རྨེ་རུ།
འཇིག་རྟེན་འཁོར་བའི་འཁོར་ལོ་ཆད་མེད་འཁོར།།
འཇིག་རྟེན་འཁོར་བར་འཁོར་བའི་ཁྲལ་བ་དག །
འཇིག་རྟེན་འདི་ནས་རྡོག་ཆས་མ་བརྒྱག་བར།།
འཇིག་རྟེན་འདི་ཡི་ཁྲལ་ལ་རྫོགས་མཐའ་མེད།།
འཇིག་རྟེན་འཁོར་བའི་འཕྲང་ལ་ཇག་ཚོགས་མང་།།
འཇིག་རྟེན་ཁྱིམ་པའི་ཁྱིམ་ལ་རེ་དོགས་མང་།།
འཇིག་རྟེན་འཁོར་བའི་ལམ་ལ་སྒང་གཤོང་མང་།།
འཇིག་རྟེན་འདི་ནི་གཡུལ་ས་ཉིད་དང་མཚུངས།།
བཏང་སྙོམས་མེད་པའི་འཇིག་རྟེན་རིལ་མོ་འདིར།།
རྐང་གཉིས་ཚོགས་རྣམ་བྲེལ་བྲེལ་འཚུབ་འཚུབ་ཀྱིས།།
ཉིན་མཚན་དུས་དྲུག་བདེ་ལམ་བསྩལ་བསྩལ་ཀྱང་།།
ལག་ལ་འཐོབ་པ་རེ་དོགས་སྐམ་པོ་རེད།།
འཇིག་རྟེན་རིལ་མོར་རེ་དོགས་སྐོར་བྲོ་འཁྲབ།།
འཇིག་རྟེན་མི་རྣམས་བྲག་སྐམ་གཏམ་རྗེས་སྙེག།
འཇིག་རྟེན་གླིང་ནས་ལོག་མེད་འགྲོ་བའི་དུས།།
འཇིག་རྟེན་འཕྲང་ལ་འབྱོར་ཕྱུག་དབྱེ་བ་མེད།།
མི་ཚེའི་རི་མོ་ཆུ་མོའི་རིས་དང་མཚུངས།།
མི་ཚེའི་ལེ་འུ་མཚོ་མོའི་རླབས་དང་འདྲ།།
མི་ཚེའི་བྱ་གཞག་ཡིད་འོང་སྤྲིན་དཀར་བཞིན།།
མི་ཚེའི་ཧྲིལ་པོ་ས་མཐའི་ཡུལ་ལ་འཁྱམས།།
མི་ཚེའི་རྨི་ལམ་སེམས་ཀྱི་མཚོ་མོར་འཁྱིལ།།
མི་ཚེའི་ལམ་བུ་ཀྱག་ཀྱོག་གཡང་ས་ཆེ།།
མི་ཚེའི་རེ་བ་གཞིས་བྱེས་ལྷན་འཛོམས་སྒུག།
མི་ཚེའི་ལྷག་ལ་རང་ཡུལ་ཕྱོགས་སུ་འགྲོ།།