འབའ་སྲས།
མཚམས་སྤྲིན་དམར་པོ་དེ་ཁྱེད་ཀྱི་གཟི་བརྗིད་ཡིན་ངེས།།
རི་རྩེ་མཐོན་པོ་དེ་ང་ཡི་རླུང་རྟ་ཡིན་ཆོག །
གནམ་ས་གཉིས་སྦྲེལ་གྱི་ལམ་ཁ་འདི་ལས་གཞན་ཞིག།
འཇིག་རྟེན་ཕ་རོལ་ལས་གོ་ལ་འདི་ན་མེད་དོ།།
གཙང་མོ་ཤག་ཤག་དེ་ཁྱེད་ཀྱི་མདུན་ལམ་ཡིན་ངེས།།
ཕ་བོང་ནག་རོག་དེ་བདག་གི་བར་ཆད་ཡིན་ཆོག །
ཆུ་བོ་བྲག་རྡོ་ལ་མ་ཐུག་བཞུར་བའི་ལམ་ཞིག །
བྱེ་མའི་ཐང་ཆེན་དུ་བཙལ་ཀྱང་རྙེད་པ་མེད་དོ།།
ནམ་མཁའི་འཇའ་རིས་དེ་ཁྱེད་ཀྱི་འཛུམ་མདངས་ཡིན་ངེས།།
སྟོན་ལོ་རྙིད་པ་ནི་ང་ཡི་སྐྱོ་ཉམས་ཡིན་ཆོག །
མི་རྟག་ཆོས་ཉིད་འདི་སྐད་ཅིག་རང་བཞིན་ཡིན་པས།།
གཏན་དུ་རྟག་པ་ཡི་ལམ་ཞིག་སུ་ལ་མེད་དོ།།
འབྲོང་གི་རྭ་རྩེ་ནི་ཁྱེད་ཀྱི་ཕུགས་སེམས་ཡིན་ངེས།།
ཝ་མོའི་མཇུག་མ་ནི་ང་ཡི་མི་ཚེ་ཡིན་ཆོག །
རྩྭ་གཟན་ཤ་གཟན་གྱི་འཚོ་བ་ཁ་ཁ་ཡིན་ཡང་།།
རང་རང་བྱས་ནས་ནི་འགྲོ་སའི་ལམ་ཞིག་མེད་དོ།།
གཡག་རོག་རྒོད་པོ་ཡི་རྒྱབ་ཏུ་སྒ་ཞིག་ཡོད་ལ།།
གྱི་ལིང་ཁ་ན་ཡང་ལྕགས་ཀྱི་སྲབ་ཅིག་ཡོད་པས།།
རང་རང་ལས་བསྐོས་ཀྱི་བསྒྲུབ་བྱ་འདི་ཉིད་མ་གཏོགས།།
རང་སྣང་གང་དྲན་གྱི་བྱ་བའི་ལམ་ཞིག་མེད་དོ།།
མཐོན་པོའི་བྲག་རིར་ལ་རིང་བའི་སྐེ་ཞིག་འཛུགས་ཆོག །
ཟབ་པའི་མཚོ་ངོགས་སུ་བརྟན་པོའི་གྲུ་ཞིག་གཏོང་ཆོག །
མི་ཚེ་འགྲོ་ལམ་འདིར་ལས་བསྐོས་འདི་ལས་མ་གཏོགས།།
བཟོ་དང་ཚན་རིག་གིས་བགྲོད་པའི་ལམ་ཞིག་མེད་དོ།།
ཁྱེད་རང་ཕར་ཕྱོགས་སུ་ལོ་དང་ཟླ་ལ་ཆས་ཀྱང་།།
ནམ་ཞིག་བདག་གི་ནི་མདུན་ལ་འཁོར་འཁོར་བྱ་ཡོང་།།
བདག་ཀྱང་ཕར་ཕྱོགས་ལ་ཇི་ལྟར་ཡང་ཡང་བསྐྱོད་ཀྱང་།།
ཚུར་ཚུར་འཁོར་བ་ལས་འགྲོ་ས་གཞན་ཞིག་མེད་དོ།།
༡༠/༠༢/༡༤ ཕྱི་དྲོར་རང་ཁྱིམ་དུ།
སྙན་ངག་ལས་བཏུས་པའི་སྙན་དངགས།
མཚམས་སྤྲིན་དམར་པོ་དེ་ཁྱེད་ཀྱི་གཟི་བརྗིད་ཡིན་ངེས།།
རི་རྩེ་མཐོན་པོ་དེ་ང་ཡི་རླུང་རྟ་ཡིན་ཆོག །
གཙང་མོ་ཤག་ཤག་དེ་ཁྱེད་ཀྱི་མདུན་ལམ་ཡིན་ངེས།།
ཕ་བོང་ནག་རོག་དེ་བདག་གི་བར་ཆད་ཡིན་ཆོག །
ནམ་མཁའི་འཇའ་རིས་དེ་ཁྱེད་ཀྱི་འཛུམ་མདངས་ཡིན་ངེས།།
སྟོན་ལོ་རྙིད་པ་ནི་ང་ཡི་སྐྱོ་ཉམས་ཡིན་ཆོག །
འབྲོང་གི་རྭ་རྩེ་ནི་ཁྱེད་ཀྱི་ཕུགས་བསམ་ཡིན་ངེས།།
ཝ་མོའི་མཇུག་མ་ནི་ང་ཡི་མི་ཚེ་ཡིན་ཆོག །
གཡག་རོག་རྒོད་པོ་ཡི་རྒྱབ་ཏུ་སྒ་ཞིག་ཡོད་ལ།།
གྱི་ལིང་ཁ་ན་ཡང་ལྕགས་ཀྱི་སྲབ་ཅིག་ཡོད་པ།།
མཐོན་པོའི་བྲག་རི་ལ་རིང་བའི་སྐས་ཤིག་འཛུགས་ཆོག །
ཟབ་པའི་མཚོ་ངོགས་སུ་བརྟན་པོའི་གྲུ་ཞིག་གཏོང་ཆོག །
རླུང་རྟ་དང་ཀླུང་རྟ་་་ཧཧཧ