འཇམ་དབྱངས་བཀྲ་ཤིས་ཀྱིས་བརྩམས།
ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་མཚམས་སྦྱོར་གནང་།
ལོ་ངོ་གཉིས་ཙམ་གྱི་སྔོན་ཏེ། བོད་ནང་རང་ལུས་མེར་སྲེག་གི་གནས་ཚུལ་ཁག་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་རྣམས་སུ་ཐོན་སྐབས་ཤིག་ལ། གནས་ཚུལ་དེའི་སྐོར་ང་དང་ངའི་གྲོགས་པོ་ཨ་རི་བ་ཞིག་བར་གླེང་མོལ་ཡུན་རིང་བྱས་པ་ཡིན། སྐབས་དེར་ཁོང་གིས་“ཁྱེད་རང་ལ་ཏཱ་ལའི་བླ་མ་ནི་ཅི་ཞིག་ཡིན”ཞེས་པའི་དྲི་བ་དེ་བཏང་བྱུང་བར། ངས་འཕྲལ་དུ་ལན་བཏབ་པ་ནི་“ཁོང་གི་སྐོར་ལ་བཤད་པར་དུས་ཚོད་མང་པོ་འགོར་རྒྱུ་རེད”ཅེས་པ་དེ་རེད། དེ་ནི་ཨིན་སྐད་མ་འདང་བ་ཞིག་གིས་ཆེས་སྙན་གྲགས་ཅན་གྱི་སྐྱེས་བུའི་སྐོར་འགྲེལ་བཤད་བརྒྱབ་ན་ཉན་འདོད་ཡོད་མེད་ཤེས་ཐུབ་པའི་ཆེད་ཡིན་པ་ལས། ལན་རྒྱག་རྒྱུ་གཡོལ་ཐབས་བྱས་པ་ཞིག་མིན། ངས་ལན་དེ་བཏབ་མ་ཐག་གྲོགས་པོ་ཁོང་ཤེས་འདོད་ལྡབ་གཉིས་མང་དུ་འཕར་ཏེ་མདུན་ལ་འགུལ་ཙམ་བྱས་ནས་རེ་བ་ཆེན་པོས་“སྐུ་མཁྱེན། ང་ལ་ཡོད་པ་ནི་དུས་ཚོད་ཁོ་ན་ཡིན”ཟེར།
ཁོང་གི་དྲི་བ་དེར་ང་རང་གོ་ནོར་ཐེབས་པར་ཤེས་སོང་། ཁོང་ལ་ངས་༸གོང་ས་ཏཱ་ལའི་བླ་མ་མཆོག་ཇི་ལྟར་ཚོར་གྱིན་ཡོད་པ་དེ་ཤེས་འདོད་ཡོད་པ་ལས། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐོར་ཤོད་ཟེར་གྱི་མེད། འོན་ཀྱང་དེ་ནི་ང་ལ་དྲི་བ་གསར་པ་ཞིག་ཡིན་ལ། དེ་ནས་༸གོང་ས་མཆོག་སུ་ཡིན་པ་དང་། ༸གོང་ས་མཆོག་ང་ལ་གང་ཞིག་ཡིན་པའི་ཁྱད་པར་ལ་དོ་སྣང་བྱེད་པའི་འགོ་བཙུགས། ༸གོང་ས་མཆོག་ང་ལ་གང་ཞིག་ཡིན་པའི་འགྲེལ་བཤད་ནི་ཁོང་གི་མཛད་རྣམ་བཤད་རྒྱུ་དེ་མ་ཡིན་པར། རང་ཉིད་ཀྱི་མི་ཚེ་ཕྱིར་དྲན་བྱེད་རྒྱུ་དེ་ཡིན་པར་ཤེས་ཀྱང་། སྔོན་དུ་དྲི་བ་དེར་ལན་རིང་པོ་རྒྱག་རྒྱུ་ཡོད་ལུགས་བཤད་ཟིན་པས་ངོ་ཚ་བ་དང་ལྷན། དྲི་བའི་དོན་རྟོགས་ནས་སེམས་ཚོར་ཆེན་པོས་མིག་ཆུ་འཆོར་གྲབས་བྱས་པར་ཁོང་གིས་ཚོར་གྱི་དོགས་པས་སེམས་ཁྲལ་ཡང་བྱུང་། ཚོར་སྣང་ཆེན་པོས་གང་ཡང་བཤད་མ་ཐུབ་པར་ལྷག་སྐབས་གྲོགས་པོས་ང་ལ་གཅེར་ནས་སྡོད་པ་དང་། སྐད་ཆ་མ་བཤད་པར་དུས་ཡུན་ཇི་ཙམ་སོང་བ་མི་དྲན་ཡང་མཚམས་ཤིག་ནས་གྲོགས་པོས་“ཁྱེད་ལ་ཁོང་གང་ཞིག་ཡིན་པ་ངས་ཚོད་དཔག་ཐུབ་བྱུང་། འགྲིག་གི་འདུག”ཟེར། སྐབས་དེར་ངའི་བསམ་བློར་ངལ་སེལ་ཕྲན་བུ་ཐོབ་ཀྱང་ངའི་བསམ་བློའི་ཟུར་གཅིག་ཏུ་ཁོང་གི་དྲི་བ་དེ་མུ་མཐུད་བསྡད་འདུག །དེས་ན་གཤམ་དུ་གུས་པས་བོད་མི་སྟོང་ཕྲག་མང་པོའི་ཐུན་མོང་བའི་མྱོང་བ་ཞིག་བཀོད་རྒྱུ་ཡིན་ལ། འདི་འབྲི་བའི་དགོས་པ་ཡང་། ང་རང་གིས་ཅིའི་ཕྱིར་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤ པར་དགའ་ཞེན་ཡོད་པའི་སྐོར་ཤེས་འདོད་ཆེ་བའི་བོད་རིགས་མ་ཡིན་པའི་གྲོགས་པོ་ཚོའི་ཆེད་དུ་ཡིན།
ང་ནི་བོད་ཀྱི་མཐའ་འཁོབ་གྲོང་གསེབ་ཅིག་ཏུ་སྐྱེས་ནས་འཚར་ལོངས་བྱུང་ཞིང་། ནང་མིའི་ཁྲོད་དུ་༸གོང་ས་ཏཱ་ལའི་བླ་མའི་ཞལ་མཇལ་གསུང་ཐོས་མྱོང་མཁན་སུ་ཡང་མེད། ངའི་ཁྱིམ་ནང་གི་༸གོང་ས་མཆོག་གི་སྐུ་པར་ཨིན་ཆི་༡༡-༡༣ བྱས་པ་དེ་ནི་གང་གི་ཚབ་མཚོན་གཅིག་པུ་དེ་ཡིན་ལ། དྲན་ཚོད་ལ་༸གོང་ས་ཏཱ་ལའི་བླ་མ་ནི་ངའི་ཁྱིམ་ཚང་གིས་ཆེས་བརྩི་བཀུར་ཞུ་ཡུལ་བླ་ན་མེད་པ་དེ་རེད། ཉིན་ཞག་ཕྲུགས་གཅིག་གི་བྱ་གཞག་རྣམས་ཞོགས་པ་རྟག་པར་གང་ཉིད་ལ་ཡིད་ཆེས་བློས་འགེལ་བྱེད་ཅིང་། གང་གི་མཚན་ནས་འབོད་དེ་ནང་མིའི་གནད་དོན་རྣམས་ཐག་གཅོད་བྱེད་པ་དང་། མི་རུང་བའི་སྤྱོད་ཚུལ་རྣམས་གང་གི་སྐུ་པར་མདུན་དུ་སྤོང་དགོས། ད་དུང་ཁྱིམ་དུ་ཟས་རིགས་ཚང་མའི་ཕུད་ཀྱང་གང་ཉིད་ལ་མཆོད་པ་འབུལ་གྱི་ཡོད་སྟབས། བྱིས་པའི་བསམ་བློའི་ནང་༸གོང་ས་ཏཱ་ལའི་བླ་མ་ནི་ཚིག་གཅིག་ཀྱང་མི་སྨྲ་བར་ཐམས་ཅད་དབང་དུ་སྒྱུར་མཁན་རྟོག་སྒྲུང་གི་རྒྱལ་པོ་བྱམས་སྐྱོང་ཅན་ལྟ་བུ་ཞིག་ཡིན་པ་ཚོར་གྱི་ཡོད།
ད་ཆར་ཕྱིར་དྲན་བྱེད་སྐབས་གང་ཉིད་ནི་ང་ཚོའི་ཁྱིམ་ཚང་གི་འཚོ་བ་ལ་ཁ་ལོ་སྒྱུར་མཁན་གཙོ་བོ་དེ་རེད། ངའི་ཕ་ཡུལ་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་འབོད་པ་དང་། ངའི་མི་ཚེའི་ནང་གོ་ཐོས་བྱུང་བའི་ཚིག་ཐོག་མ་ནི་གང་གི་མཚན་གྱི་ཡིག་འབྲུ་གསུམ་པོ་དེ་ཡིན་ནམ་སྙམ་གྱི་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཞལ་རས་ཀྱི་སྣང་བརྙན་ཐེངས་དང་པོ་མཇལ་བ་དེ་དྲན་སོས་ཀྱི་འདུག །དགོང་མོ་ཞིག་ལ་ང་གཉིད་བྲོ་ནས་ཨ་མས་ཉལ་སར་བསྐྱལ་བར་སྒུག་བཞིན་ཡོད་ཀྱང་ཁོང་གིས་ཞལ་འདོན་ཡུན་རིང་བྱས་པར། ང་རང་སྒུག་བཟོད་མི་ཐུབ་པ་གྱུར་ཀྱང་དོན་གོ་མི་ཐུབ་པའི་ཨ་མའི་ཞལ་འདོན་གྱི་གདངས་དང་གདོང་གི་རྣམ་འགྱུར་ལས་རྙོག་དྲ་བཤད་མ་ཕོད། རྒྱུ་མཚན་གང་ཡིན་ད་དུང་མི་ཤེས་ཀྱང་། དེ་དུས་ཨ་མས་མཆོད་གཤོམ་ལ་ཁ་ཕྱོགས་ཏེ་ལག་གཉིས་ཐལ་མོ་སྦྱར་ནས། སྤུས་མོ་ས་ལ་བཙུགས་ཏེ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་བརྗོད་བཅུག་པར་རྗེས་ཟློས་བྱས་རྗེས། མཆོད་གཤོམ་སྟེང་གི་འཛུམ་མདངས་ཅན་གྱི་པར་རིས་ལ་ཕྱག་འཚལ་སྟངས་ཀྱང་བསླབ་བྱུང་། མཚན་མོ་དེ་ནས་བཟུང་འཛུམ་མདངས་ཅན་གྱི་སྐྱེས་བུ་དེ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཡིན་པ་ངོ་ཤེས་པ་དང་། སྐུ་པར་དེར་ཕྱོགས་གང་ནས་བལྟས་ཀྱང་ང་ལ་རྟག་ཏུ་དགྱེས་པའི་འཛུམ་མདངས་ངང་གཟིགས་བཞིན་འདུག
ང་རང་བོད་དུ་འཚར་ལོངས་བྱེད་སྐབས་ཡིག་རྨོངས་ན་གཞོན་ཞིག་ཡིན་པ་མ་ཟད། གྲོང་གསེབ་ཀྱི་མཐའ་སྐོར་རི་རྒྱུད་དེ་བརྒལ་བའི་མཐུན་རྐྱེན་ཡང་མེད་སྟབས། སྐབས་རེར་༸གོང་ས་ཏཱ་ལའི་བླ་མའི་གོ་དོན་མི་འདྲ་བ་གཉིས་ཀྱིས་མགོ་རྨོངས་སུ་བཅུག་གི་ཡོད། ངའི་ནང་མི་དང་བོད་མི་གཞན་རྣམས་ལྟར་ན། ༸གོང་ས་མཆོག་ནི་དཀོན་མཆོག་དང་ཁྱད་མེད་ཡིན་པ་དང་། རྒྱ་མིའི་ལས་བྱེད་པ་ཚོས་བཤད་པ་ལྟར་ན། ཁོང་ནི་དབང་ཆ་ལ་དགའ་བའི་གྲྭ་པ་རྫུན་མ་ཞིག་དང་། མཚམས་རེར་བདུད་ཡིན་པའི་འགྲེལ་བཤད་ཀྱང་རྒྱག་གི་རེད། ངས་རང་གི་ནང་མི་དང་བོད་མིར་ཡིད་ཆེས་བྱེད་པ་བརྗོད་མི་དགོས་ཀྱང་། ལོ་ན་ཆུང་དུས་རྒྱ་མི་ལས་བྱེད་པས་བཤད་པ་བདེན་སྲིད་སྙམ་པ་ཡང་དྲན་མྱོང་ལ། བསམ་བློ་དེ་འདྲ་འཁོར་བར་ངོ་ཚ་ཡང་སྐྱེས་མྱོང་། འོན་ཀྱང་ཕྱིར་བལྟས་བྱེད་སྐབས། བསམ་བློ་དེ་འདྲ་འཁོར་བ་འགྲིག་འདུག་པ་སྟེ། དེ་ནི་རྒྱ་གར་དུ་༸གོང་ས་ཏཱ་ལའི་བླ་མ་སྐུ་དངོས་སུ་མཇལ་དགོས་པའི་རྒྱུ་མཚན་གྱི་ཆ་ཤས་ཤིག་ཀྱང་ཡིན། ལོ་བཅོ་བརྒྱད་ལོན་སྐབས་ང་རང་རྒྱ་གར་ལ་འགྲོ་རྒྱུའི་འགྲུལ་བཞུད་འགོ་བཙུགས་པ་དང་། ཉིན་དང་པོ་ནས་བཟུང་ཉིན་མ་རེ་རེ་བཞིན་བརྩེ་བའི་ཕ་ཡུལ་ནས་རྒྱང་ཐག་རིང་དུ་སོང་ཡང་། གོམ་པ་མདུན་དུ་སྤོས་ཐེངས་རེ་རེ་བཞིན་༸གོང་ས་ཏཱ་ལའི་བླ་མ་མཇལ་རྒྱུ་ཐག་ཉེ་རུ་ཕྱིན་པ་རེད།
རྒྱ་གར་ལ་འབྱོར་རྗེས་བོད་པ་སྐྱབས་བཅོལ་བ་དྲུག་ཅུ་ལྷག་དང་མཉམ་དུ་༸གོང་ས་མཆོག་མཇལ་ཁ་ཐེངས་དང་པོ་དེ་ཐོབ་བྱུང་། ང་ཚོ་ཚང་མ་གང་ཉིད་ཀྱི་གཟིམ་ཤག་འཁྲིས་ཀྱི་སྒོ་ཁར་འཛོམས་སྐབས་དེར། སྲུང་སྐྱོབ་མི་སྣ་ཞིག་གིས་ལམ་སྟོན་ལྟར་གཡབ་འོག་ཅིག་ཏུ་རྒྱབ་སྙེས་རྐུབ་སྟེགས་དམར་པོ་ཁ་ཚུར་ཕྱོགས་པ་ཞིག་གི་མདུན་དུ་ཕྱིན་ནས་བསྡད་པ་ཡིན། མཇལ་ཁ་དེ་ནི་རྨི་ལམ་དང་དངོས་ཡོད་གང་ཡིན་ཆ་མི་རྟོགས་པ་ནི་མཇལ་ཁ་ཞུ་མཁན་ཚང་མའི་ཐུན་མོང་གི་ཚོར་བ་ཞིག་རེད། རྐུབ་སྟེགས་དམར་པོའི་སྟེང་༸གོང་ས་མཆོག་བཞུགས་རྒྱུ་ཡིན་པ་ཤེས་མོད། རྐུབ་སྟེགས་ཀྱི་རྒྱབ་ཏུ་སྒོ་གཉིས་ཡོད་པ་གང་ནས་ཕེབས་ཀྱི་ཡོད་པ་ཤེས་རྟོགས་མ་བྱུང་། ཆིབས་སྒྱུར་མ་གནང་བའི་སྐར་མ་ཁ་ཤས་སྔོན་ལ་ཧ་ལམ་མཇལ་བཅར་བ་ཚང་མ་དབུགས་ཀྱང་མི་བཏང་བ་ལྟ་བུ་ཁུ་སིམ་པོར་གནས་པ་དང་། གློ་བུར་དུ་སྒོ་གཡོན་མ་ནས་བྲེལ་ཚུབ་ངང་གང་ཉིད་ཆིབས་སྒྱུར་གནང་སྐབས། ངས་མི་ཚེ་ཧྲིལ་པོར་བསྒུག་པའི་གོ་སྐབས་དེ་དངོས་སུ་ཐོིབ་བྱུང་ལ། གང་ཉིད་ཀྱི་ཞལ་རས་ནི་ངའི་ཁྱིམ་ནང་གི་སྐུ་པར་མཇལ་བ་དང་ཁྱད་པར་མི་འདུག ང་ཚོ་མཇལ་བཅར་མཁན་ཚང་མ་ཉུང་མཐར་སྐར་མ་ཁ་ཤས་རིང་མིག་ཆུ་ཤོར་བ་དང་། གང་ཉིད་སྐུ་བཞེངས་གནང་བཞིན་“ད་ལྟ་ང་ཚོ་མཉམ་དུ་འཛོམས་ཡོད། ད་མ་ངུ་”ཞེས་པ་བསྐྱར་ཟློས་གནང་།
དེ་ནས་བཀའ་སློབ་ཆུ་ཚོད་ཕྱེད་ཀ་ཙམ་གནང་བའི་ཐོག་མར་“ཁྱེད་ཚོ་ཚང་མ་འདིར་བདེ་འབྱོར་བྱུང་བར་ངོས་དགའ་པོ་བྱུང་”ཞེས་གསུངས་པ་དང་། རྩ་བའི་ང་རང་ལ་གོམས་འདྲིས་མེད་པའི་སྐད་གདངས་ཐོག་བཀའ་སློབ་གནང་ཡང་ཚང་མ་གོ་བའི་ཚོར་སྣང་བྱུང་སྟེ། སྐབས་རེར་གཞན་གྱིས་བཤད་པའི་དོན་ཆ་ཚང་གོ་བར་ཚིག་འབྲུ་རེ་རེ་བཞིན་གོ་དོན་ཤེས་དགོས་ཀྱི་མེད་པ་རེད། དང་པོ་དེང་དུས་འཛམ་གླིང་ནང་ཤེས་ཡོན་གལ་ཆེ་བའི་སྐོར་གསུངས་པ་དང་། དེ་ནས་མི་ཡག་པོ་ཞིག་ཇི་ལྟར་བྱེད་དགོས་པའི་སྐོར་དང་། མཇུག་ཏུ་ཤེས་ཡོན་དང་བཟང་སྤྱོད་ཟུང་དུ་འབྲེལ་ནས་སྤྱི་ཚོགས་ལ་ཞབས་འདེགས་ཇི་ལྟར་ཞུ་དགོས་པའི་སྐོར་གསུངས་ཤིང་། ཁོང་གི་གསུང་དབྱངས་ནི་ཧ་ཅང་དག་ཅིང་གསལ་བས་སྐབས་རེར་བཀའ་སློབ་ཀྱི་ཚིག་འབྲུ་རེ་རེ་བཞིན་ཐོས་པའི་ཚོར་སྣང་ཡོང་གི་འདུག །ཁོང་གིས་མི་གྲངས་དྲུག་ཅུ་ལྷག་ལ་བཀའ་སློབ་གནང་གི་ཡོད་ཀྱང་མི་སྒེར་རེ་རེ་ལ་བཀའ་སློབ་གནང་བ་ལྟ་བུ་ཚོར་བ་དང་། མཇལ་བཅར་བ་ཡོངས་ལ་ཡུན་རིང་ཁ་བྲལ་བའི་ཕ་མ་དང་ཐུག་འཕྲད་བྱུང་པ་ལྟ་བུའི་ཚོར་སྣང་གཅིག་གྱུར་བྱུང་འདུག
བསམ་བློར་འགྱུར་ལྡོག་ཕྱིན་པའི་ཚོར་སྣང་དང་བཅས་ནང་དུ་ལོག་པ་ཡིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ངའི་ནང་མིའི་བསམ་བློའི་ནང་གི་དཀོན་མཆོག་ལྟར་མ་ཡིན་ལ། རྒྱ་མི་ལས་བྱེད་པས་འགྲེལ་བཤད་རྒྱག་པ་ལྟར་གྱི་བདུད་ཀྱང་མ་རེད། ཁོང་ནི་བརྩེ་བ་དང་། སྙིང་རྗེ། བཟོད་ཡངས་བཅས་ལ་ཉམས་ལེན་གནང་མཁན་གྱི་གྲྭ་པ་ཡང་དག་པ་ཞིག་རེད། ཁོང་ནི་གཞན་ལ་ཕན་པ་ཇི་ལྟར་སྒྲུབ་དགོས་པའི་སྐོར་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་ཞིག་རེད། ཁོང་ནི་ཞིབ་འཇུག་སློབ་སྦྱོང་གནང་མཁན་གྱི་མཁས་དབང་ཞིག་རེད། ཁོང་ནི་རྒྱུ་མཚན་དང་ལྡན་པའི་དགོངས་ཚུལ་གསུང་མཁན་ཞིག་རེད། ཁོང་ནི་རང་ལ་མི་མང་གིས་ཡིད་ཆེས་དང་དད་པ་འཇོག་པ་བཞིན་མི་མང་གི་ཆེད་དུ་ཐམས་ཅད་གནང་འདོད་ཡོད་པའི་དབུ་ཁྲིད་ཅིག་རེད། ཁོང་ནི་རང་གི་ལུང་པ་ཞི་བདེའི་ལྟེ་གནས་ལ་བསྒྱུར་ནས་འཛམ་གླིང་ཡོངས་ལ་མིག་དཔེ་འདྲེན་རྒྱུའི་འཆར་སྣང་ཡོད་པའི་ཕུགས་བསམ་ཅན་ཞིག་རེད། ཁོང་ནི་ནང་སེམས་ཀྱི་བྱེད་ལས་ལ་བྱང་ཆ་ཆེ་བའི་དགེ་རྒན་ཞིག་རེད། ཁོང་ནི་གདོས་ཚད་དང་མགྱོགས་ཚད་གཉིས་ལས་གྲུབ་པའི་ནུས་ཤུགས་(E=mc2)སྐོར་ལ་སློབ་སྦྱོང་གནང་མཁན་གྱི་སློབ་ཕྲུག་ཅིག་རེད། ཁོང་ནི་འཛམ་གླིང་ཐོག་མི་རིགས་ཀྱི་ལོ་རྒྱུས་སྨྲ་བ་པོ་མཇུག་ཤོས་དེས་ཀྱང་རྗེས་དྲན་ཞུ་ཡུལ་ཞིག་རེད། ༸གོང་ས་ཏཱ་ལའི་བླ་མའི་རྗེས་མཇུག་པ་ཞིག་ཡིན་པ་དེ་ང་རང་གི་བསོད་ནམས་ཡིན། གང་གི་བཀའ་སློབ་རྗེས་སུ་དྲན་ཏེ་རང་གི་རྒྱལ་ཁབ་གཏོར་བཤིག་གཏོང་མཁན་ཚུད་པའི་ཀུན་ལ་ཉེ་རིང་མེད་པར་བྱམས་བརྩེ་སྒོམ་ཐབས་བྱེད་བཞིན་ཡོད། གང་གི་ལམ་སྟོན་འོག་ངས་མགོ་བོ་བཀྱག་ནས་རྒྱང་རིང་པོར་བལྟ་ཐབས་བྱེད་བཞིན་ཡོད། གང་གི་མཚན་སྙན་ལ་བརྟེན་ནས་ང་རང་བོད་མི་ཞིག་ཡིན་པ་ངོ་སྤྲོད་བྱེད་བདེ་པོ་འདུག
རྩོམ་པ་པོ་ངོ་སྤྲོད།
སྐུ་ཞབས་འཇམ་དབྱངས་བཀྲ་ཤིས་ནི་བོད་ཨ་མདོ་ཐེ་པོ་རུ་སྐྱེས་པ་དང་། ལོ་༡༨ ལ་སླེབས་སྐབས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ཞིང་། དེང་སྐབས་ཨ་རིའི་ནང་གི་གྲོང་ཁྱེར་ནེའུ་ཡོཀ་གཙུག་ལག་སློབ་གཉེར་ཁང་དུ་གློག་བརྙན་བཟོ་སྟངས་སྐོར་སློབ་གཉེར་གནང་བཞིན་ཡོད། ཕྱི་ལོ་༢༠༡༤ ལོ་དེ་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མར་བཀའ་དྲིན་རྗེས་དྲན་ཞུ་བའི་ལོ་འཁོར་སྲུང་བརྩི་ཞུ་བའི་ཆ་ཤས་སུ། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་བོད་ཀྱི་དོན་གཅོད་ལས་ཁུངས་ཀྱིས་གོ་སྒྲིག་འོག་“རང་ངོས་ནས་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་མཆོག་གལ་འགངས་ཆེན་པོ་ག་འདྲ་ཆགས་ཡོད་དམ”ཞེས་པའི་རྩོམ་ཡིག་འགྲན་བསྡུར་ནང་འཇམ་དབྱངས་བཀྲ་ཤིས་ལགས་ཀྱི་རྩོམ་ཡིག་འདི་ལ་ཨང་དང་པོའི་བྱ་དགའ་ཐོབ་པ་དང་། འགྲན་བསྡུར་དེ་བྱང་ཨ་མེ་རི་ཀར་གནས་སྡོད་རང་ལོ་༡༨ ནས་༣༥ བར་གྱི་བོད་མི་ཀུན་ཞུགས་ཆོག་པར་བྱས་ཤིང་། ཨ་མེ་རི་ཀའི་ཧི་མ་ལ་ཡའི་ཐེབས་རྩ་ཁང་གིས་མཐུན་རྐྱེན་གནང་ཡོད།
ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་གསལ་བཤད།
༄༅། ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནས་ཡིན་པའི་འཇམ་དབྱངས་བཀྲིས་ལགས་ཀྱིས་བྲིས་པའི་འགོ་བརྗོད་དུ། འཛམ་གླིང་མི་འབོར་དུང་ཕྱུར་བདུན་བཅུའི་ནང་གི་གྲས་ཤིག ཞེས་འཁོད་པའི་རྩོམ་ཡིག་ལ་ཨ་སྒོར་༡༠༠༠།༠༠གི་བྱ་དགའ་ཐོབ་ཡོད་པ་རེད། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་༢༥འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་དེ་ཕྱི་ཟླ་༡༢ཚེས་༡༣ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བསྐོང་ཚོགས་གནང་ཡོད་པ་དང་། སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་ནས་མཛད་སྒོའི་ཐོག་འཇམ་དབྱངས་བཀྲིས་ལགས་སུ་རྩོམ་ཡིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ་པར་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་གནང་བ་དང་ཆབས་ཅིག་ཨ་སྒོར་ཆིག་སྟོང་གི་ཅེག་འཛིན་བྱ་དགའ་གསོལ་རས་གནང་ཡོད།
བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་༢༠༡༤ ལོ་ནི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོ་ལ་སྲུང་བརྩི་གནང་རྒྱུའི་ཐག་གཅོད་གནང་བ་ལྟར། ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་ལོ་འདིའི་སྟོན་ཁ་ནས་བཟུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ཡུན་རིང་པོར་རང་ཅག་བོད་མི་རྣམས་ལ་བཀའ་དྲིན་བསྐྱངས་པར་རྗེས་དྲན་ཞུ་ཆེད། བཀའ་དྲིན་རྗེས་དྲན་མཚོན་པའི་རྩོམ་ཡིག་འགྲན་བསྡུར་གྱི་གསལ་བསྒྲགས་གནང་ཡོད། ༧དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་དང་བཀའ་ཤག་ནས་ལོ་འདིའི་གསུམ་བཅུའི་དུས་དྲན་ཉིན་༢༠༡༤ ལོ་འདི་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལོ་ཡིན་ཞེས་ཡོངས་ཁྱབ་ཏུ་གསལ་བསྒྲགས་གནང་ཡོད་པ་རེད།
སྐུ་ཚབ་དོན་གཅོད་ཁང་ནས་གོ་སྒྲིག་ཞུས་པའི་རྩོམ་ཡིག་འགྲན་བསྡུར་ནང་། བྱང་ཨ་རིའི་ནང་ཞུགས་མཁན་དགུང་ལོ་༡༨ ནས་༣༥ བར་བོད་མི་སུ་ཡིན་རུང་མཉམ་ཞུགས་ཆོག་གི་ཡོད་པ་དང་། དེ་ཡང་བོད་ཡིག་དང་། དབྱིན་ཡིག རྒྱ་ཡིག་བཅས་སྐད་ཡིག་གང་གི་ནང་དུ་བྲིས་ཀྱང་འགྲིག་གི་ཡོད་པ་དང་། ནང་དོན་གཙོ་བོ་ནི་༧གོང་ས་མཆོག་ང་ལ་ག་རེ་བྱས་ནས་གལ་ཆེན་པོ་ཆགས་ཀྱི་ཡོད་དམ་ཞེས་པ་དེ་ཡིན།
