ལུག་རྫི།
དང་པོ་ཕ་ཡུལ་ཡོད་དུས།།
དྲིན་ཆེན་ཕ་མ་མཉམ་འཛོམས།།
ཡུལ་མི་གཅེན་གཅུང་ལྷན་འཛོམས།།
རི་རབ་ཁང་ཁྱིམ་གཡང་འཁོར།།
ས་ཞིང་གཤིན་པོས་ལོ་ལེགས།།
རྩ་ཆུའི་འཛོམས་པས་ཕྱུགས་འཕེལ།།
འོ་ཕྱུར་མར་གསུམ་བཅུད་ཆེ།།
གྲོ་ནས་རྩམ་གསུམ་བྲོ་ལྡན།།
ཧ་ཧ་དགོད་སྒྲ་ལྷད་མེད།།
སྤུན་ཟླའི་བརྩེ་བས་གཡང་འཁྱིལ།།
ནང་མིའི་འཚོ་བ་མཉམ་རོལ།།
ཐོབ་དཀའི་མི་ཚེའི་བདེ་སྐྱིད།།
ནམ་ཡང་ཐོལ་སྐབས་མེད་པས།།
མི་ཚེ་འདུ་འབྲལ་འདི་ལ།།
སུས་ཀྱང་བསྒྱུར་ཐབས་མི་འདུག།
གཉིས་པ་འཚར་སྟོབས་ཤིག་གིས།།
མི་འདོད་ཕ་མ་བྲལ་ནས།།
ཤ་ཁྲག་སྤུན་དང་འཕྲལ་དེ།།
མི་ཚེའི་ལས་ལ་བཀོད་པའི།།
ལྷན་འཛོམས་གཡང་ཁྱིམ་གྲུ་གཞིར།
བྱེའི་ཚང་རྡོ་བ་འཕངས་བཞིན།།
བཞུད་ལམ་ཁ་ཁ་གཏོར་འདྲ།།
མི་ཚེའི་ཆོས་ཉིད་ཞིག་ལས།།
ཕ་མས་སྤྱུགས་པ་མ་ཡིན།།
བུ་ངས་བོར་བ་མ་ཡིན།
གསུམ་པ་ཕ་ཡུལ་བྲལ་དུས།།
ཕ་མ་ལོ་ལོན་མ་རེད།།
སྤུན་ནུ་ཡོད་ཚད་དར་གཞོན།།
ཆད་དཀའི་མིག་ཆུ་ཕྲེང་རྡོག།
ཁྱིམ་གཞིའི་གོར་མོའི་གཡང་ནས།།
འཐད་འཁྱུད་ལག་འཇུ་ཀློང་དུ།།
བཟོད་མེད་སྐྱོ་གདུང་བར་ནས།
མི་ཡུལ་ས་མཐའི་ཡུལ་ལ།།
ཐོན་དགོས་བྱུང་དུས་ལྷུང་སོང་།།
བཞི་བ་གཞན་ཡུལ་ཐོན་ཁར།།
ལུས་པོ་རེས་འཁོར་སྟེང་ན།།
སེམས་ཁ་སྡུག་གི་མཚོ་མོ།།
མིག་མཐར་མཆི་མས་བརླན་ནས།།
ཕ་ཡུལ་ཉེ་ནས་རིང་བཀྱེད།།
སྒེའུ་ཁུང་ནང་གི་ཕྱི་རོལ།།
རི་ཆུ་ནགས་གསུམ་ཡོམ་ཡོམ།།
བྲལ་ཁའི་གཡབ་མོ་འདྲ་བྱུང་།།
ཕ་ཡིས་གནང་བའི་སྒོར་མོ།།
ལག་ལ་བླངས་རུང་མ་སྐྱིད།།
མ་ཡིས་བཟོས་པའི་གོ་རྩམ།།
ཁ་ལ་རོལ་དུས་མགྲིན་བརྣངས།།
ཕུ་བོས་བཟོས་པའི་མར་ཕྱུར།།
ལམ་ནས་ལྟོགས་སྐོམ་མ་བྱུང་།།
ནུ་བོས་སྤྲད་པའི་སྟོད་གོས།།
ཆམ་རོམ་གངས་ཀྱི་ཉལ་ཆས།།
ཉིན་ཞག་ཟླ་ཤས་རིང་ལ།།
སེམས་འཁྲེང་ཕྱིར་མིག་ཕ་ཡུལ་ཕྱོགས་ལ་བལྟོས།།
མདུན་བསྐྱོད་གོམ་སྒྲ་རྒྱུས་མེད་ལ་ཆེན་བརྒལ།།
མུ་མེད་ལ་ལུང་ཉིན་ནས་མཚན་བརྒྱུད་དེ།།
རྒྱབ་ཀྱི་དོས་པོ་ལྷོད་མེད་ཤུགས་ཀྱིས་འཁུར།།
ལུས་སེམས་སྐྱོ་སྡུག་ལྟོགས་སྐོམ་གྲང་འཁྱག་དང་།།
དགྲ་ཡི་སོ་སྲུང་སེམས་ཀྱིས་ཞེན་སྣང་གཅིག།།
ངལ་བ་བརྒྱ་ཕྲག་ཁྱད་གསད་ཁུར་བོ་གཉིས།།
ཡུན་རིང་བགྲོད་པའི་རྐང་ལག་འཁྱག་ཤུད་གསུམ།།
དུས་ལྟར་ཟ་འཐུང་མ་རེག་བཤང་རྒྱུར་འབྱར།།།
རྫ་དུག་སྲོག་དབུགས་མི་འདིང་མགོ་འཁོར་བ།།
མཚན་ན་ཉལ་ཚེ་བྱེ་རྡུལ་རླུང་འུར་ལྡང་།།
གདོང་གི་པགས་པ་ཡོད་ཚད་རྫ་དུག་བཤུས།།
སོང་སོང་བའི་བལ་བོད་ས་མཚམས་སླེབས།།
གནམ་གཤིས་དྲོད་གྲང་ཧ་ཅང་འོས་ཤིང་འཚམ།།
ཐང་བདེ་འགྲོ་བདེ་ལམ་ཞིག་མེད་ན་ཡང་།།
དད་པའི་བྱིན་ཆགས་དགོན་པའི་རྟེན་བཞེངས་སོགས།།
གཟར་བོ་རི་དང་དང་གྲོང་ཁྱིམ་གཡས་གཡོན་ལ།།
ཡོད་པ་མཐོང་བས་སེམས་འདི་ལྷོད་ལ་བབ།།
སྐྱིད་སྡུག་གཅིག་པའི་ཡོང་རོགས་སྤུན་ཟླ་རྣམས།།
དགའ་པའི་འཛུམ་དང་སྤྲོ་བའི་དགོད་སྒྲས་ཁེངས།།
རྒྱབ་ཁུག་ལམ་གྲོ་ཕལ་ཆེ་རྫོགས་ལ་ཉེ།།
ལམ་ཁར་ལྟོགས་དུས་ཡུལ་ཟས་ལྷག་མ་དྲན།།
ཞོག་ཁོག་བཙོས་མ་དྲན་པ་ཉིན་གཅིག་མིན།།
རྒྱུས་མེད་ཡུལ་ན་ཕ་ཟས་ཡོད་ན་བསམ།།
དག་དག་ཉིན་དེར་འདོད་ཐོག་རྟ་རྒྱུགས་ཀྱིས།།
རྡོ་གཡམ་ལས་གྲུབ་མི་ཚང་ཞིག་ལ་སླེབས།།
དེ་གའི་བུད་མེད་ཞིག་གི་སྨྱུག་སླེ་རུ།
ནང་ལ་ཞོག་ཁོག་བཀང་བ་མཐོང་ཙ་ན།།
འགྲམ་ཆུ་ལྡང་བཞིན་ཟ་འདོད་ཤུགས་ཆེར་སྐྱེས།།
དེ་མ་ཐག་ཏུ་ང་ཚོས་མངགས་ཉོ་བྱས།།
སེམས་པའི་ཟ་འདོད་སྐོམ་པ་ཆུ་ལྟར་ཡང་།།
དོན་ཐོག་ཟ་དུས་ཞོག་རྡོག་གཉིས་ཙམ་ཟོས།།
