོ་བརྗེ་པོ་བརྒྱབས་ཐུབ་ཀྱི་ཡོད་རེད་ཟེར་བའི་སྐད་ཆ་དེ་དག་ལྷ་སྒྲུང་རེད། མུ་སྟེགས་པ་དབང་ཕྱུག་ཆེན་པོས་སོ་སོའི་བུའི་མགོ་བཅད་ནས་གླང་ཆེན་གྱི་མགོ་ཞིག་རང་གི་བུ་ལ་བཙུགས་པའི་གཏམ་རྒྱུད་ཡོད་པ།
དྲི་མེད་ལགས་ཀྱི་བཤད་སྟངས་ལ་བལྟས་ན་བོད་རྒྱུད་ནང་བསྟན་པས་ཀྱང་མི་ཡི་མགོ་བརྗེ་པོ་རྒྱག་གི་ཡོད་པའི་ཟོལ་འདྲ་པོ་་་་ཧཧཧཧ་་་་་་་དངོས་ཡོད་ཡིན་ནམ།
དྲི་བ་ཆེན་པོ་ཞིག་ཡོད། དྲ་གྲོགས་ཚོས་ལན་རེ་ཡོད་ན་གསུང་རོགས། ཡིད་དབང་ཟེར་བ་དེ་མཛུབ་མོ་བཙུགས་ན་བཙུགས་སར་གང་རེད་དམ། སྙིང་རེད་དམ། གློ་བ་རེད་དམ། ཁྱོད་ཚོས་མཛུབ་མོ་ཞིག་འཛུགས་རོགས་བྱོས།
གཞན་ཡང་དཔྱོད་ལྡན་རྣམ་པས་ལུང་ཚིག་ཧ་ཅང་མང་པོ་དྲངས་ཤིང་གཞུང་གཞན་དང་གཞན་གྱི་ཁུངས་གང་དང་ཅི་ཡོད་ཀྱི་རྒྱུས་སྟོན་མཆན་མང་པོ་བཏབས་པ་རང་གཞན་གཉིས་ཕན་གྱི་ལས་བཟང་པོ་ཞིག་ཏུ་མཐོང་བས་ཐུགས་རྗེ་ཤིན་ཏུ་ཆེ།
གོང་གསལ་དཔྱད་རྩོམ་ནང་དྲངས་པའི་ཆོས་ལུགས་ཀྱི་ལོ་རྒྱུས་ཁག་ཅིག་དངོས་ཡོད་ཡིན་མིན་དེ་རྩོད་གཞི་མིན་པར་ལོ་རྒྱུས་དེ་དག་གིས་བསྟན་པའི་ནང་དོན་དེ་དག་གིས་སྐབས་དེའི་སྤྱི་ཚོགས་ཀྱི་ལྟ་སྟངས་རིགས་ཤིག་མཚོན་པར་བྱེད་པའི་གནད་ར་འཕྲོད་རྒྱུ་དེ་ཤིན་ཏུ་གལ་ཆེན་རེད།
སྒྲོ་བཏགས་ཀྱིས་བྲིས་པའི་ལོ་རྒྱུས་མང་པོ་ཞིག་དངོས་བྱུང་ཡིན་མིན་གྱི་སྒང་ནས་བཤད་ན་དངོས་བྱུང་གི་ཁོངས་སུ་གཏོགས་པར་ཁས་ལེན་མི་ནུས་ཀྱང་། དེ་དག་སྤྱི་ཚོགས་ཤིག་གི་ལྟ་ཚུལ་དང་བསམ་ཚུལ། གོམས་སྲོལ་སོགས་གཞི་རྩར་བྱས་ནས་བྲིས་པ་ཡིན་སྟབས། དེ་དག་གི་མིང་ཚིག་དང་བརྗོད་པའི་བར་སེང་ནས་ང་ཚོས་ལེན་འོས་པའི་རྒྱུ་ཆ་ཧ་ཅང་མང་པོ་ཞིག་ཡོད་པ་དེ་སྣང་མེད་དུ་ཤོར་འཇུག་རྒྱུ་མེད།
