མི་གསོན་པས་འོས་སྦྱོར་བྱས།
ཚན་རིག་པས་ཀླད་ཁམས་ལ་བརྟག་ཞིབ་བྱས་འབྲས་སུ་ཐུན་མིན་གྱི་ཁྱད་ཆོས་དུ་མས་ནང་ཆོས་སྒོམ་རིམ་གྱིས་སེམས་ཁམས་ཞི་བདེ་ལ་བསྒྱུར་བའི་དཔང་རྟགས་ཀྱི་མི་སྣ་གལ་ཆེན་དུ་གྱུར་པའི་མི་འགྱུར་རིན་པོ་ཆེས་དེབ་གསར་པ་འཇིག་རྟེན་ལ་བརྩེ་བ་ཞེས་པའི་དེབ་དེ་དེང་སྐབས་རྒྱལ་སྤྱིའི་ཁྱོན་དུ་འགྲེམ་ཚད་ཧ་ཅང་མཐོ།དེབ་འདི་ནི་མི་འགྱུར་རིན་པོ་ཆེའི་དབྱིན་སྐད་དུ་བྲིས་པའི་དེབ་ཕྲེང་བཞི་པ་སྟེ།དགའ་བའི་འཚོ་བ་དང་།མངོན་དགའི་ཤེས་རབ།མ་རིག་པ་འོད་གསལ་དུ་བསྒྱུར་བ། འཇིག་རྟེན་ལ་བརྩེ་བ་བཅས་དེང་རབས་ཀྱི་སྤྱི་ཚོགས་དང་སྒོ་བསྟུན་ཏེ་དྲན་ཤེས་ཀྱི་ལམ་ནས་ནང་སེམས་ཀྱི་བདེ་སྐྱིད་འཚོལ་ཐབས་ཀྱི་ལམ་སྟོན་ཅན་གྱི་དེབ་བཞི་ལས་དེབ་བཞི་པ་དེ་ཡིན།དེབ་དེ་དག་ནི་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཆོས་ལུགས་ལས་འདས་པའི་བཟང་སྤྱོད་ཀྱི་ལམ་སྟོན་གལ་ཆེན་དུའང་བརྩིས་ཏེ་དེང་སྐབས་ཚན་རིག་པ་དང་།ཆབ་སྲིད་པ།སྒྱུ་རྩལ་བ།སློབ་གྲྭ་བ་བཅས་མི་སྣ་ཁྲི་ཕྲག་མང་པོས་ཉམས་ལེན་དང་སྦྱོང་བརྡར་བྱེད་ཀྱིན་ཡོད།ད་ལན་དེབ་བཞི་པ་འཇིག་རྟེན་ལ་བརྩེ་བ་ཞེས་པའི་དེབ་འདིའི་གླེང་བརྗོད་དུ་མཁས་པའི་དབང་པོ་རོ་སེལ་བྷི་རན་ཌིས་“དེབ་འདི་ཡིས་ང་ལ་སངས་རྒྱས་ཀྱི་གོ་འཕངས་ཐོབ་སྲིད་པའི་སེམས་ཤུགས་བྱིན་བྱུང”་ཞེས་དང་།ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་དང་།ཆོས་རྒྱམ་དྲུང་པ་རིན་པོ་ཆེའི་སློབ་མ་གྲགས་ཅན་དགེ་སློང་མ་པདྨ་ཆོས་སྒྲོན་གྱིས།“མི་འགྱུར་རིན་པོ་ཆེའི་ཐུགས་མྱོང་གི་བརྒྱུད་རིམ་དང་འབྲེལ་བའི་འགྲེལ་བཤད་ཟབ་མོ་ཅན་གྱི་དེབ་འདི་ནི་ངའི་མི་ཚེ་ནང་དུ་དེབ་ཀློག་མྱོང་བ་དག་ལས་ཆེས་སེམས་འགུལ་ཐེབས་ཤོས་