གསོན་མིག
ཉི་ནག་སྐར་ནག་གི་ཕྱི་དྲོ་དེར།
སྡིག་གྲི་དམར་པོའི་སོ་ཁ་ནས།
ཕྱི་མིག་གངས་རི་ལ་ཐོགས་པའི་སྐྱེས་བུ་ཞིག
ཞལ་མི་གྲག་པའི་སྐུ་ཕུང་ཤུལ་དུ་བཞག་སྟེ།
གང་ཞིག་ཏུ་ཕེབས་སོང་ཨང་།
ཡོད་ཚད་ཀྱི་རྩོམ་འཕྲོ་དང་ལས་འཕྲོ།
གསུང་འཕྲོ་དང་འབྲི་འཕྲོ་བཞག་སྟེ།
གངས་རིའི་གྲོང་གི་ཉེ་འདབས་སུ།
འདོད་རྔམ་གྱིས་སྨྱོས་པའི་མི་གཟུགས་འགར།
ཚེ་སྲོག་གིས་ར་སྤྲོད་ཅི་ཞིག་གནང་སྟེ།
མི་ཡུལ་ལ་གྱེས་ཕྱག་ཕུལ་སོང་།
སྟོང་བཤད་ཀྱིས་གནམ་ས་མ་བསྒུལ།
འུད་ཤོབ་ཀྱིས་རི་རྒྱལ་མ་བསྒྱེལ།
རང་རློམ་གྱིས་མཚོ་མོ་མ་བསྐྱོམས།
དངོས་ཡོད་ཀྱི་ལམ་བུ་བཟོས་ཏེ།
བདེན་ཐུབ་ཀྱི་གོམ་པ་བརྒྱབ་སྟེ།
ལོ་རྒྱུས་ཀྱི་རྡོ་རིང་བསླངས་ཏེ།
དགུང་གྲངས་བདུན་ཅུའི་གར་སྟེགས་དེ་ནས།
ཟུངས་ཁྲག་གི་ཡི་གེ་ལ་ལྐོག་གྱུར་གྱི་མཚོནམདངས་བསྣན་ཏེ།
གསང་བ་གང་ཞིག་གི་གཏིང་རུམ་དུ་ཐིམ་སོང་།
ཁྱེད་རང་ཕེབས་ཟིན་ནའང་།
ད་དུང་དཔེ་དེབ་ཅིག་བཞག་ཡོད།
ཤོག་དཀར་དུ་བྲིས་པའི་རི་མོ་མིན།
པིར་སྨྱུག་གིས་བཏབ་པའི་ཟིན་ཐོ་མིན།
ལོ་རྒྱུས་ལ་བཅོལ་བའི་བདེན་དོན་ཡིན།
རིགས་ཞེན་གྱིས་དྲངས་པའི་གླེགས་བམ་ཡིན།
ཕྱི་རབས་པར་བསྟན་པའི་མིག་དཔེ་ཡིན།
ཁྱེད་ཀྱི་བླ་མེད་ཀྱི་མཛད་རྣམ་ཟུབ་ཏུ་མེད་པས།
ཁྱེད་ཉིད་མིར་སྐྱེས་ཀྱི་དོན་གོ་ཆོད།
ཁྱེད་ཀྱི་བྱམས་བརྩེ་ཡི་རོགས་པ་ཉམས་པ་མེད་པས།
ཁྱེད་ཉིད་འཛམ་གླིང་གི་སྐྱེས་ཆེན་ངོ་མ་ཡིན།
བདེ་མོར་བཞུད་རོགས།
མཆོད་མེ་རྐང་གཅིག་གི་སྐྱེལ་མ་ཡོད།
སྨོན་ལམ་ལན་གཅིག་གི་ཁ་གཡང་ཡོད།
ཁྱེད་ལ་བདེན་དོན་སྟོང་ཕྲག་གི་རྒྱབ་རྟེན་ཡོད་པས།
ཁྱེད་ཉིད་ནམ་ཡང་ནུབ་པ་མེད་་་་་་་་་་་་།
2013 \ 10\ 10ཉིན་ཨ་དཀོན་མཆོག་གི་མཛད་རྗེས་དྲན་བཞིན་སྐྱོ་སྣང་དང་བཅས་བྲིས།
བཀའ་དྲིན་ཆེ། ངོ་མ་ཡག་པོ་བྲིས་འདུག
གངས་ལྗོངས་པན་ཆེན་གཉིས་པ།།
ཨ་དཀོན་སྙིང་རྗེ་རླན་གྱིས།།
བསྟན་སྲིད་ལྗོན་ཤིང་རྩ་བ།།
མ་སྐམས་་གསོན་པོར་གནས་འདུག།
མྱ་ངན་ཞུ་ཡང་རྒྱལ་པན་གཉིས་ལྟར་བཤད་པ་ནི་མི་སྲིད་པའི་སྐད་ཆ་རེད། ཁོ་ལ་སྤྲུལ་མིང་ཡོད་པ་དང་ཁོས་སློབ་གྲྭར་འགའ་ལ་རོགས་དན་བྱས་ཡོད་པ་ཡང་བདེན་པ་རེད། ཆོས་དང་ནག་ཚོང་དང་དུད་ནག་འཐེན་པ་ཡང་དངོས་ཡོད་རེད། ལས་རྔར་དེར་གྲི་ཤིར་སོང་བ་རེད། དེས་ན་ཨོ་ཉི་ཁྱེད་ཚོས་དམ་པ་གོང་མ་ཚོར་ཞབས་འདྲེན་གྱི་འུར་བསྟོད་མི་གནང་བར་མཁྱེན་ནོ། །