རྩོམ་ཡིག་འབྱོར་བ་རྣམས་ལ་ཞིབ་འཇུག་གིས་ཡག་ཉེས་ཐག་གཅོད་གནང་མཁན་ཚོགས་ཆུང་གསུམ་(སྐད་ཡིག་རེར་ཚོགས་ཆུང་རེ།)བཙུགས་ཡོད་པ་དེས་རྩོམ་ཡིག་རྩེ་ཕུད་དེ་འདེམས་གནང་ཡོད། ང་ཚོར་དབྱིན་ཡིག་གི་རྩོམ་ཡིག་གནང་མཁན་མང་པོ་བྱུང་ཡང་། སྐད་ཡིག་གཞན་གཉིས་ནང་རྩོམ་ཡིག་གནང་མཁན་ཧ་ཅང་དཀོན་པས་བློ་ཕམ་གྱི་གནས་སུ་གྱུར།
བོད་ཡིག་ཐོག་ཆ་རྐྱེན་ཚང་བའི་རྩོམ་ཡིག་ཕུལ་མཁན་གཅིག་བྱུང་བ་དང་། རྒྱ་ཡིག་ནང་རྩོམ་ཡིག་ཕུལ་མཁན་གཅིག་ཀྱང་མ་བྱུང་། ཝི་ཅི་ནི་ཡ་གཙུག་ལག་སློབ་ཆེན་དུ་གསར་ཞུགས་གནང་ཙམ་ཡིན་པའི་སློབ་མ་བར་ཞི་ཚེ་རྣམ་ལགས་ནས་འབད་བརྩོན་ཆེན་པོས་བོད་ཡིག་རྩོམ་ཡིག་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པར་བོད་ཡིག་ནང་རྩོམ་ཡིག་འབྲི་མཁན་མང་དུ་འགྲོ་ཐུབ་པའི་རེ་བ་ཡོད།
དབྱིན་ཡིག་རྩོམ་ཡིག་རྩེ་ཕུད་ཀྱི་བྱ་དགའ་ཐོབ་མཁན་བཀྲིས་ལགས་ནི་བོད་མདོ་སྨད་ཐེ་བོ་རུ་སྐྱེས་ཤིང་། དེར་འཚར་ལོངས་བྱུང་བ་དང་། རང་ལོ་༡༨ལ་སོན་སྐབས་བོད་ནས་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་པ་རེད། ཁོང་རྒྱ་གར་དུ་འབྱོར་རྗེས་ཐོག་མར་བཞུགས་སྒར་རྡ་རམ་ས་ལའི་ཀིར་རྟི་བྱེས་པ་གྲ་ཚང་དུ་སློབ་སྦྱོང་གནང་ཞིང་། དེ་རྗེས་ཝར་ན་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་གནང་ཡོད་པ་དང་། ཕྱི་ལོ་༢༠༠༨ ལོར་ཨ་རིར་གནས་སྤོས་ཀྱིས་དེང་སྐབས་ནིའུ་ཡོག་གྲོང་ཁྱེར་སློབ་གྲྭ་ཆེན་མོའི་ནང་གློག་བརྙན་བཟོ་སྒྲིག་གི་སློབ་སྦྱོང་གནང་གི་ཡོད།
ང་ཚོས་རྩོམ་ཡིག་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་རྒྱུན་ལས་འགན་འཛིན་ Alison Reynolds ཁེ་ན་ཌ་ Ontario ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་རིང་མཚོ་མོ་ལགས་གསུམ་ནས་རྩོམ་ཡིག་རྣམས་ལ་དྲང་བདེན་ཞིབ་ཚགས་ཀྱིས་ཞིབ་འཇུག་དོ་ནན་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཐའ་མར་ང་ཚོས་ཨ་རི་ཧི་མ་ལ་ཡའི་ཐེབས་རྩ་ཁང་གིས་རྩོམ་ཡིག་རྩེ་ཕུད་ཀྱི་བྱ་དགའི་སྦྱིན་བདག་གནང་བར་ཤིན་ཏུ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྩོམ་ཡིག་འགྲན་བསྡུར་དང་འབྲེལ་བའི་སྐོར་ཞིབ་གནས་མཁྱེན་འདོད་ཡོད་ཚེ་བསྟན་འཛིན་བདེ་ཆེན་ལ་འབྲེལ་བ་གནང་རོགས་གནང་།
