རྒྱང་མིག
ངེད་གཉིས་ཁ་ཁར་གྱེས་པའི་སྟབས་ཀྱིས
སུ་ཞིག་གི་ཡིད་ངོར་མ་དྲན་པའི
མི་མངོན་པའི་ནད་གཞི་ཞིག
སྐར་མདའ་ཇི་བཞིན
གློག་དམར་ཇི་བཞིན
བསམ་དབང་དྲན་དབང་མེད་པར
ངེད་གཉིས་ཐུན་མོང་གི་སྙིང་གསེང་དུ་འཛུལ
གསང་བ་དེ་ལ
ནད་གཞི་དེ་ལ
ལྐོག་གཞིགས་ཡང་ཡང་བྱེད་དུས
དེ་ནི་གཞན་ཅི་ཡང་མ་ཡིན་སྟེ
བརྩེ་དུང་གི་རྒྱ་མདུད་གྲོལ་དཀའ་བའི
ཉ་ཆུ་བཞིན་སོ་སོར་འབྲལ་དཀའ་བའི
ཁྱེད་དང་ང་ཡི་དྲན་གདུང་ཁོ་ན་རེད