ཨེ་མ་ཧོ།
ན་མོ་གུ་རུ་རཏྣ་ཡེ།
མི་ཚེ་ཡིད་བཞིན་ནོར་བུ་ཡིན།།
སྙིང་པོ་དམ་པའི་གྲུ་ཆུང་འདི།།
དལ་བརྒྱད་འབྱོར་བཅུ་ངོས་ཟིན་ན།།
སངས་རྒྱས་ཐོབ་པའི་སྒྱུ་འཕྲུལ་ཡིན།།
མི་ཚེ་དཔག་བསམ་སྡོང་པོ་ཡིན།།
གང་འདོད་འབྱུང་བའི་རྟེན་འབྲེལ་འདི།།
ལས་སྨོན་དམ་ཚིག་མ་རལ་ན།།
སྨིན་གྲོལ་ཐོབ་པའི་ཟབ་གནད་ཡོད།།
མི་ཚེ་འདོད་འཇོའི་བ་མཆོག་ཡིན།།
འཁོར་འདས་འཚོ་སའི་ལོངས་སྤྱོད་འདི།།
སྨོན་འཇུག་རྩ་ལྟུང་མ་བྱུང་ན།།
ཕ་རོལ་ཕྱིན་པའི་གདམས་ངག་ཡོད།།
མི་ཚེ་མ་རྨོས་ལོ་ཏོག་ཡིན།།
ཐར་ལམ་ཐེག་པའི་སྒྱུ་ལུས་འདི།།
དཀའ་སྤྱད་སྡོམ་པ་སྲུང་ཐུབ་ན།།
དགྲ་བཅོམ་ཐོབ་པའི་དགོས་པ་ཡོད།།
མི་ཚེ་འཁོར་ལོ་རིན་ཆེན་ཡིན།།
དགེ་ལེགས་འབྱུང་བའི་ནོར་བུ་འདི།།
དགེ་སྒྲུབ་སྡིག་སྤོང་བརྩོན་ནུས་ན།།
མཐོ་རིས་འགྲིམ་པའི་བདེན་དཔུང་ཡོད།།
མི་ཚེ་གཏེར་གྱི་བུམ་བཟང་ཡིན།།
རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་འདི།།
བསྐྱེད་རྫོགས་རྫོགས་ཆེན་གནད་ཤེས་ན།།
ཆོས་ཉིད་འོད་གསལ་ལྷུན་གྲུབ་ཡོད།།
ངེས་འབྱུང་ལྡན་པའི་མི་ལུས་ལ།།
སྙིང་པོའི་བྱང་ཆུབ་སེམས་ཀྱིས་ཕྱུག།།
གསང་ཆེན་རྣལ་འབྱོར་དགོངས་པ་བརྙེས།།
བསྟན་འགྲོར་ཕན་བདེའི་དཔལ་དུ་ཤོག།
ཅེས་པ་རབ་རྒྱན་ཤིང་རྟའི་སྨིན་ཟླའི་དབང་ཕྱོགས་རྒྱལ་བ་གསུམ་པར་ཀླུ་སྒྲུབ་གཉིས་པ་ཀླུ་སྨྱོན་ཧེ་རུ་ཀའི་གསུང་ཞིག་མཇལ་བའི་རྐྱེན་ལས་ཐོལ་བྱུང་དུ་རྟེན་འབྲེལ་སྨིན་པ་ལྟར་བྱུང་བས་དགོས་པ་ཞིག་ལོས་ཡོད་སྙན་ནས་སྦས་གསང་མེད་པར་ཤྲྰི་སྨྱོན་ཨེ་མ་ཧོས་དབྱིན་ཡུལ་ཨེ་ཝཾ་ནོར་བུའི་དགའ་ཚལ་ནས་བྲིས་པས་མི་ཚེ་སྙིང་པོ་ལོན་པའི་རྒྱུ་རུ་གྱུར་ཅིག་གུ།། ཤྲྰི་སརྦ་ཨ་ནནྟ་བཛྲ་བི་ཛ་ཡནྟུ།། ཛ་ཡ་ཛ་ཡ་སུ་ཛ་ཡ།།