དང་ཉམས་ལེན་ལ་ཕན་ཐོགས་ཆེ་ཤོས་ཀྱི་དེབ་ཅིག་ཡིན”་ཞེས་དང་།སེམས་ཁམས་རིག་པ་དང་འཛམ་གླིང་ཐོག་ཏུ་གྲགས་ཅན་གྱི་དེབ་མྱོང་ཚོར་རིག་པ་ཞེས་པའི་ཆེད་དེབ་རྩོམ་པ་པོ་ཌན་གྷོལ་མེལ་གྱིས་ཀྱང་“འཇིག་རྟེན་ལ་བརྩེ་བ་ཞེས་པའི་སྒྱུ་རྩལ་གྱི་ལམ་ནས་ནང་སེམས་ཀྱི་ཚབ་བྱེད་པའི་དེབ་འདི་ནི་ཁྱོད་ཀྱིས་ཀློག་མཚམས་འཇོག་མི་ཐུབ་ལ་ཀློག་པའི་དུས་སུ་ནམ་ཡང་འཇུག་མ་རྫོགས་ན་དྲན་ངེས”་ཞེས་དང་།དེ་བཞིན་གྲགས་ཅན་གྱི་རྩོམ་པ་པོ་མང་པོས་དེབ་འདི་ཉིད་ལ་བསྔགས་བརྗོད་དང་ཡི་རངས་ཀྱིས་ཆེ་བསྟོད་དགའ་བསུ་སོགས་ཞུས་པ་གྲངས་ལས་འདས།དེབ་འདི་ལ་སྟོད་སྨད་གཉིས་དང་་ཁྱོན་བསྡོམས་ལེའུ་ཉི་ཤུ་རྩ་དགུ་ཡོད་ལ་སྟོད་ཆ་ལ་མེ་འབར་བར་ཤིང་བསྣོན་པ་ཞེས་དང་སྨད་ཆ་ལ་ཁྱིམ་དུ་ལོག་པ་ཞེས་པའི་མཚན་གཏགས་གནང་འདུགདེབ་འདིའི་བརྗོད་བྱ་གཙོ་བོ་ནི་བར་དོའི་སྐོར་ཡིན་ལ་དེ་ཡང་སྐྱེ་བ་ནས་འཆི་བ་གྲུབ་པའི་གནས་སྟངས་ཀྱིས་སྐྱེ་འགྲོ་སུ་ཞིག་ཡིན་ཡང་འཆི་དགོས་ངེས་བརྟེན་འཆི་བའི་གནས་སྐབས་སུ་གང་ཞིག་བྱེད་དགོས་པ་དང་འཆི་བ་ལ་གདོང་ལེན་དང་གྲ་སྒྲིག་ཇི་ལྟར་བྱེད་དགོས་པའི་སྐོར་ཡིིན།དེ་ཡང་ལེའུ་གཉིས་པ་འཆི་བ་དང་མི་རྟག་པ་ཞེས་དང་།དྲུག་པ་བར་དོ་གནས་སྐབས་ཁྱེད་ཀྱིས་གང་ཞིག་བྱེད་དགོས།བཅུ་གཉིས་པ་དུར་ཁྲོད་ཀྱི་ཉིན་ཞིག།བཅོ་བརྒྱད་པ་མུན་ནག་ཏུ་བཞུད་པ།ཉེར་གཅིག་པ་འདེམ་སྒྲུག་བྱེད་དབང་མེད།སོགས་ཀྱིས་ལོ་རྒྱུས་དང་དངོས་བྱུང་འཚོ་བ་སྣ་ཚོགས་པས་ཕྱོགས་དང་ཟུར་དུ་མ་ནས་འཆི་བའི་གནས་སྟངས་ལ་འགྲེལ་བཤད་དང་འཆི་བའི་རང་བཞིན་ལ་ཞིབ་དཔྱད་གནང་འདུགལེའུ་ཉེར་དྲུག་པ་འཆི་བ་ནི་གནས་ཚུལ་བཟང་པོ་ཞིག་ཡིན་ཞེས་དང་།ཉེར་བདུན་པ་རིག་པ་ནི་ནམ་ཡང་འཆི་མི་སྲིད།སོགས་ཀྱི་ལྟ་གྲུབ་དང་ཉམས་བཞེས་ཚད་མཐོན་པོས་འཆི་བ་ནི་མངོན་པར་རྫོགས་པར་འཚང་རྒྱ་བའི་གོ་སྐབས་ཤིག་དང་།འཆི་བ་ནི་སེམས་འཁྲུལ་པའི་འཆར་སྣང་ཞིག་ལས་དོན་དམ་པར་འཆི་བ་མ་གྲུབ་པའི་འགྲེལ་བཤད་གཏིང་ཟབ་མོ་གནང་བར་མ་ཟད་དེ་དག་རིན་པོ་ཆེ་རང་ཉིད་དང་བླ་མ་གཞན་དག་གི་རྣམ་ཐར་སོགས་ལ་སྦྱར་ནས་འགྲེལ་བརྗོད་གནང་འདུགདེ་ཡང་མི་འགྱུར་རིན་པོ་ཆེ་ཁོང་ཉིད་རི་ཁྲོད་དུ་ཕེབས་སྐབས་སྟོན་པ་སངས་རྒྱས་སྐུ་མྱ་ངན་ལས་འདས་པའི་གནས་རྩྭ་མཆོག་གྲོང་དུ་སྙུང་འཚབ་དྲག་པོས་བཞེས་ཏེ་ས་ཆུ་མེ་རླུང་གི་ཐིམ་རིམ་གྱི་རྣམ་པ་ཤར་བ་དག་མྱོང་ཚོར་དང་སྦྲེལ་ཏེ་འགྲེལ་བཤད་གནང་བ་དང་།སྐབས་དེར་འཚོ་བའི་མཐུན་རྐྱེན་དབུལ་བའི་འགྲུལ་བཞུད་དམ་གནས་ངེས་མེད་རྒྱུ་བའི་རྣལ་འབྱོར་པའི་སྤྱོད་པ་གསལ་སྟོན་གྱིས་དམ་པའི་རྣམ་ཐར་ངོ་མཚར་བའི་རྣམ་པ་དག་ཡིད་ངོར་དུ་འཆར་ཐུབ་པ་ཞིག་གསུངས་གནང་ཡོད་སྟབས་ཀློག་པ་པོ་རྣམས་ཀྱི་སེམས་འགུལ་དབང་མེད་དུ་ཐེབས་ངེས།འོན་ཏེ་རིན་པོ་ཆེ་སྐུ་མཚམས་སུ་ལོ་བཞི་དང་ཕྱེད་ཙམ་ལ་ཕེབས་པའི་བརྒྱུད་རིམ་ལས་དེབ་འདིའི་ནང་དུ་ཆེས་ཐོག་མའི་བདུན་ཕྲག་ལྔ་ལྷག་ཙམ་གྱི་མཛད་པའི་ཆ་ཤས་ལས་གཞན་གྱི་མཛད་རྣམ་དག་འཁོད་མེད་སྟབས་ཉེ་ཆར་ཚན་རིག་པ་མཁས་ཅན་རི་ཆར་ཌི་ཝི་སན་གྱིས་ཀྱང་རི་ཁྲོད་འགྲིམས་པའི་རྣམ་ཐར་ཕྱི་མ་དག་མུ་མཐུད་འབྲི་གནང་རྒྱུའི་རེ་སྐུལ་ཤུགས་ཆེན་ཞུས་པ་ལྟར་རྗེས་སུ་དེབ་ཕྲེང་རྗེས་མ་རྣམས་ལས་མཇལ་རྒྱུའི་རེ་སྨོན་ཤུགས་དྲག་ཞུ་རྒྱུ་ཡིན།
དེབ་འདི་བོད་ཡིག་ནང་ག་དུས་སླེབས་ཡོང་གི་ཡོད་ན། ཨ་ཤི་རེ་ཁོ། དེབ་རྩོམ་པ་པོ་བོད་པ་ཞིག་ཡིན་ན་བོད་ཡིག་སྟེང་མེད་པས་ཕངས་ང་ལ་་་་་་
བོད་ཡིག་ནང་ཁྱོད་རང་ཀློག་ཐུབ་ན་་་་དེབ་ཕྲེང་སྟོང་ཚོ་བཞུགས་ཡོད། ས་དགེ་བཀའ་རྙིང་བོན་དང་བཅས་པའི་མན་ངག ཟབ་ཁྲིད། སྒོམ་རིམ་བརྗོད་ལས་འདས་པ་ཞིག་བཞུགས་ཡོད། ད་ལན་ཨིན་ཡིག་ཡོད་་བོད་རྒྱུད་ནང་བསྟན་་་ཉམས་མྱོང་མེད་ོ་།བོད་ཡིག་བོད་སྐད་མི་ཤེས་མཁན་ལ་དམིག་ནས་ནུབ་ཕྱོགས་པ་དང་། བྱང་ཕྱོགས་པ་དང་། ལྷོ་ཕྱོགས་པ་བཅས་ཀྱི་ཀློག་ཐུབ་བ་དག་ནང་བསྟན་ལ་དད་མོས་ཐོབ་པའི་བདུད་རྩི་ལྟ་བུ་ཞིག་ཆགས་སྲིད་པ་རེད།
མགོ་སེར་ཚོ་ལ་ཕོ་བྲོད་ལ་ཕན་ན་ཐམས་ཅད་ཡོད་དགུར་བརྩིས། དཔེར་ན། བསོད་རྒྱལ་རིན་པོ་ཆེའི་གསུང་རྩོམ་བཞིན་རེད། ཉིན་གཅིག་མི་འགྱུར་རིན་པོ་ཆེ་ཡང་། ཡག་པོ་མེད་སྟངས་སྐོར་ལ་ཁོང་གི་དེབ་བཞི་ལས་ལྷག་པ་སྐད་གྲགས་ཆགས་མི་སྲིད་པ་མ་རེད་པས་་་་་་་་་་
རྩོམ་པ་པོ་བོད་པ་ཡིན་ཀྱང་བརྩམས་ཆོས་བོད་ཡིག་ནང་མི་འདུག
ངོ་མ་འཕངས་བ་ལ
མི་འགྱུར་རིན་པོ་ཆེ་བླ་མ་ཁྲམ་པའི་གཡའ་ཞིག་འགི
ཆོས་གསུང་སྟངས་ལ་ཉན་ན་ཕྱི་རྒྱལ་བ་ཚོ་མ་གཏོགས་།
བོད་པ་ཤེས་ཡོན་ཅན་ཚོས་ཉན་ན་བགད་མོའི་གནས་ཤིག་རེད་འགི
ནུབ་ཕྱོགས་པ་ཚོ་འདུལ་བ་ལ་བླ་མ་རིགས་གསུམ་དགོས། གཟན་ཤམ་གཙང་མ་ཞིག་གྱོན་ནས་ཤར་ནུབ་ལུགས་སྲོལ་འདྲེས་མའི་ཆོས་བཤད་མཁན་མི་འགྱུར་རིན་པོ་ཆེ་ལྟ་བུ་དང་པོ། ན་བཟའ་ཡ་མ་ཟུང་མནབས་ཤིང་ཤར་ཆོས་ཀྱི་ནང་སྙིང་ཡོད་པ་གང་ཞིག་ལ་ནུབ་ཕྱོགས་པ་རང་གི་བློ་དང་འཚམ་པ་གསུང་མཁན་རྫོང་གསར་མཁྱེན་བརྩེ་ཚང་། ནུབ་ལྭ་གཙང་མ་གྱོན་ནས་ཆོས་དེ་ཡང་བོད་ལུགས་ཧ་ལམ་དོར་བ་ནུབ་ཕྱོགས་པ་ཤེས་ཡོན་ཚད་མཐོ་ཅན་ཁོ་ནའི་ལོངས་སྤྱད་བྱར་འོས་པ་གསུང་མཁན་ཆོས་རྒྱམ་དྲུང་པ་ལྟ་བུ་ལགས།