དུས་ལྟར་བཟའ་བཏུང་མ་རེག་ལམ་ཁ་ནས།།
ནང་ཁོག་ཡོད་ཚད་ཅུང་ཙམ་འཁུམ་པ་དང་།།
ཅུང་ཙམ་མིད་རྗེས་མགྲིན་སྦག་འགག་ཞིང་ཚ།།
ཉིན་དེའི་མཚན་མོ་ང་ཚོ་ཆ་བགོས་ཀྱིས།།
དུད་ཁྱིམ་རེ་འགར་བྱས་ནས་ཞག་འདུག་བྱས།།
དེ་ཡི་སང་ཞོགས་སྔ་མོ་ཡར་ལངས་ཏེ།།
ཡར་མར་གཡས་གཡོན་གང་སར་ལྟོས་པ་ན།།
ཧ་ལམ་ཡུལ་གྱི་རི་ཁྲོད་དགོན་དང་འདྲ།།
དུད་ཁྱིམ་རྒྱབ་རི་ཡོད་ཚད་རྒྱ་རྫོང་ནགས།།
གནས་ཁྱིམ་སྒོ་འགྲམ་ལམ་མདོ་གང་ས་ན།།
སྤྲོ་དགའི་གཟི་ཉམས་དོད་པོའི་མཆོད་རྟེན་མང་།།
མི་རྣམས་ཞི་ཞིང་དུལ་བའི་རང་བཞིན་གནས།།
ཡུལ་དེར་གནས་མཁན་ཕལ་ཆེ་ཤར་བ་རེད།།
བཙན་པོའི་སྐབས་ཀྱི་ས་མཚམས་རུ་དམག་གྲགས།།
དེ་ནས་འཁྱུག་ཙམ་འགོར་བའི་ཡུན་དུས་སུ།།
ལམ་ཁྲིད་བཀའ་བཞིན་ངེད་ཅག་ལམ་ལ་ཆས།།
གྲོང་དེའི་འདབ་རོལ་ཤིང་ནགས་འཕྲེད་ལམ་བརྒྱུད།།
ཡུལ་མིང་གནའ་བོ་ཆེ་ཅན་ཕྱོགས་ལ་ཐོན།།
དེ་གར་དགོན་པ་ཞིག་གིས་གནས་ཚང་གཡར།།
ཉིན་མཚན་བཞི་ལ་དགོན་དེར་གནས་བཅའ་བྱས།།
གསོལ་ཇ་འབྲས་སོགས་རིན་མེད་ང་ཚོར་གནང་།།
ལས་བསོད་ཞིག་གིས་མགོ་སེར་་གཉིས་དང་འཕྲད།།
ཆེད་དུ་ང་ཚོར་རོགས་རམ་གང་ཐུབ་བྱས།།
ཉིན་གཉིས་ལྷོད་བཞུགས་ཡར་མར་གང་སར་ཉུལ།།
ཉིན་གསུམ་འགོར་རྗེས་བལ་ཡུལ་དམག་མི་ཡིས།།
ང་ཚོ་བཀག་སྐྱིལ་བྱས་ཏེ་ཉིན་གཅིག་འགོར།།
ང་ཚོའི་སྐྲ་ཉག་ཙམ་ཡང་མ་ལྷག་པར།།
མགོ་ནས་ལུས་ཡོངས་སྔོགས་ནས་ཞིབ་བཤེར་བྱས།།
ལག་གི་དངུལ་ཕྲན་ཡོད་ཚད་ཁོང་ཚོས་འཕྲོག།
ཉིན་གང་ཟས་མེད་ཕྱི་དྲོ་ས་རུབ་ཁར།།
ང་ཚོ་ཕྱི་རུ་གློད་སོང་བློ་སེམས་བདེ།།
ཕྱི་ཉིན་ཞོགས་པར་གཏམ་བཟང་ཐོས་པ་ནི།།
བལ་ཡུལ་བོད་གཞུང་སྣེ་ལེན་ཡན་ལག་ནས།།
ང་ཚོར་ཆེད་དུ་བསྐུར་བའི་ཕྱག་ཡིག་ནི།།
བལ་དམག་ཡུལ་མི་སོགས་ལ་ཚུལ་མཐུན་གྱིས།།
གནས་ཚུལ་ཅི་ཡང་ལྷག་མེད་ཡོང་དགོས་ཚུལ།།
བལ་དམག་ལག་ནས་ངེད་ཅག་ཚུར་ཉོས་ཏེ།།
གནམ་གྲུ་མ་གཏོགས་ལམ་མེད་གནའ་ཆེ་ནས།།
རླངས་འཁོར་འབབ་ཚུགས་བར་དུ་སྣེ་ལེན་ཚུལ།།
ཡིད་ཆེས་དཀའ་བའི་གཏམ་བཟང་དེ་གོ་བས།།
ཚང་མ་སྔར་ལས་རྣམ་ཤེས་ཇེ་རྒོད་གྱུར།།
བཅོས་མིན་དགའ་སྣང་ཕན་ཚུན་འཛུམ་ཡལ་མེད།།
ལྷག་པར་གནམ་གྲུ་འགྲོ་བར་དགའ་སྣང་གིས།།
སེམས་ནང་བརྗོད་དཀའི་ཧ་ཅང་སྤྲོ་བས་བརྟས།།
དེ་ནས་ཉིན་གཉིས་རྗེས་སུ་བལ་ཡུལ་རྒྱལ་ས་སླེབས།།
སེམས་ཀྱི་རྣམ་རྟོག་རིམ་བཞིན་ཇེ་ཉུང་སོང་།།
ལུས་སེམས་ངལ་གསོ་ཅུང་ཙམ་རྙེད་པར་གྱུར།།
ཟས་མལ་གང་ཅིའི་ཐད་ནས་མཐུན་རྐྱེན་བཟང་།།
ལ་འགག་གངས་རི་ཆུ་དང་སོ་སྲུང་ལས།།
དེ་ནས་བཟུང་སྟེ་བྲོས་བྱོལ་འཕྲང་ནས་མཐར།།
རྐང་བར་ཆུ་སྒང་ཐོན་པ་སོགས་སྨན་བཅོས།།
མཐུན་རྐྱེན་གང་ལེགས་སྦྱར་བ་ལ་བརྟེན་ནས།།
ལུས་ཁམས་སོགས་ཀྱང་ཡག་པོ་གསོ་བཅུག་སོང་།།
ཕ་ཡུལ་དང་ནི་ནམ་ཡང་བརྗེད་ཐབས་བྲལ།།
འདས་དོན་རི་མོ་ནམ་ཡང་དྲན་ཐོ་ཡིན།།
དྲན་ཐོ་འགྲུལ་བཞུད་སྤུན་ཟླའི་སྐྱིད་སྡུག་སྟེ།།
ཉུང་ངུ་ཚིག་གི་ལམ་ནས་སྐབས་དོན་བསྡུ་བའོ།
༢༠༡༦ ། ༤ ། ༡༧ ལུག་རྫིས ཕ་ཡུལ་ནས་བལ་ཡུལ་བར་དུ་ལམ་ནས་ཡོང་ཁའི་ཟིན་ཐོ་ཐོར་བུར་བཀོད།
༅༅། ལུག་རྗི་ནས་་ཕ་ཡུལ་བོད་ནས་བལ་ཡུལ་བར་གྱི་དངོས་བྱུང་བརྩམས་གཞས་དེ་སྙན་བྱུང་
སེམས་ཡང་སྐྱོ་བྱུང། བོང་གངས་ཅན་ལྗོངས་ཀྱི་མི་རིགས་འདི་ལ་རྒྱ་དམར་པོས་སྡུག་སྦྱོང་ཇི་བཏང་
མི་རབས་ནས་མི་རབས་བར་དང། ཚེ་རབས་ནས་ཚེ་རབས་བར་བརྗེད་ག་ལ་སྲིད།
ང་ཚོ་ཚང་མའི་ལས་དབང་གཅིག་རེད།
ད་་་་སྡུག་མི་དགོས་ སྐྱོ་མི་དགོས། བཞེད་མི་དགོས། འཇིགས་མི་དགོས།