ཁོང་གི་ཞལ་པར་ཨང་གྲངས་ ༢༡༢ ༢༡༣ ༥༠༡༠ ཡིན་པ་དང་།
གློག་འཕྲིན་ཁ་བྱང་ ps2dcrep@tibet.net ཡིན།
ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་༢༠༡༤ ལོའི་ཟླ་བ་༡༢ ཚེས་༡༣ ལ།། །།
སུས་བསྒྱུར་ཡིན་ནམ། གང་མན་ཚད་ཡག་པོ་བསྒྱུར་འདུག ཐུགས་རྗེ་ཆེ།།
བོད་པ་ཚང་གཅིག་གི་གཅིག་ལ་སྟོད་བསྔགས་ཀྱང་ཀྱང་བཏང་ནས་་ཕྱིའི་
དགྲ་བོ་སྣང་མེད་དུ་་་ཤོར་བ་ད་ལྟ་ཡང་ཧ་གོ་མི་འདུག་སྙིང་རྗེ་ཤ་ཚ་ད་ཕྱི་བྱེད་
ཡག་པོ་ཞེ་དྲག་བྲིས་འདུག བཟང་ངན་ཤེས་པའི་མི་ཞིག་རེད་འདུག་བསམ་པའི་ཚོར་སྣང་བྱུང་།
་་་་་་་་་་་་་་་་་་་་་་ ༧དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་དང་བཀའ་ཤག་ནས་ལོ་འདིའི་གསུམ་བཅུའི་དུས་དྲན་ཉིན་༢༠༡༤ ལོ་འདི་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལོ་ཡིན་ཞེས་ཡོངས་ཁྱབ་ཏུ་གསལ་བསྒྲགས་གནང་ཡོད་པ་རེད། ་་་་་་་་་་་་་་་་་་་་་་་་་་་་
་་་་་་་་་་་་་་་་་་ བོད་ཡིག་ཐོག་ཆ་རྐྱེན་ཚང་བའི་རྩོམ་ཡིག་ཕུལ་མཁན་གཅིག་བྱུང་བ་དང་། རྒྱ་ཡིག་ནང་རྩོམ་ཡིག་ཕུལ་མཁན་གཅིག་ཀྱང་མ་བྱུང་། ཝི་ཅི་ནི་ཡ་གཙུག་ལག་སློབ་ཆེན་དུ་གསར་ཞུགས་གནང་ཙམ་ཡིན་པའི་སློབ་མ་བར་ཞི་ཚེ་རྣམ་ལགས་ནས་འབད་བརྩོན་ཆེན་པོས་བོད་ཡིག་རྩོམ་ཡིག་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པར་བོད་ཡིག་ནང་རྩོམ་ཡིག་འབྲི་མཁན་མང་དུ་འགྲོ་ཐུབ་པའི་རེ་བ་ཡོད། ་་་་་་་་་་་་་་་་་་་་་་
་་་་་་་་་་་་་་་་་་་ ། མ་འོངས་པར་བོད་ཡིག་ནང་རྩོམ་ཡིག་འབྲི་མཁན་མང་དུ་འགྲོ་ཐུབ་པའི་རེ་བ་ཡོད། ་་་་་་་་་་་་་་་་་་་་་་་་་་་་་
ཨ་རིའི་དོན་གཅོད་ཁང་གིས་རྩོམ་ཡིག་འགྲན་བསྡུར་འདིའི་གསལ་བསྒྲགས་གང་དུ་བྱས་བ་རེད་དམ། འདི་ཡ་མཚན་དགུ་མཚན་རེད་ལགས།
གསལ་བསྒྲགས་་ཁོང་རང་ཚོའི་ཉེ་བསྐོར་ལ་བྱས་པ་རེད་དེ་དབུས་བོད་མིའི་
སྒྲིིག་འཛུགས་ཀྱི་འགྲོ་སྟངས་རེད་་ལས་གསར་འདེམས་སྐབས་་རྡ་ས་ཉེ་འགྲམ་
དང་ལས་བྱེད་པའི་ཉེ་འཁོར་མ་རྟོག་ཐག་རིང་གཞིས་ཆགས་ཀྱི་ཕྲུ་ལ་སྒོ་སྐབས་
མེད་པ་རེད་།
དངོས་ཡོད་བྲིས་ཡོད་པ་འདྲ་ཡག་པོ་འདུག་འོན་ཀྱང་ཨང་དང་པོ་ཟེར་ན་དེ་ཙམ་གྱིས་སེམས་འགུ་མ་སོང་།
དངོས་ཡོད་བྲིས་ཡོད་པ་འདྲ་ཡག་པོ་འདུག་འོན་ཀྱང་ཨང་དང་པོ་ཟེར་ན་དེ་ཙམ་གྱིས་སེམས་མགུ་མ་སོང་།