ཀླུ་སྨྱོན།
མི་ཚེ་འདི་ནི་ཅི་ཞིག་ཡིན། །
འདི་ནི་འོ་མ་ཕོར་གང་ཡིན། །
ཞག་གཅིག་བྲོ་བ་མངར་སིང་སིང་། །
དེ་ནས་རུལ་ཏེ་རང་མདོག་སྟོན། །
མི་ཚེ་འདི་ནི་ཅི་ཞིག་ཡིན། །
འདི་ནི་མཛེས་མའི་ཟུར་མིག་ཡིན། །
ཉིན་གཅིག་སྙིང་ལ་དགའ་ལྷང་ལྷང་། །
དེ་ནས་གཟིར་ཏེ་ངེས་འབྱུང་བསྐྱེད། །
མི་ཚེ་འདི་ནི་ཅི་ཞིག་ཡིན། །
འདི་ནི་རྨི་ལམ་ཐུན་གཅིག་ཡིན། །
མཚན་གཅིག་སྣང་བ་སྐྱིད་ཐག་ཐག །
དེ་ནས་བསླུས་ཏེ་སྡུག་བསྔལ་འདྲེན། །
མི་ཚེ་འདི་ནི་ཅི་ཞིག་ཡིན། །
ཞོགས་པའི་ཟིལ་བ་རྡོག་གཅིག་ཡིན། །
དུས་ཤིག་འོད་སྣང་གསལ་འཚེར་འཚེར། །
དེ་ནས་ཡལ་ཏེ་མི་རྟག་སྟོན། །
མི་ཚེ་འདི་ནི་ཅི་ཞིག་ཡིན། །
འདི་ནི་སྟོན་ལོ་ལྷེབ་གཅིག་ཡིན། །
རེ་ཞིག་ཁ་དོག་ལྗང་ཐིང་ཐིང་། །
དེ་ནས་འཕུར་ཏེ་ཆོས་ཉིད་གྱེར། །
ཚེ་ཚད་དྲུག་བཅུ་ཐམ་པ་ལ།
སུམ་ཅུ་གཉིད་ལ་འགྲོ་བ་འདི།
མི་ཚེ་འདི་ཡི་ཆ་གཅིག་རེད།
ཚེ་ལྷག་སུམ་ཅུ་ཐམ་པ་ལ།
ཉི་ཤུ་ལྟོ་གོས་འཚོལ་བ་དེ།
མི་ཚེ་འདི་ཡི་ཆ་གཅིག་རེད།
ཚེ་ལྷག་བཅུ་པོ་ཐམ་པ་ལ།
ལོ་ལྔ་ཟ་མ་གཡོ་བ་དེ།
མི་ཚེ་དེ་ཡི་ཆ་གཅིག་རེད།
ལྷག་མ་ལོ་ལྔའི་མི་ཚེ་འདི།
ལོ་གཅིག་ནད་ལ་སོང་བ་འདི།
མི་ཚེ་དེ་ཡི་ཆ་གཅིག་རེད།
ལྷག་མ་ལོ་བཞི་ཡོད་པ་འདི།
ལོ་གཅིག་རྒྱོ་ལ་གཡེང་བ་འདི།
མི་ཚེ་དེ་ཡི་ཆ་གཅིག་རེད།
དེ་ཡི་ལྷག་མ་ལོ་གསུམ་འདི།
ལོ་གཅིག་སྐྱག་པ་གཏོང་བ་འདི།
མི་ཚེ་གཅིག་གི་ཆ་ཤས་རེད།
དེ་ཡི་ལྷག་མ་ལོ་གཉིས་དེ།
ལོ་གཅིག་གཡེང་བར་ལུས་པ་འདི།
མི་ཚེ་འདི་ཡི་ཆ་གཅིག་རེད།
ལོ་གཅིག་ལུས་པའི་མི་ཚེ་འདི།
ལོ་མང་ལོང་ཡོད་སྙམ་པ་འདི།
མི་ཚེ་འདི་ཡི་མཐའ་མ་རེད།
མི་ཚེ་ནི་ཤེས་བྱ་མཛོད་འཛུན་ཡིན།
གཞན་ལ་སྟེར་རྒྱུ་དང་རང་ལ་ཉེར་རྒྱུ་ཡོད།
མི་ཚེ་ནི་ཉམས་མྱོང་མཁན་པོ་ཡིན།
གཞན་ལ་གདམས་རྒྱུ་དང་རང་ལ་མྱོང་རྒྱུ་ཡོད།
མི་ཚེ་ནི་སྐྱེ་འཆིའི་བར་གསེང་ཡིན།
གཞན་ལ་བརྩེ་ཁོམ་དང་རང་ལ་སྐྱིད་ཁོམ་ཡོད།
ཚིགས་བཅད་དཔེ་རིང་དུ་བཀོད་ན།
ཡིག་འཕྲེང་འོག་མར་འབེབས་པར་དཀའ།
ཤད་གཉིས་དཔེ་རིང་དུ་མཛེས་ཀྱང་།
ཡིག་འཕྲེང་རྐང་རེར་གཉིས་མེད་མཛེས།།
ཡག་གི་གླུ་ཡག་ག་བླང་འདུག བསྲ་འི་བསྲ་འི།
མི་ཚེ་འདི་ཅི་ཞིག་རེད།
མི་ཚེ་འདི་གོ་སྐབས་ཤིག་རེད།
མི་ཚེ་སྨིན་པའི་ལོ་ཏོག་རེད།
ཡག་ཤོས་ཁྭ་ཏའི་ཟས་སུ་གྱུར།
མི་ཚེ་ཆོས་གོས་སེར་མོ་རེད།
ཆོས་ཉིད་རྗེན་པ་རབ་ཏུ་གཡོགས།
སྨྲ་བསམ་བརྗོད་ལས་འདས་བའི་མི་ཚེ་ལ།
གཏན་ཚིགས་བཞག་དང་མ་བཞག་ཁྱད་པར་མེད།
སྙན་ངག་ལ་ཚོད་ཅིག་མི་འདུག
སྙན་ངག་གི་ཟློག་ཟླ།
མགོ་རུས་ལ་གས་ཆག་ཤོར་བའི་སྙན་ངག
ར་བཟི་གཉིད་ལ་ཤོར་བའི་སྙན་ངག
སྨོན་པ་ཁྲོལ་དུ་རྒྱུ་བའི་སྙན་ངག
ནད་པར་ཚ་འཕྲུལ་བྱུང་བའི་སྙན་ངག
ཁྱི་མོ་ཚང་ལ་འགྲོ་བའི་སྙན་ངག
བོང་བུར་ཆུ་སྐོམ་ལངས་བའི་སྙན་ངག
ཐ་ན། གྲོད་ཁོག་སྦོས་པའི་སྙན་ངག་ཀྱང་ཡོད་དོ།།