ཁ་བའི་འབྲོག་མོ།
ང་ཡི་མིག་ཟུང་ལྷོ་བྱ་དཀར་བོར་གཏད།།
ལྷོ་བྱའི་ཟུར་མིག་ང་ཡི་སྙིང་ལ་ཐོགས།།
གཅིག་སེམས་གཅིག་ལ་ཆགས་པའི་ཞིང་ཁམས་ན།།
རྣམ་ཤེས་ཆ་གཅིག་གཤོག་ཟུང་མཉེན་མོར་འཁྲིལ།།
ང་དང་ལྷོ་བྱའི་འཛུམ་མདངས་རེ་རེ་ན།།
མི་མངོན་བདེན་པའི་ལྐོག་གྱུར་ཡིད་དུ་འོང་།།
མ་གསང་འདོད་པའི་ལས་ལ་དགའ་བ་སྟོང་།།
སེམས་ཀྱི་ལུས་པོར་དྭངས་པའི་དྭངས་པ་ཞིག།
རླུང་ལྷ་ནག་པོ་དབྱིངས་ན་ལྡང་ཞིང་གཡོ།།
མེ་ལྷ་དམར་པོའི་མཆེ་བ་དགུང་ལ་བསྣུན།།
བགྲོད་ལམ་ཕྲ་ཞིང་དོག་པའི་ངེད་གཉིས་ལ།།
ཞུགས་པའི་ལམ་ཞིག་སྟོན་ཅིག་དཀོན་མཆོག་ཀྱེ།།
2014/2/19
ཡུལ་གྱི་གནས་བབ་བར་ཐག་རིང་དང་གཅིག།
ཚེ་གཅིག་བརྩེ་བའི་དུངས་བ་ཟབ་དང་གཉིས།།
ཡུན་རིང་ལོ་ཟླའི་ལྟེབ་བརྩེགས་མཐུག་དང་གསུམ།།
ཁ་བའི་འབྲོག་མོའི་མི་འདོད་རྣམ་གསུམ་ཡིན།།
མེད་ན་མི་སྡུག་ཡོད་ན་སྡུག་པ་ནི།།
བར་ཐག་ཐུག་པར་དཀའ་བའི་ཡུལ་གྲུ་རུ།།
སྙིང་གི་ཕྱེད་ཀ་ཡོད་ན་དེ་ལས་གཞན།།
ཅི་ཞིག་ཡོད་པ་ཁོ་བོས་མཐོང་མ་བྱུང།།
ཁག་མེད་ཀི་སེམས་པ་མ་སྐྱོ་ར།།
གསོན་ཐུབ་ན་ཐབས་ཤེས་ཡོད་ནི་རེད།།
ལུས་ན་ཚ་མེད་པའི་གནས་བབ་ལས།།
ཐབས་བཀོད་པ་ཅི་ཡང་ཡོད་ངེས་སོ།།