སེར་ཤུལ་རིན་ཆེན་དོན་གྲུབ།
མི་ཚེ་ནི་མི་ཞིག་གི་འཚོ་བའི་རྒྱུད་རིམ་དང་ཡང་ན་ཚེ་སྲོག་བུས་པ་ནས་འཆི་བདག་གིས་མ་བསུ་བའི་བར་གྱི་རིང་ཐུང་མི་སྙོམས་པའི་ལོ་ཟླ་དེ་དག་ཡིན་མོད། ལོ་ཟླ་དེ་དག་དམ་འཛིན་དང་སྙིང་སྟོབས་ཆེན་པོས་འབད་བརྩོན་བྱས་ན་འགྲོ་བ་མིའི་རིགས་སྤྱི་དང་བྱེ་བྲེག་རང་དང་རང་གི་ཉེ་འགྲམ་གྱི་སེམས་ལྡན་དེ་ཚོར་ཕན་ནུས་རང་བཞིན་ལྡན་པའི་ལས་བྱ་ཡང་དག་པ་རེའང་བསྐྲུན་ཐུབ། སྤྱིར་བཏང་མི་ཞིག་གི་མི་ཚེའི་ཁ་ཕྱོགས་དང་། ཕུགས་བསམ། མདུན་སྐྱོད། སྤྱི་ཚོགས་ལ་ཕན་པའི་རང་བཞིན་གྱི་བསམ་བློ་སོགས་ནི་དགེ་རྒན་དང་། ཁོར་ཡུག ཉེ་འགྲམ་གྱི་སྤྱི་ཚོགས་སོགས་ཧ་ཅང་གི་མང་པོ་ཞིག་ལ་བལྟོས་ཤིང་འབྲེལ་བ་མ་ཟད་རང་ཉིད་ཀྱི་སེམས་ཤུགས་དང་། སྤོབས་པ། དམིགས་ཚད་བཅས་ལ་ཡང་འབྲེལ་བ་ཆེན་པོ་ཡོད། རང་ཉིད་ལ་འཇིག་རྟེན་གྱི་ཚོར་ཤེས་རིམ་གྱིས་རྒྱས་ཤིང་མིག་དང་ཀླད་པའི་ནུས་སྟོབས་ཇེ་ཆེར་ཕྱིན་པ་དང་དུས་མཚུངས་ལོ་ནའི་བབ་བསྟུན་གྱིས་སྤྱི་ཚོགས་ཀྱི་སྒོ་ཐེམ་བརྒྱུད་དགོས་ཤིང་སྤྱི་ཚོགས་ཁྲོད་ཀྱི་སྐས་འཛེག་ཀྱི་གོམ་པ་དང་པོ་སྤོ་བའི་དུས་སྐབས་དེ་ནི་རང་ཉིད་ལ་མཚོན་ན་ཧ་ཅང་གི་གལ་ཆེན་རང་བཞིན་གྱི་དུས་སྐབས་ཤིག་ཡིན། འགྲོ་བ་མི་སུ་ཡིན་ཡང་རང་ཉིད་ཀྱི་མཛེས་སྡུག་ལྡན་པའི་མི་ཚེ་དེ་འཚོལ་བཞིན་ཡོད་ལ་དེ་ནི་སློབ་སྦྱོང་དང་འཇོན་ནུས་ནས་འགོ་བཙུག་དགོས་པའི་བསམ་ཚུལ་འཛིན་གྱི་ཡོད། འོན་ཀྱང་རྒྱུད་རིམ་དེའི་ཁྲོད་ཀྱི་ཆེས་གལ་ཆེ་བ་ཞིག་ནི་དམིགས་ཚད་དང་སྤོབས་པ་གཉིས་ཡིན། དམིགས་ཚད་མེད་པའི་མི་ནི་ཁ་ཕྱོགས་མེད་པའི་སྤྲང་བོ་ཞིག་དང་འདྲ་བར་འབད་བརྩོན་དང་། གྲུབ་འབྲས་ལ་རྩོད་ལེན་མི་བྱེད་པར་སྒྱིད་ལུག་ངང་མི་ཚེ་འགྲོ་ཐབས་བྱེད་ཅིང་། གལ་སྲིད་སློབ་སྦྱོང་དང་མདུན་སྐྱོད་ལ་བསམ་བློ་བཏང་བའི་དབང་དུ་བྱས་ཀྱང་དེ་ནི་ངེས་མེད་ཅིག་དང་ཁུངས་འཁྱོལ་བའི་གདེང་སྤོབས་དང་བྲལ་བ་ཞིག་ཡིན། གང་ཡིན་ཞེ་ན་དང་པོ་ནས་གྲུབ་འབྲས་འདི་ལྟ་བུ་ཞིག་ཐོབ་དགོས་སྙམ་པའི་ཚད་གཞི་གང་ཡང་མེད་པར་འགོ་བཙུག་པས་གང་མཚམས་ཤིག་ནས་མདུན་སྐྱོད་ལ་ལྷོད་གཡེང་ཤོར་སྲིད་ལ་ལས་རིགས་གཞན་ཞིག་ལ་ཁ་ཕྱོགས་ཀྱང་སྤོར་སྲིད། དེ་ནི་དམིགས་ཚད་མེད་པའི་ཉེས་དམིགས་ཁོ་ན་ཡིན། ང་ཚོས་མཐོང་བཞིན་བ་ལྟར་ཚད་ལྡན་དགེ་བཤེས་ཀྱི་དམིགས་ཚད་མེད་པའི་གྲྭ་བ་གང་མང་ཞིག་སློབ་སྦྱོང་གི་འཕྲོ་བཅད་དེ་སྤྱི་ཚོགས་གཞན་ཞིག་ལ་ཞུགས་བཞིན་ཡོད་ལ་མཐོ་སློབ་གྲུབ་འབྲས་ཀྱི་དམིགས་ཚད་མེད་པའི་སློབ་ཕྲུག་གང་མང་ཞིག་ཀྱང་དེ་བཞིན་སློབ་སྦྱོང་གི་འཕྲོ་བཅད་དེ་ཁ་ཕྱོགས་གཞན་ཞིག་ལ་ཕྱོགས་འགྲོ་ཡི་ཡོད། ད་དུང་ཁ་ཕྱོགས་དང་དམིགས་ཚད་མེད་པའི་མི་གང་མང་ཞིག་ཡང་དག་ཡིན་མིན་ལ་མ་བལྟོས་པར་རང་དང་འབྲེལ་ཡོད་ཀྱི་ལམ་སྟོན་འོག་ཏུ་འགྲོ་རྐྱང་བྱེད་ཀྱང་དེའི་གྲུབ་འབྲས་ནི་གལ་སྲིད་ལམ་ལྷོངས་མ་བྱུང་ཚེ་འགྱོད་པ་དང་འཁང་ར་ཁོ་ན་ཡིན། གལ་སྲིད་དམིགས་ཚད་དང་རང་ཚུགས་ཚད་ལྡན་ཞིག་ཡོད་ན་འདི་ཐམས་ཅད་ལས་རྣམ་པར་རྒྱལ་ཐུབ་ལ་འདིའི་ལྡོག་ཕྱོགས་ཀྱི་དགའ་འོས་པའི་གྲུབ་འབྲས་དག་ཐོབ་པ་ལ་མཐུན་རྐྱེན་ཡང་བསྐྲུན་ངེས། དམིགས་ཚད་དང་འཚོ་བ་ནི་རང་ཉིད་ཀྱི་གདམ་ག་ཞིག་ཡིན་ཞིང་གདམ་ག་དེས་རང་ཉིད་མཚར་སྡུག་ལྡན་པའི་མཛེས་པའི་ཞིང་ཁམས་ཤིག་ཏུ་ཁྲིད་མིན་ཡང་རང་ཉིད་ཀྱི་གདམ་ག་དང་སྤོབས་པ་ལ་རག་ལས་ཡོད། དེས་ན་མི་ཚེའི་དམིགས་ཚད་ནི་སྐུལ་དེད་ཀྱི་གླིང་བུ་ཞིག་དང་སྤོབས་པའི་ཚོས་གཞི་ནི་རང་ཉིད་ཁྲི་འདོན་བྱེད་པའི་ཆོ་ག་ངོ་མ་ཞིག་ཡིན། རང་དང་མཚམས་པའི་དམིགས་ཚད་ཅིག་གཞི་རྩར་བཟུང་ནས་བརྩོན་པའི་སྟོབས་བསྐྱེད་པ་དང་དུས་མཉམ་དུ་སྦྱང་འབྲས་དང་གྲུབ་དོན་རྣམས་སྤྱི་ཚོགས་ཀྱི་ཕན་བདེའི་ཆེད་དུ་དང་། རང་ཉིད་ཀྱི་མི་ཚེའི་ཆེད་དུ་བཀོལ་དགོས་ཤིང་དེའི་སྣེ་འཁྲིད་དང་མདུན་སྐྱོར་ནི་སྤོབས་པའི་མཛེས་སྡུག་ཀྱི་དེད་དཔོན་ཁོ་ན་ཡིན། སྤོབས་པ་མེད་པའི་མི་སུ་ཞིག་གིས་ཀྱང་རང་ཉིད་ཀྱི་སློབ་སྦྱོང་གི་གྲུབ་དོན་སྤྱི་ཚོགས་ཀྱི་བསམ་བློ་དང་ཕན་བདེའི་ཞིང་སར་སྤུང་མི་ཐུབ་ལ་རང་ཉིད་ཀྱི་འཇོན་ཐང་དང་ནུས་པའང་སྤྱི་ཚོགས་ཀྱི་གྲུ་ཟུར་ཞིག་ནས་བག་ལ་ཞ་འགྲོ། དེ་ལྟར་ཡང་སྤོབས་པ་དང་ཧམ་པ་ནོར་མི་རུང་བས་སྤོབས་པའི་རྒྱབ་རྟེན་སློབ་སྦྱོང་དགོས་ཤིང་སློབ་སྦྱོང་གི་སྐུལ་དེད་དམིགས་ཚད་དགོས་པའི་རྟེན་འབྲེལ་གྱི་སྦྱོར་བ་འདི་མི་ཚེའི་མཛེས་སྡུག་འཚོལ་བཞིན་པའི་ང་ཚོར་ཅི་འདྲའི་མཁོ་གལ་ཆེ་ཨང་། དེས་ན་ང་ཚོས་མཉམ་གཅིག་ཏུ་དམིགས་ཚད་བཟུང་ནས་སྤོབས་པ་བསྐྱེད་དེ་རང་དང་ཉེ་བའི་སྤྱི་ཚོགས་དང་རང་ཉིད་ཀྱི་མི་ཚེའི་ཆེད་དུ་བསྐྱོད་འགྲོ །། །།
2011/719