ཡ་འབྲོང་གི་བུ་རྒྱུད། དང་ཐོག་ནས་ཕྱོགས་རེས་དང་ཕྲག་དོག་གི་ན་ཚ་རྙིང་པ་དེ་སློང་མ་གན་ང་རོག། མི་འགྱུར་རིན་པོ་ཆེ་གསུང་དེ་བོད་མི་ཤེས་ཡོན་ོ་ཆེད་དུ་གསུང་ོ་རེད། བོད་མི་ཤེས་ཡོན་པ་དང་ཤར་ཁུགས་ལྟ་བུ་སོགས་བཀའ་བསྟན་པོད་ཕྲེང ༣༠༠ ལྷག་དོན་རྟོགས་ཡོད་ཙང་ཨིན་ཡིག་དེ་དགོས་མེང། ནུབ་ཕྱོགས་པ་ནང་བསྟན་ལ་དགའ་མཁན་ནམ། དགའ་ན་བོད་ཡིག་ཐོག་བཀའ་བསྟན་ཀློག་མི་ཐུབ་མཁན་། ཀློག་ཐུབ་ན་དུས་ཚུད་མེད་མཁན་ནུབ་ཕྱོགས་ོ་ཁ་ན་ཆེད་དུ་གསུངས་ོ་དེ་ལ་ཕ་རོལ་ནས་བསྔཧས་བརྗོད་ཀྱི་མཉ་ཏོག་འཐོར་བཞིན་ོ་ལ། ཡང་བོད་པ་ལ་ལས་ཡང་་ཕྲག་དོག་གི་རྦ་རླབ་འཕྱུར་བ་ལ་ལྟོས་དང་དེ་འངྲའི་ལས་དབང་བོད་པ་ཚོ། ད་འདུག་བསམ་ཡོང་དུས། རྒྱ་དམར་གྱིས་དུས་ནམ་ཡང་བོད་དེ་རང་བཙན་མ་སྤྲད་ན་ཡག་འདུག གལ་སྲིད་བོད་ལ་རང་བཙན་སྤྲད་་ན། ཆོས་རྒྱུད་ལ་ལར་རྩ་མེད་བཟོ་ཉེན་འདུག། བྱས་ཙང་༧ སྐྱབས་མགོན་རིན་པོ་ཆེས་དབུ་མའི་ལམ་གསུངས་པ་དེའང་ལ་རྟག་རྟག་རེད། མ་འོངས་མཁྱེན་གཟིགས་ཡིན་པ་སྨྲོས་ཅི་དགོས།
སྔར་མི་འགྱུར་རིན་པོ་ཆེས་འཆད་ཁྲིད་ཅིག་གི་སྐབས་རི་ཁྲོད་དུ་ཕེབས་པའི་སྐོར་དེ་ཐོས་མྱོང་ཡོད། དེ་ལས་ཀྱང་རྩྭ་མཆོག་གྲོང་དུ་སྙུང་གཞིའི་སྐབས་ཀྱི་ཚོར་སྣང་མང་ཙམ་གསུང་པ་དེས་སེམས་ཚོར་དྲག་པོ་སྤྲད་མྱོང་ལ། དེ་ལས་ཀྱང་ང་རང་ཡིད་མི་བདེ་བ་ཞིག་ཡོད་པ་ནི་ཁོང་རི་ཁྲོད་ལོ་བཞིའི་རྗེས་སུ་ཕྱིར་གྲོང་ནང་དུ་ཕེབས་པ་དེས་ང་རང་ཧ་ཅང་ཡིད་སྐྱོ་བ་ཚད་མེད་སྐྱེས། སྐབས་དེའི་རྒྱུ་རྐྱེན་ཞིག་གསུངས་ཀྱང་དེ་ཙམ་དྲན་ངོས་སུ་མི་འདུག་མོད། དེ་ནི་བསམ་གྱིན་བསམ་གྱིན་བསྟན་པ་ཉམས་ཆག་པ་དང་སེམས་ཅན་བསོད་ནམས་མེད་སོང་བ་ཡིན་ནམ། ཡང་ན་རིན་པོ་ཆེས་གསུངས་པ་དེ་དག་ཅི་ཡིན་བསམ་པའི་དོགས་གཞི་ཞིག་སྐྱེས། ད་ཐེངས་ཁོང་གི་དེབ་དེའི་སྐོར་ལ་ཅུང་ཙམ་ལྟ་འདོད་ཆེ་ན་ཡང་། དབྱིན་ཡིག་ནང་བྲིས་པ་དེ་ཡང་རྒྱུ་རྐྱེན་གཞན་ཞིག་མིན་ཚེ་བོད་གངས་ཅན་གྱི་ལྗོངས་འདིར་ད་ལྟར་སྐུ་དངོས་སུ་བཞུགས་པའི་མཁས་པ་ནམ་མཁའི་སྐར་ཚོགས་ལྟ་བུའི་དབུས་སུ་ཅི་ལ་མ་ཕུལ་བར་དབྱིན་ཡིག་ནང་བྲིས་པ་ཡིན། ལར་དབྱིན་ཡིག་ལ་ཁྱེན་མངའ་ཡོད་མཁན་ཚོས་རོལ་མྱོང་ཐུབ་ཀྱང་། བོད་འདིར་སངས་རྒྱས་ཀྱི་བསྟན་པ་དར་ནས་བཟུང་རྒྱ་གར་ནས་ནང་འདྲེན་བྱས་པའི་གསུང་རབ་བཀའ་འགྱུར་བསྟན་འགྱུར་དང་དེ་ལས་ཀྱང་བོད་གངས་ཅན་གྱི་མཁས་པ་གྲུབ་པ་ཐོབ་པ་སོགས་ས་ལ་རྩི་ཤིང་ནང་བཞིན། གནམ་ལ་སྐར་མ་ནང་བཞིན་གནས་པ་དེ་དག་གིས་བྲིས་པའི་ཉམས་ཁྲིད་མྱོང་ཁྲིད་སོགས་ལས་ལྷག་ཅིག་ཡིན་ནམ། ཡང་ན་གོ་བདེ་བཤད་བདེ། རྒྱུ་སྩལ་ཟེར་བས་ཚིག་རྒྱན་གྱིས་བཅོས་པའི་ཀློག་བདེ་ཉན་བདེ་ཙམ་ཞིག་ཡིན་ནམ་དེ་ཡང་དོགས་པ་ཞིག་གོ
ཧ་ཧ། བོད་ཀྱིས་དེབ་ཀྱིས་ཅི་བྱའམ། བོད་ཀྱི་མྱིག་ནི་སྒོར་མོའི་མྱིག་ཡིན་པ་མ་གཏོགས་དེབ་ཀྱི་མྱིག་མ་རེད། ཁ་གསལ་ཙམ་བྱས་ནས་བཤད་ན། བོད་ཀྱི་མྱིག་ནི་འདོད་རྔམ་གྱི་མེ་ལྕེ་མཆེད་པའི་མྱིག་ཡིན་པ་ལས། ཤེས་རབ་ཀྱི་མེ་ལྕེ་མཆེད་པའི་མྱིག་མ་རེད། དེ་བས་མི་འགྱུར་རིན་པོ་ཆེས་དེབ་འདི་ནི་ཤེས་རབ་ཀྱི་མེ་ལྕེ་མཆེད་པའི་མྱིག་ཅན་གྱི་ནུབ་ཕྱོགས་པའི་བགོ་སྐལ་དུ་མཛད་པ་ཡིན་ནོ།།
མྱི་ཆེན་ལ་ཁ་མ་གཏོང་།།བྱ་ཆེན་ལ་རྡོ་མ་འཕེན།། གཏམ་དཔེ་འདིའི་དོན་ཅི་ཡིན་ནམ། སུས་ཤེས་ན་དེ་ལ་ཁུག་དམར་སྟེར་དགོས།
མི་འགྱུར་རིན་པོའི་དེབ་བོད་ཡིག་ནང་དུ་ཡོད་ཀྱང་། བོད་པར་ཕན་ཐོག་གི་མ་རེད། བོད་པ་ཚོར་བལྟ་རྒྱུ་གསུང་རབས་ཀྱི་ཕོངས་ཡོད་པ་མ་རེད། ང་ཚོས་ཉམས་ལེན་བྱེད་མ་ཐུབ་པ་དང་དཔེ་ཀློག་མ་བྱས་པས་ཕོངས་ཡོད་པ་རེད། དེང་དུས་ཀྱི་མཁས་པ་སུ་ཞིག་གིས་ཀྱང་བྱང་ཆུབ་ལམ་རིན་ཆེན་མོ་དང་ཀུན་བཟང་བླ་མའི་ཞལ་ལུང་ལས་ལྷག་གཅིག་རྩོམ་་ཐུབ་ཀྱི་མ་རེད་ལ། དེ་ལས་ལྷག་ཅིག་དགོས་པའང་མ་རེད། །
ཀུན་བཟང་བླ་མའི་ཞལ་ལུང་སྔོན་དུ་ཡག་པོ་ཀློག་ཐུབ་མ་སོང་ཡང་དེང་སང་ཉིན་རེར་སྐར་མ་་་
