ཚེ་རིང་།
ཚིགས་མལ་འདི་ནི
ངས་ཆེས་མཐའ་མཇུག་གི་འགྲུལ་བཞུད་བྱེད་ས་དེ་ཡིན
འདི་ལས་རྒོད་པོ་གྲངས་མེད་ཀྱིས
གཤོག་ཟུང་བར་སྣང་ལ་གཏད་མྱོང་ལ
འདི་ལས་ཚེ་སྲོག་དུ་མ་ཞིག་ཀྱང
དབྱངས་རྟ་ལ་ཐིམ་སོང
ཕྱིར་དྲན་རེ་བྱེད་དུས
ཁ་སང་གི་བྱུང་བ་དེའི་ཁྲོད་དུ
སྨྲེང་སེམས་སློང་བའི་དགའ་སྐྱོའི་ཆགས་སྡང་གི་གཏམ་རྒྱུད
སུ་ལའང་མི་མངོན་པའི་བར་སྣང་ཞིག་ན
ད་དུང་གསལ་ལ་མི་གསལ་དུ་གྲགས་ཀྱིན་འདུག
ཐག་ཉེ་ཐག་ཉེ་ཞིག་ཏུ་འདྲ་ནའང
ལོ་ཟླས་ང་ཇི་འདྲའི་རྒྱང་རིང་ཞིག་ཏུ་ཁྱེར་འདུག་ཨང
ངུ་བཞིན་མགོ་བོ་སྔས་ལ་འཇོག་པའི་ནད་པ་དེ་དང
དགོད་ཞོར་མིག་ཆུ་ས་རུ་ལྷུང་བའི་མི་ཚོགས་དེ་དག་གིས
ང་ལའང་སང་ཉིན་གྱི་གནས་མལ་ཞིག་གི་དགོས་མཁོ་ཚོར་དུ་བཅུག
དེ་བས ཚིགས་མལ་འདི་ལས
ངས་སང་ཉིན་གྱི་ཉི་མ་ལ་རྒྱང་འབོད་བྱས་ཆོག་ལ
ཚིགས་མལ་འདི་ལས
ངས་སང་ཉིན་གྱི་དྲོད་ཁོལ་ལ་རེ་སྒུག་བྱས་ཆོག
2014/08/09