ཁུ་ནུ་བསྟན་འཛིན་ཡོན་ལྡན།
སྐུ་ཞབས་ལྷག་པ་དོན་གྲུབ་ཀྱིས་བརྩམས་ཤིང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་ ༡༩༩༥ ལོར་པར་སྐྲུན་བྱས་པའི་མི་མངོན་པའི་འཆིང་ཐག་ཅེས་པའི་དེབ་འདི་ནི་བཀླག་ན་ཀློག་མཚམས་འཇོག་ཏུ་མི་འདོད་པའི་བརྩམས་སྒྲུང་ ཤོག་གྲངས་ ༢༥༠ བདག་ཉིད་ཅན་ཞིག་ཡིན།
སྒྲུང་འདི་ནི་མི་ཚེ་བྲོ་བ་མངར་སྐྱུར་ཟེར་བ་ལྟར་དགའ་སྐྱོ་འདྲེས་མའི་སྒྲུང་ཞིག་ཡིན། ཐོག་མར་གསོ་བ་རིག་པའི་སྨན་ཁང་གི་ཕྱི་ཡི་རྣམ་པ་ནས་འགོ་བརྩམས་ཏེ་གསོ་རིག་མཁས་ཅན་སྨན་པ་མཁས་གྲུབ་ལགས་ཀྱི་ནང་མིའི་ལས་དབང་སྐོར་འཁོད་ཡོད། སྒྲུང་འདིའི་ནང་གི་མི་སྣ་གཙོ་བོ་ནི་སྨན་པ་མཁས་མཆོག་ལགས་དང་ཁོང་གི་བཟའ་ཟླ་ཆོས་སྒྲོན་དང་བུ་མོ་དབྱངས་ཅན་དཔལ་བཅས་ཡིན། འདིར་ཉམས་མྱོང་དང་ལག་རྩལ་བྱང་ཆུབ་པའི་སྨན་པ་མཁས་མཆོག་ལགས་ཀྱི་ཐུགས་གཤིས་དང་། ཕྲག་དོག་ཆེ་ཞིང་རྒྱུ་ནོར་ལ་དགའ་བའི་ཁོང་གི་བཟའ་ཟླའི་གཤིས་སྤྱོད་དེ། ཁྱིམ་གཅིག་ནང་ཡོངས་སུ་ཐ་དད་པའི་མི་གཤིས་གཉིས་ལས་བྱུང་བའི་འབྲས་བུ་མཐོང་ཐུབ། ཆུང་མ་འདོད་རྔམ་ཅན་གྱིས་རང་གི་བུ་མོ་མེ་ཏོག་དང་འདྲ་བ་དེ་ཉིད་སྨན་པ་མཁས་མཆོག་ལགས་ཀྱི་སློབ་མ་སྨན་པ་ཡེ་ཤེས་དང་བརྩེ་དུང་མདུད་པ་ཐེབས་སུ་མ་བཅུག་པར། རྒྱུ་ནོར་ཁོ་ནར་བརྔམས་ཏེ་མི་གཞན་གྱི་གནའ་མར་བརྫངས་པའི་སྐྱོ་གནས་དང་། དེའི་རྐྱེན་གྱིས་བུ་མོ་དབྱངས་ཅན་དཔལ་ལ་འཕྲད་པའི་དཀའ་སྡུག་རྣམས་རེ་རེ་བཞིན་འཁོད་ཡོད།
སྒྲུང་དེབ་འདིར་སྙན་ངག་དང་མངོན་བརྗོད་ཀྱིས་མ་བཅིངས་པར་ཡུལ་མི་སྤྱི་བཏང་བའི་བརྗོད་ཚིག་བཀོད་པ་མང་བས་ཀློག་བདེ་ལ་གོ་སླ་བའི་ཁྱད་ཆོས་ལྡན་པ་དང་། མི་སྣའི་རྣམ་འགྱུར་དང་ཚོར་སྣང་། འཁོར་ཡུག་གི་རྣམ་པ་དང་བཀོད་པ་སོགས་ཞིབ་ཅིང་ཕྲ་བ་གློག་བརྙན་ཞིག་ལ་བལྟ་བ་དང་ཁྱད་མེད་པས་སྒྲུང་དེབ་འདིར་གཟིགས་འདོད་ཡོད་མཁན་ཚོས་ནང་བསྟན་དཔེ་ཚོགས་ལྟེ་གནས་ (Buddhist Digital Resource Center) ཞེས་པའི་དྲ་བ་ནས་ཕབ་ལེན་གནང་ཐུབ།
བསླབ་བྱ་གང་ཐོབ་
Tenzin tsering ལགས། བརྩམས་སྒྲུང་དེའི་ནང་བསླབ་བྱ་མང་པོ་བརྙེད་རྒྱུ་འདུག་པས། བསླབ་བྱ་གཙོ་བོ་དེ་ནི་འདོད་རྔམ་གྱིས་མི་ཕན་ཚུན་གཉིས་ཀ་ཇི་ལྟར་འཕུང་བ་དང་། རང་ཉིད་ཀྱི་རང་འཕུང་གི་ཡོད་པའང་མ་རྟོགས་པ་སོགས་འདུག དེ་ནི་དེང་དུས་སུ་ཅི་འདྲའི་བདེན་པ་ཞིག་ཀྱང་མ་རེད་དམ།