འདབ་པ་ཚེ་དབང་མགོན་པོ།
སྤྱིར་སངས་རྒྱས་པའི་ཆོས་ལུགས་ཀྱི་བཤད་སྲོལ་ཞིག་ལ་འཇིག་རྟེན་ཐམས་ཅད་ལས་རྨོངས་དང་། ལས་རྨོངས་ནང་ནས་གང་མཁས་ཡིན་ཞེས་པ་དེ་དང་། ནུབ་ཕྱོགས་པའི་སྒྱུ་རྩལ་གྱི་ཁྱབ་ཁོངས་སུ་འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་ལད་ཟློས་ཡིན་ཞེས་པའི་བསྡོམས་ཚིག་འདི་གཉིས། ཆུ་དང་འོ་མ་འདྲེས་པའི་བརླན་གཤེར་བཞིན་དུ་གྱུར་ནས། བསྒྲུབ་བྱ་ངོ་མ་མིའི་འཚོ་བ་དང་། སྤྱི་ཚོགས་ཀྱི་དགོས་མཁོ་ཐམས་ཅད་ཕན་ཚུན་གཅིག་གིས་གཅིག་ལ་ལད་ཟློས་བགྱིས་པ་དང་། མིག་དཔེ་བལྟས་པ་ལ་བརྟེན་ནས་བྱུང་བའི་བྱ་དངོས་ཤ་སྟག་ཡིན་པར་ཐག་གཅོད་བྱས་ཡོད་ཅིང་། དེ་ནི་ཁོང་ཚོས་འགྲོ་བ་མིའི་འཕེལ་རིམ་དང་སྒོ་གསུམ་གྱི་བྱ་སྤྱོད་སོགས་ལ་དུས་ཡུན་རིང་པོའི་སྒོ་ནས་ཞིབ་འཇུག་དང་བརྟག་དཔྱད་ནན་མོར་བགྱིས་ནས་བསྡོམས་ཚིག་བཀོད་པ་ཞིག་ཡིན་ལ། དེའི་ཕྱིར་ཐོག་མར་མི་གང་ཞིག་ཡིན་ནའང་མའི་མངལ་ནས་སྐྱེས་ཙམ་གྱི་སྐབས་ལ་ཅི་ཡང་མི་ཤེས་པ་དང་། གང་ཡང་མི་འཇོན་པའི་ཚེ་སྲོག་ཙམ་ལྡན་པའི་དངོས་པོ་ཆུང་ཆུང་ཞིག་ཡིན། དེ་བས་རང་ཉིད་ཀྱི་ལུས་ཕུང་དེ་ས་ཐོག་ལ་སྡོད་དུས་སུའང་རང་རྐྱ་མི་ཕོད་པར། ཡར་བཞག་ན་ཡར་འདྲེད་མཁན་ཞིག་དང་། མར་བཞག་ན་མར་འདྲེད་མཁན་གྱི་མིའུ་ཆུང་ཆུང་ཞིག་ཡིན།
དེས་ན་འཇིག་རྟེན་གྱི་སྐྱེ་བོ་རྣམས་ཀྱིས་ཐོག་མར་རང་གི་ཨ་མའི་ལད་ཟློས་བྱས་ནས་ཕའི་མིང་འབོད་པ་དང་། ཕའི་ལད་ཟློས་བྱས་ནས་མའི་མིང་འབོད་པ། ཕ་མ་གཉིས་ཀའི་ལད་ཟློས་བྱས་ནས་གཅེན་མོ་དང་གཅུང་མོའི་མིང་འབོད་པ། གཅེན་པོ་དང་གཅུང་མོའི་ལད་ཟློས་བྱས་ནས་གྲོགས་པོ་དང་གྲོགས་མོའི་མིང་འབོད་པ། གྲོགས་དང་གྲོགས་མོའི་ལད་ཟློས་བྱས་ཏེ། མི་གཞན་གྱི་མིང་འབོད་ཤེས་པ་སོགས་རིམ་གྱིས་བྱུང་བ་ཡིན། དེ་ནས་རང་ཉིད་ཀྱི་སེམས་ནང་ལ་མི་གཞན་གྱི་ལད་ཟློས་བྱས་པའི་མིང་དང་བརྡ་ཆད། ལད་ཟློས་ཀྱི་བྱ་དངོས་སོགས་མང་པོ་ཞིག་བསགས་ནས། སྲོག་ཆགས་གྲོག་མས་ཚང་བཅའ་བ་ལྟར་སེམས་ལ་བག་ཆགས་མཐུག་པོ་ཞིག་འཇོག་གི་ཡོད། བག་ཆགས་དེ་དག་རང་ལ་བརྟེན་ནས་བྱུང་བའི་བྱ་དངོས་མང་པོ་ཞིག་ལ་འཛིན་པ་ལྡོག་ཐབས་མེད་པ་ཞིག་སྐྱེས་ཏེ་མཐའ་གཅིག་ཏུ་འདི་རེད་སྙམ་པའི་ལྟ་གྲུབ་ཀྱང་སྐབས་དེར་འགོ་འཛུགས་བྱེད་ཀྱི་ཡོད། ལྟ་གྲུབ་འདི་དག་རང་ཉིད་ཀྱི་རྒྱུད་ལ་སླེབས་ཚེ་བཟང་ངན་གྱི་རྣམ་བཞག་མེད་པར་མདོར་ན་དེ་དག་ཐམས་ཅད་ལ་རང་ཉིད་ཀྱི་མི་ཚེ་དེ་ཚེ་གཡོག་བརྒྱུག་དགོས་པའི་གནས་ཤིག་གྱུར་ཟིན་པ་ཡིན།
དེ་ནས་ཁོང་ཚོ་གནས་སྡོད་བྱེད་སའི་སྤྱི་ཚོགས་ཁོར་ཡུག་གི་བྱ་དངོས་མང་པོ་ཞིག་དང་། གནས་ཚུལ་མང་པོ་ཞིག་ལ་ལད་ཟློས་བྱས་ཆེ་ནས་མཐར་རང་ཉིད་ཀྱི་ཡིད་ལ་དེ་དག་ནན་ཏན་དུ་འབྱར་ནས་འདི་ནི་ཡག་པོ་དང་། དེ་སྡུག་པོ་རེད་སྙམ་པའི་བསམ་བློ་འཁོར་བ་མ་ཟད། ཁྱེད་ཀྱི་ཕྱོགས་གཏོགས་དང་ངའི་ཕྱོགས་གཏོགས་གཉིས་ཀྱི་རྣམ་བཞག་འབྱེད་པའི་ལུགས་སྲོལ་ཡང་སྐབས་འདིར་འགོ་འཛུགས་བྱེད་ཀྱི་ཡོད། དེ་དག་ལ་བརྟེན་ནས་ཁྱེད་ཀྱི་རིག་གཞུང་དང་ལམ་ལུགས། ངའི་རིག་གཞུང་དང་ལམ་ལུགས་སོགས་ཀྱི་ཁྱད་པར་ཕྱེས་པ་དང་། དེ་དག་གི་ཆེད་དུ་རང་སྲོག་བློས་གཏོང་ལྟ་བུའི་སྒོ་ནས་གཅེས་འཛིན་དང་། དགའ་ཞེན་བྱེད་ཀྱི་ཡོད། དེ་དག་དང་མི་འདྲ་བའི་རིག་གཞུང་དང་། ལམ་ལུགས་སོགས་ལ་མཐོང་ཆུང་དང་དམའ་འབེབས་བྱས་པ་དང་། ད་དུང་དེ་ལྟ་བུ་ཞིག་ཡར་རྒྱས་འགྲོ་ཚེ་མི་དགའ་པའི་རྣམ་འགྱུར་བསྟན་པ་དང་། ཕྲག་དོག་སོགས་བྱེད་པའི་བྱ་སྤྱོད་ཀྱང་ཁྱེད་ཀྱི་རྒྱུད་ལ་ངམ་ངམ་ཤུགས་ཤུགས་ཀྱིས་སླེབས་ཀྱི་ཡོད།
དེས་ན་དེ་དག་ལ་བརྟེན་ནས་ཆོས་ལུགས་ཀྱི་འཐེན་ཁྱེར་དང་། མི་རིགས་ཀྱི་ཞན་ཁོག་བྱས་པའི་ལུགས་སྲོལ་སོགས་ཀྱང་རྩ་བ་འདི་ལྟ་བུ་སོགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན། རང་ཉིད་ཀྱིས་མི་གཞན་གྱི་ལད་ཟློས་བྱས་ནས་ཆོས་དང་། འཇིག་རྟེན་གྱི་རྣམ་བཞག་ལ་བཟང་ངན་གྱི་ཁྱད་པར་ཕྱེས་པ་མ་ཟད། མི་སྣ་གཞན་ཞིག་གིས་ཁོ་བོས་ལེགས་པར་བརྩིས་པའི་ལམ་ལུགས་སོགས་ལ་མི་ཞུགས་པ་དང་། མི་དགའ་བ་སོགས་བྱས་ཚེ། དེར་མི་འདོད་པའི་རྣམ་འགྱུར་བསྟན་པ་དང་། དེ་བས་བཟང་པའི་བཟང་རབས་དང་། ཡག་པའི་ཡག་རབས་སོགས་བཤད་ནས་མི་གཞན་དེ་ཧ་ཅང་གི་སུན་པོ་བཟོ་བཞིན་ཡོད། རང་ཉིད་ཀྱི་གང་ལེགས་པོ་མཐོང་བ་དེ་མི་གཞན་གྱིས་ཀྱང་ལེགས་པོ་མཐོང་དགོས་པ་དང་། རང་ཉིད་ཀྱིས་གང་རྡུགས་པོ་མཐོང་བ་དེ་མི་གཞན་གྱིས་ཀྱང་རྡུགས་པོ་མཐོང་དགོས་པའི་བསམ་བློ་དང་ལྟ་གྲུབ་སོགས་ཁྱེར་ཏེ། མི་ཆེ་ཆུང་མང་པོ་དང་། སྤྱི་ཚོགས་ཆེ་ཆུང་མང་པོ་ཞིག་ལ་དཀའ་ངལ་སེལ་ཐབས་མེད་པའི་གནས་ཚུལ་སྣ་ཚོགས་ཤིག་བཟོས་ནས་བཞག་པ་དང་། དེ་བས་རང་ཉིད་ལ་དགའ་མོས་ཡོད་མཁན་གྱི་སྤྱི་ཚོགས་ཤིག་དང་། ཡང་ན་མི་སྣ་ཞིག་ཡིན་ཚེ་སྤྱི་ཚོགས་ནང་ལ་དཀར་པོ་བཟོ་ཅི་ཐུབ་བྱས་པ་མ་ཟད། ཕན་ཅི་ཐོགས་བྱས་ནས་རང་ཉིད་ཀྱི་རྗེས་སུ་ཇི་སྲིད་པར་འབྲང་ཐབས་བྱེད་ཀྱི་ཡོད་ལ། དེ་མིན་རང་ཉིད་ལ་མི་དགའ་མཁན་གྱི་སྤྱི་ཚོགས་ཤིག་དང་། ཡང་ན་མི་སྣ་ཞིག་ཡིན་ཚེ་ཇི་སྲིད་པར་ནག་པོའི་ངོ་བོར་བསྒྱུར་རྒྱུའི་ཐབས་ཤེས་དང་ཇུས་ངན་འདྲ་མིན་བཤམས་ནས་དེ་མི་གཞན་གྱིས་མཐོང་པ་དང་། ཐུག་པ་སོགས་བྱུང་ཚེ་དོན་ཐག་ཅི་ཡང་མེད་ནའང་མི་དགའ་པར་ཆགས་དགོས་པ་སོགས་བཟོ་བཞིན་ཡོད།
དེའི་ཕྱིར་དེ་ལྟ་བུའི་གནས་སྟངས་ལ་བརྟེན་ནས་རྒྱལ་ཁབ་ཕན་ཚུན་དམག་འཁྲུག་དང་། དེ་བཞིན་མི་རིགས་སོ་སོའི་ནང་འཁྲུག་སོགས་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་ཞིག་ཡིན་ལ། དེ་བས་ཁྱེད་ཀྱི་མི་རིགས་དང་། ང་ཚོའི་མི་རིགས། ཁྱེད་ཀྱི་རིག་གཞུང་དང་། ང་ཚོའི་རིག་གཞུང་སོགས་ཀྱི་ཁྱད་པར་ཆེན་པོར་འཛིན་དགོས་པའི་རྩ་བ་ཡང་འདི་དག་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེ་བཞིན་རང་ཉིད་ཀྱི་རིག་གཞུང་དང་མི་རིགས་ཡར་རྒྱས་འགྲོ་ཐབས། གཞན་གྱི་རིག་གཞུང་དང་། མི་རིག་ཉམས་ཆག་འགྲོ་ཐབས་སོགས་ཀྱི་བྱ་སྤྱོད་ཀྱང་རྩ་བ་འདི་དག་ལ་ཐུག་ཡོད། ཆོས་ལུགས་དང་། གྲུབ་མཐའི་བར་འཐེན་ཁྱེར་དང་། ཕྱོགས་རེས་བྱེད་པའི་ལུགས་སྲོལ་ཡང་གནས་སྟངས་འདི་རྣམས་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེ་དག་གི་ཆེད་དྲག་པོ་ཞིག་བྱས་ན་ཅི་འདྲ་ཞིག་འོང་གི་འདུག ཞི་བ་ཞིག་བྱས་ན་ཅི་འདྲ་ཞིག་འོང་འདུག ལྐོག་ནས་ངན་ཇུས་བཤམ་ན་ཅི་འདྲར་འགྱུར་ཚར་རེད་བསམ་པའི་བྱ་སྤྱོད་ཐམས་ཅད་རྩ་བ་འདི་ལ་ཐུག་པ་ཡིན།
དེ་དག་གི་ཆེད་དུ་སྐབས་རེར་སོ་དཀར་པོ་བསྟན་པ་དང་། སྐབས་རེར་ངོ་ནག་པོ་བསྟན་པའི་འཁྲབ་ཆ་དོད་པོའི་སྒོ་ནས་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་བྱས་ནས། སྐྱེ་བོ་ཐམས་ཅད་རང་ཉིད་ཀྱི་ཚེ་གཡོག་དང་། དེ་མིན་རང་ཉིད་ཀྱི་ཕྱོགས་ཙམ་ལ་བསྒྱུར་ཐབས་ཁོ་ན་བྱེད་ཀྱི་ཡོད་ལ། དེའི་ཕྱིར་གནས་ཚུལ་དེ་དག་ཤེས་མཁན་དང་། ཧ་གོ་མཁན་ཐམས་ཅད་སྲོག་བཅད་པ་དང་། ཉམ་ཉེས་པར་བྱས་པ་སོགས་ནི་གྲངས་ཀྱང་བརྩིས་སུ་མེད་ལ། དེ་བས་རང་ཉིད་ཀྱི་བསམ་བློ་ནང་གི་འཆར་གཞི་དང་། དམིགས་ཡུལ་རྣམས་ནི་སུས་ཀྱང་རྟོགས་ཐབས་མེད་པའི་རང་བཞིན་ཞིག་ཡིན། དེས་ན་གནས་སྟངས་འདི་བུའི་བཤད་མི་ཕོད་པའི་སྐྱེ་གཡའ་བ་རྣམས་ནི། ཐོག་མར་གཞན་གྱི་ལད་ཟློས་དང་རྗེས་འབྲང་བྱས་ཤིང་། དེ་ནས་རང་ཉིད་ཀྱི་ལྟ་གྲུབ་དང་། ཕུགས་བསམ་སོགས་གྱུར་ཏེ། རང་གཞན་སུ་ལའང་ཕན་ཐོགས་ཡོད་མེད་ལ་མ་ལྟོས་པར། དེ་དག་གི་ཆེད་མི་ཚེ་བྲན་གཡོག་རྒྱུགས་ཏེ་མཐར་ཚེ་སྲོག་རྫོགས་དགོས་པ་སོགས་ནི་མི་ཡི་རང་གཤིས་ངོ་མ་ཞིག་ཡིན་ནོ། །
རྣམ་ལྡན་མི་ཡི་གཤིས་ལུགས་རྣལ་མ་ལ།།
ལད་ཟློས་ཆོས་ཀྱིས་བྲན་གཡོག་ཁྲིད་ན་ཡང་།།
མཐོན་པོའི་ཁྲི་ལ་བཀོད་སོང་འདུ་ཤེས་ངང་།།
མི་ཚེ་འཇའ་བཞིན་ཟད་པ་ཕམ་བ་ལགས།།
༢༠༠༡༥ / ༣ / ༡ ཉིན་སྤེལ།