ཨེ་མ་ཧོ།
ན་མོ་གུ་རུ་མ་ཎི་ར་ཛཱ་ག་རུ་ཌ་ཡེ།
༼༡༽ དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་ཆེན།།
ཕྲལ་བྱུང་རས་ཆད་མི་ཁོམས་ཡོངས་སུ་བྲལ་ནས།།
སངས་རྒྱས་བྱང་ཆུབ་སེམས་དཔའི་གྲལ་དུ་བཞུགས་པ།།
དཔལ་དགྱེས་རྡོ་རྗེའི་མཛད་པ་དང་པོ་ལགས་སོ།།
༼༢༽ བཅུ་ཕྲག་རིག་པའི་གནས་ལ་ཉིན་མཚན་འབད་ནས།།
མང་ཐོས་རིག་པའི་དབང་ཕྱུག་ཐབས་ཤེས་ཁྱབ་བདག།
དྲང་བདེན་ཐོས་བསམ་སྒོམ་པའི་གྲུབ་འབྲས་རྒྱལ་པོ།།
ཕན་བདེ་ཕྲིན་ལས་ལྷུན་གྲུབ་གཉིས་པ་ལགས་སོ།།
༼༣༽ ལྷ་མིའི་ཡ་རབ་བསམ་སྤྱོད་གྲོགས་དང་བསྟུན་ནས།།
ངེས་འབྱུང་བྱང་ཆུབ་སེམས་ལ་མངའ་དབང་འབྱོར་ཞིང་།།
སྣང་སྲིད་རྣམ་དག་རྟོགས་པའི་རྡོ་རྗེ་འཛིན་པ།།
ཨེ་མ་ཧོ་ལ་དངོས་གྲུབ་གསུམ་པ་ལེགས་སོ།།
༼༤༽ ཆོས་དཔལ་བསྟན་སྲིད་ནོར་བུ་བསམ་འཕེལ་དབང་རྒྱལ།།
གང་འདོད་ལོངས་སུ་སྤྱོད་པའི་སྨྱོན་པའི་རྟུལ་ཞུགས།།
ལེ་ལོ་སྡིག་གྲོགས་ངན་པ་རིང་དུ་སྤོངས་པའི།།
དགེ་ལེགས་ཡར་འཕེལ་རྣམ་ཐར་བཞི་བ་ལེགས་སོ།།
༼༥༽མི་ཚེའི་དང་པོ་དམ་ཆོས་བཤད་སྒྲུབ་ཕྲིན་ལས།།
མི་ཡུལ་འགྲིམས་པའི་སྙིང་པོ་དོན་ལྡན་ཐོབ་ནས།།
མི་ཚེའི་དུར་ས་དབྱིན་ཡུལ་རི་ལ་བསྐྱལ་བ།།
མི་ངའི་བདེ་ཆེན་བགྲོད་པའི་ལོ་རྒྱུས་ལྔ་བ་ལེགས་སོ།།
༼༦༽ ཤྲཱིས་སྨྱུ་གུ་རྩེ་མོ་ནང་ལ་བསྐོར་ནས།།
བདེན་པ་རིན་པོ་ཆེ་ཞེས་སྒྲུང་གཏམ་སྙན་མོ།།
རིག་འཛིན་དབྱངས་ཅན་དགྱེས་པའི་དཔྱིད་དུ་འབུལ་ན།།
ལྷ་དང་ལྷ་མོ་ཚོགས་ཀྱིས་མེ་ཏོག་ཐོར་ཅིག།
ཅེས་པ་འདི་ཡང་རབ་གནས་མེ་བྱའི་སྣྲོན་ཟླའི་དཀར་ཕྱོགས་དགའ་བ་དང་པོ་དབྱིན་ཡུལ་མི་དམངས་སྤྱི་ཁྱབ་ཏུ་ཐོབ་ཆ་འདྲ་མཉམ་ཐོབ་པའི་མོད་ལ་གང་ཤར་ཏུ་ཤྲཱིཿཨེ་མ་ཧོས་ལས་ཁང་དེ་ཉིད་དུ་བགྱིས་པར་དགེའོ།། ཕྱི་ལོ་༢༠༡༧/༦/༢༨ ལ།
༄༅། ཨེ་མ་ཧོ།
དལ་བརྒྱད་དང་སྦྱོར་བཅུ་གང་དང་གང་ཡིན་དང་དེའི་དོན་སྙིང་རེ་གསལ་བཤད་གནང་བ་ཞུ།
གོང་སྐོར་ཆ་ཚང་བ་ཞིག་ཤེས་མ་སོང།
ཐུགས་རྗེ་ཆེ།