སོག་མདའ།
བརྩེ་དུང་དར་གྱི་མདུད་པ་མཉམ་གཅིག་ལ་སྒྲིལ་བའི།།
ན་མཉམ་ཁྱིམ་གཅིག་བཞུགས་པའི་ཚེ་གང་གི་སྐྱ་ཡ།།
སེམས་ཀྱི་ཟབ་གསལ་ངང་ནས་བརྩི་འཇོག་ཅིག་བྱས་ནས།།
ཐོད་རུས་མ་འཐོར་བར་དུ་བདེ་སྐྱིད་ངང་འཚོ་རོགས།།
སྐྱིད་སྡུག་འདྲེས་པའི་འཁོར་བའི་ངང་ཚུལ་གྱི་ནང་ལ།།
བསགས་ན་ཚར་རྒྱུ་མེད་པའི་རང་གཤིས་ནི་ཡོད་ཀྱང་།
གང་འཛོམས་རང་གིས་རྙེད་པའི་རྒྱུ་ནོར་གྱི་རིགས་ཀུན།།
མཉམ་གཅིག་ལོངས་སུ་སྤྱོད་པའི་ཐབས་བཟང་ལ་བརྩོན་རོགས།།
ཞིམ་པོ་ཟས་ཞིག་ཡོད་ན་མཉམ་གཅིག་ལ་ཟ་ཞིང་།།
སྡུག་པའི་མིག་ཆུ་ཡོད་ན་མཉམ་གཅིག་ལ་བཏང་ནས།།
ལོ་ཟླའི་འཁོར་འགྲོས་རིང་མོ་འདི་ལྟར་དུ་བགྲོད་ན།།
ཁྱིམ་གྱི་བཟའ་ཚང་ཡིན་པའི་དོན་གོ་དེ་ཆོད་རེད།།
ཁྱོ་གར་སྙན་གྲགས་མེད་ཀྱང་ཆུང་མ་ཡིས་གཅེས་དགོས།།
ཆུང་མར་མོ་སྒོ་མེད་ཀྱང་ཁྱོ་ག་ཡིས་བྱམས་དགོས།།
གཙོ་བོ་སེམས་ཀྱི་བརྩེ་བ་དམ་པོ་དེས་བཅིངས་ན།།
ཕྱི་ཡི་རྣམ་པ་ཙམ་ནི་དེ་འདྲ་རང་མི་གཙོ།།
སྒོར་གྱིས་ཉོས་པའི་ཆུང་མས་རང་ཉིད་ལ་མི་ཕན།།
དབང་གྱིས་བླངས་པའི་ཁྱོ་གར་འགྱུར་ལྡོག་དེ་སླ་བས།།
བརྩེ་བ་སེམས་ནས་བཞད་པའི་བཟའ་ཟླ་དེ་རྙེད་ན།།
མི་ཚེའི་རིང་མོ་འདི་ཡི་བདེ་སྐྱིད་ནི་དེ་ཡིན།།
ཁྱིམ་གྱི་དོན་དག་གནད་ཀྱིས་སྒྲུབ་དགོས་རེ་ཡོད་ན།།
བཟའ་ཚང་མཉམ་ཏུ་གྲོས་ཁ་གོ་བསྡུར་རེ་བྱེད་རོགས།།
བསམ་ཕྱོགས་མཐུན་པའི་གྲོས་གཞི་གཅིག་སྟེང་ལ་ཕབ་ན།།
རྗེས་སུ་འགྱོད་པ་མེད་པའི་ལུགས་མཐུན་གྱི་གནས་རེད།།
སྐྱེས་པའི་བུ་ལོ་སྙིང་གི་ཟེའུ་འབྲུ་ལྟར་ཉར་ནས།།
རྣམ་དཔྱོད་རིག་པའི་སློབ་གླིང་རྩེན་པ་ཡི་དོ་རར།།
ཤེས་བྱའི་འདབ་ལག་རྒྱས་པའི་གཅེས་ཕྲུག་ཅིག་བསྐྱངས་ན།
དྲིན་ཆེན་ཕ་མ་ཡིན་པའི་དོན་གོ་དེ་ཆོད་རེད།།
སྐྱེས་པར་ཁོག་རྒྱ་ཡངས་པའི་བསམ་གཞིག་དེ་དགོས་གལ།།
སྐྱེས་མར་འགྱུར་ལྡོག་མེད་པའི་རང་གཤིས་དེ་མཁོ་ཞིང་།།
བཟའ་ཚང་མི་ཚེ་གཅིག་གི་འདུག་རོགས་དེ་ཡིན་པས།།
ཕན་ཚུན་བརྩེ་བས་བསྐྱངས་ནས་གུས་བཀུར་ལ་རེམ་དགོས།།
ཁྱོ་གས་དགའ་རོགས་བཙལ་ན་ཆུང་མ་ལ་གནོད་འགྲོ།།
ཆུང་མའི་ཟུར་རོགས་བཙལ་ན་ཁྱོ་ག་ཁོང་ཕམ་འགྲོ།།
དྲང་བདེན་རང་ལུགས་མེད་པའི་ལྐོག་ལྐོག་གི་བྱ་བ།།
ཕན་ཚུན་སེམས་ལ་གནོད་པས་དུས་ཀུན་ཏུ་འཛེམ་དགོས།།
ཆུང་མ་ཁྲོས་པའི་རང་སྐད་འབྲུག་བཞིན་དུ་ལྡིར་ཀྱང་།།
ཁྱོ་གས་ཐབས་ཀྱི་སྒོ་ནས་འཇགས་ཐབས་ལ་བརྩོན་དགོས།།
མཉམ་ཏུ་རླུང་གི་རྐྱལ་བ་ཆེས་ཆེར་དུ་རྒྱས་ན།།
བཟའ་ཚང་མི་མཐུན་བྱེད་པའི་གཡབ་མོ་དེར་ལོག་འགྲོ།།
ཆུང་ཆུང་དོན་དག་ཙམ་གྱི་གནད་ཁ་ལ་ཐུག་དུས།།
ཆེ་ཆེ་ཁྱོད་ངར་ང་ངར་དཔུང་རྩོད་དེ་མ་གནང་།།
བཟོད་སྒོམ་ངང་ནས་བྱས་པའི་ནོར་འཁྲུལ་ལ་གཟབ་ཞོར།།
སྔར་ལྟར་འགྲིག་པའི་གནས་ལ་འབད་པའི་ངང་བརྩོན་རོགས།།
བྱམས་ལྡན་དྲིན་གྱི་ཕ་མ་ཕ་རོལ་ལ་བཞག་ནས།།
བརྩེ་བའི་འཁྱིལ་ཞགས་རིང་པའི་ཁྱེད་མཉམ་ཏུ་བསྡད་པ།།
ཐུང་ཐུང་ཉིན་ཞག་གཅིག་གི་གསོལ་སྟོན་ནི་མ་རེད།།
རིང་མོ་མི་ཚེ་གཅིག་གི་ཚེ་གང་གི་སྐྱ་ཡ།།
མི་ཚེ་སྐྱ་ཡ་མེད་པའི་རི་སུལ་གྱི་ཁྲོད་ན།།
མི་ཚེ་སྐྱ་ཡ་ཞེས་པའི་སྙན་རྩོམ་འདི་ཀློག་བཞིན།།
མི་ཚེ་དོན་པོ་རང་གི་རུམ་ཁ་ནས་ཤོར་བའི།།
མི་ཚེ་སྟོང་པར་ཟག་པའི་སྐྱ་ཡ་ཞིག་དྲན་བྱུང་།།