ངས་གོང་དུ་སྐུ་རྩེད་ཞུས་པ་ཡིན། ནང་བསྟན་ཐེག་ཆེན་་པའི་ལུགས་ནི་ཅི་ཡང་མ་གྲུབ་པས་ནས་ཅི་ཡང་སྣང་དུ་རུང་བར་འདོད་པ་ཡིན་པས་དེ་ལྟར་མི་རུང་ཨེ་ཡོད་ན། མདོ་མཁྱེན་བརྩེ་ཟེར་བའི་རྣམ་ཐར་དུ་ཁྱི་དཀར་ནག་གཉིས་ཀྱི་རྐེད་པ་ནས་གཏུབ་ཏེ་མཐུད་སྦྱོར་བྱས་ཚུལ་ཞིག་འདུག རྐེད་པ་གཏུབ་ཏེ་མཐུད་སྦྱོར་ཐུབ་ན་མགོ་བཅད་དེ་མཐུད་སྦྱོར་ཐུབ་དགོས་པ་འདྲ།
མགོ་བོ་མེད་པའི་ལུས་གསོན་པོ། །
ཡོད་དུ་ངེས་ཀྱང་སྟོན་རྒྱུ་དཀའ། །
ལུས་པོ་མེད་པའི་མགོ་གསོན་པོ། །
མེད་པ་བློ་ཐག་བཅད་ན་ལེགས། །
དེས་ན་རྣམ་ཤེས་ཀླད་པ་ལས། །
སྙིང་ཁར་ཉེ་བར་གནས་པ་ངེས། །
ཀླད་མེད་སྙིང་མེད་སྲོག་ཆགས་འགའ། །
རྣམ་ཤེས་ཡོད་པའང་སྲིད་པ་རེད། །
དྲུག་པ་ཡིད་ཀྱི་དབང་པོ་ནི། །
རྣམ་ཤེས་ཀུན་གྱི་འབྱུང་ཁུངས་དང་། །
སྐྱེ་བ་སྔ་ནས་འོང་མཁན་དང་། །
ཕྱི་མར་འགྲོ་མཁན་ཡང་དེ་ཉིད། །
ཐོག་མར་ཉིང་འཚམས་སྦྱོར་མཁན་དང་། །
བར་དུ་མིག་གཟུགས་རྒྱུན་གནས་འདིས། །
མིག་ཤེས་དེ་མ་ཐག་རྐྱེན་བྱེད། །
འཆི་དུས་བར་དོར་དེ་ཉིད་འགྲོ། །
རྣམ་དཔྱོད་ཀྱི་ནོར་བུས་གཏམས་པ་འཇིགས་མེད་བློ་གྲོས་ཀྱིག་རིག་པ་མི་མགོ་བརྗེ་སྤོར་གྱི་བཤགས་བཅོས་སྐོར་གྱི་དབང་དུ་སོང་ནས། སྤོ་དང་སྤོར་ལ་ཁྱད་པར་མེད་པ་འདོད་པ་བསྟན་པ་དེ་། དིང་དུས་ཀྱི་བོད་ཕལ་སྐད་འགའ་ཞིག་ཏུ་ར་ཡིག་གསལ་པོར་འདོན་པ་མེད་པ་ལས་བྱུང་བ་གདོན་མི་ཟ་ཡང་། ར་ཡིག་གསལ་བར་འདོན་པ་དག་གི་ལུགས་སུ། སྤོ་དང་། སྤོར་གཉིས་བར་དུ་ཁྱད་པར་མི་འདྲ་བ་ཡོད་པ་ནི། ཞས་ཀེ་མཆོག་ལ་སོགས་ཕྱི་ལོགས་པ་དག་གིས་བཟོས་པའི་ཚིག་མཛོད་དུ་ཡང་གསལ། སྤོ། འཕོ་བར་བྱེད་པའི་དོན་ཏེ། ད་ལྟ་འདས་མ་འོངས་སྐུལ་ཚིག་བཅས་ལ། སྤོ། སྤོས། སྤོ། སྤོས། ཞེ་ས་སོ། གཉིས་པ་ནི། གོ་གནས་དང་མེ་སོགས་སྤོར་བའི་དོན་ཏེ། ད་ལྟ་འདས་མ་འོངས་སྐུལ་ཚིག་བཅས་རིམ་པ་བཞིན་དུ། སྤོར། སྤར། སྤར། སྤོར། དེ་ཡང་འདས་པ་དང་སྐུལ་ཚིག་ལ་ད་དྲག་སྟེ། ད་བཤུལ་ཡོད་པ་ལས་རྟོགས་དགོས་སོ། གཞན་ཡང་། རྣམ་དཔྱོད་དང་བརྩོན་འགྲུས་ཀྱི་ཕུལ་དུ་བྱུང་བ་སྤོབས་པ་མཐའ་ཡས་ཀྱིས། “དེང་སང་མི་མགོ་བརྗེ་སྤོར་བྱེད་ཐུབ་གི་ཡོད།” ཅེས་པའི་སྤོར་གྱི་ར་དེ་དེ་ཉིད་ལ་བསམ་པ་ཡོད་ན། ཤིན་ཏུ་ལེགས། དེ་ལྟར་མ་ཡིན་པ་སྤོར་ཞེ་ས་པ་སྤོ་བའི་དོན་ལ་འདོན་ན། བོད་སྐད་ཉམས་ཆགས་སུ་འགྲོ་བ་སུས་འགོག་ཐུབ། ཁོ་བོས་ཐོས་པའི་གཏམ་དཔེ་ཞིག་ན། ལུང་པ་ཆུ་ཡིས་གང་ན། རྡོ་ལེབ་སྐམ་པོ་གང་དུ་ལུས། ཞེས་པ་ལྟར་རོ།
བོད་ཀྱི་རིག་གཞུང་ལ་ཐུགས་ཞེན་རྣམ་པར་དཀར་བའི་མཁས་པ་རྒན་འཇམ་དཔལ་མཆོག
ཁྱེད་ནས་གོང་གསལ་རྩོམ་ཡིག་ཙམ་མིན་པར་དུས་རྒྱུན་དུ་བོད་ཀྱི་བརྡ་སྤྲོད་ཀྱི་འགྲོ་ལུགས་དང་མི་མཐུན་པའི་བརྡ་དག་དང་ཚིག་འགྲོས་སོགས་ལ་ཞུ་བཅོས་ལམ་སྟོན་སློབ་གསོ་རྒྱུན་མཐུད་མཛད་བཞིན་པ་ང་ཚོ་གཞོན་སྐྱེས་ཚོའི་བསོད་ནམས་སུ་ཚོར་བཞིན་ཡོད།
ཐུགས་རྗེ་ཆེ།
ད་དུང་མུ་མཐུད་ཞུ་བཅོས་ལམ་སྟོན་གནང་རྒྱུ་བོད་ཀྱི་རིག་གཞུང་དར་སྤེལ་རྒྱུན་འཛིན་གྱི་ཆ་ཤས་གལ་ཆེན་ཞིག་ཏུ་དགོངས་པའི་ཐུགས་བསྐྱེད་ནམ་ཡང་མི་ལྷོད་པ།
ཀླད་པ་རྣམ་ཤེས་ཀྱི་རྟེན་གཞི་ཡིན་པ་འདོད་པའི་མཚན་རིག་པའི་ལུགས་དེ་ཐད་པ་མིན་ནམ་སྙམ། དཔེར་ན་འགྲིལ་འགྲུལ་སོགས་ཀྱི་དོན་རྐྱེན་བྱུང་བ་དག་ཀླད་པ་སྐྱོན་ཆེ་ཤོར་ཡོད་ན་མི་དེ་གསོན་པའི་རེ་བ་བྲལ་བར་བཤད། དེ་མིན་ནང་འཁྲོལ་སྙིང་དང་མཆིན་པ་སོགས་བརྗེ་བོ་བརྒྱག་པའི་སྨན་བཅོས་ནི་ལམ་ལྷོངས་སྔ་ས་ནས་བྱུང་ཡོད། གལ་ཏེ་རྣམ་ཤེས་སྙིང་ལ་གནས་ཡོད་ན་སྙིང་བརྗེ་སྤོར་ཟིན་པའི་མི་དེ་གཞན་ཡིན་དགོས་ཀྱང་དེ་ལྟར་མི་འདོད། མ་གཞི་དྲན་པ་ཐོར་ནས་ཡུན་རིང་ལུས་མཁན་མང་པོ་ཞིག་དྲན་གསོས་དུས་གཞི་ནས་སྐད་ཡིག་སོགས་སྦྱོང་དགོས་པ་དེ་འདྲ་ཡང་འདུག། གང་ལྟར་མི་མགོ་བརྗེ་བའི་ལས་འཆར་འདི་ཧ་ལས་ཧོན་ཐོར་དང་ཉེན་ཁ་ཆེ་བའི་གཤག་བཅོས་ཤིག་རེད།