༣༠ ནས་༤༠་ཙམ་ཀློག་བཞིན་ཡོད་པས་བློ་ཡུལ་ལ་ཤོང་དཀའ་བ་ཞིག་ནི།
དལ་འབྱོར་མི་ལུས་རྙེད་དཀའ་བ་དང་དེ་བཞིན་་དམྱལ་ཁམས་བཅོ་བརྒྱད་སྐོར་ཀློག་སྐབས་
ཧང་སངས་ཧོན་ཐོར་གྱི་འདུག། དེ་འདྲ་ཨེ་ཡིན་དངོས་སུས་མཐོང་སུས་ངེས་པ་རྙེད་པ་ཡིན་ནམ་ངེས་པར་
གསལ་བཤད་གཅིག་གནང་རོགས་ཞུ་གི་ཡོད།
ཡིད་ཆེས་དཀའ་བ་ཞིག་བྱུང། ད་ལྟ་ཀློག་བཞིན་ཡོད།
ཨ་རིར་དེང་སང་མི་དཀར་པོ་མང་པོ་ཞིག་ནང་ཆོས་ལས་ཐོན་འགྲོ་བ་དང་། རྒྱལ་བ་རིན་པོ་ཆེའི་རྗེས་ལ་བོད་པའི་བླ་མ་མི་དཀར་སྟོང་ཕྲག་འགའ་ཤས་འདུ་ཐུབ་མཁན་མི་འདུག་ཟེར། བདེན་པར་མཐོང་།
རྒྱལ་བ་རིན་པོ་ཆེ་ཨ་རིར་མ་བྱོན་པའི་རིང་ལ་གྲོང་ཁྱེར་ནེའུ་ཡོག་ལྟ་བུར་ཚོགས་ཁང་ཆེན་པོ་ཞིག་གི་ནང་ལ་མི་སྟོང་ཕྲག་བསྐོང་ཐུབ་མཁན་གྱི་བོད་པའི་བླ་མ་མི་འདུག
རྫོང་གསར་མཁྱེན་བརྩེ་མཆོག་ཨ་རིར་གསུང་ཆོས་གནང་བར་མི་ཕེབས་པ་འདི་ཡང་རྒྱུ་མཚན་འདི་ཡིན་ཟོ་འདུག
བདེ་འཇགས་ཕོ་ཉ། པུ་ར་གླིང་དྲུག
ཧ་ཧ་ཧ
འཇིག་དབང་ལགས། དལ་འབྱོར་རྙེད་དཀའ་བ་བློ་ཡུལ་ལ་མི་ཤོང་གི་ཟེར་བའི་རྒྱུ་མཚན་གང་ཡིན། དེ་འདྲ་རྙེད་དཀའ་བ་ཡིན་གྱི་མ་རེད་ཟེར་བ་ཡིན་ནམ། གཟུགས་མེད་སེམས་ཅན་མཐོང་ཙ་ན་གཟུགས་ཡོད་སེམས་ཅན་སྲིད་པ་ཙམ་ཟེར་བ་འདི་ཧ་ཅང་བདེན་གྱི་རེད་སྙམ། གཟུགས་ཡོད་སེམས་ཅན་ཐོང་ཙ་ན། མི་ལུས་ཐོབ་པ་སྲིད་པ་ཙམ་ཟེར་བའང་བདེན་གྱི་རེད་སྙམ། རྒྱུ་མཚན་རྒྱ་མཚོའི་ནང་གི་སྲོག་ཆགས་ཀྱི་གྲངས་ཀ་དང་ཐ་ན་གྲོག་ཚང་གཅིག་གི་གྲོག་མའི་གྲངས་ལ་དཔག་ན་ཧ་ཅང་བདེན་གྱི་རེད་སྙམ། དམྱལ་བ་ནི་དངོས་སུ་རྡོ་རྗེ་གདན་གྱི་འོག་སོགས་ན་ཡོད་ཟེར་བ་ནི་བདེན་གྱི་མ་རེད་སྙམ། འོན་ཀྱང་སོ་སོའི་སྣང་ངོར་དམྱལ་བའི་སྡུག་བསྔལ་ཡོད་སྲིད་པ་ཞིག་རེད། །