འབའ་སྲས།
ཡིད་འོང་རང་བྱུང་སྤྲིན་པ་དཀར་པོ་བརྩེ་དུང་འཕྲིན་གྱི་ཕོ་ཉར་བསྐོས།།
དཔུང་བར་རྒྱུ་བའི་གདུ་བུ་དག་ལ་དྲན་པས་གདུང་བའི་གཟུགས་རིས་ཕབ།།
རི་ཚོགས་ནགས་དང་ཆུ་ཕྲན་ལ་ཡང་སྐྱོ་བ་སངས་པའི་གདོང་གྲོགས་ཞུས།།
དགའ་མ་དྲན་པའི་གདུང་དབྱངས་སྙན་ངག་དེ་རིང་ད་དུང་རྒས་མེད་དམ།།
དགའ་མའི་དོན་ལ་རྒྱལ་ས་དོར་ཞིང་ནགས་ཀྱི་ལོ་མ་གདན་དུ་བྱས།།
ཞི་བའི་ཏིང་འཛིན་ནགས་ནས་སྒོམ་ཞིང་གྲོང་གི་བུ་མོ་ཁབ་ཏུ་བཞེས།།
འཕྲུལ་གྱི་རི་དྭགས་མདའ་ལྔས་བདས་ཀྱས་རྐང་རྗེས་སྤྱན་གྱིས་མ་གཟིགས་པའི།།
སྒྲ་སྒྲོགས་བཅོམ་མཁན་རྒྱལ་བོ་དེ་ཡི་གཏམ་རྒྱུད་ད་དུང་རྫོགས་མེད་དམ།།
དབྱུག་པར་བརྟེན་པའི་དྲང་སྲོང་བགྲེས་པོས་གཞོན་ནུ་བུ་དག་དགའ་བྱེད་ལ།།
འདི་ལ་ལྟོས་དང་ངག་རིག་བུ་མོའི་ཟླུམ་ཞིང་འབུར་བའི་འོ་འཛིན་དག །
མཐོང་ཞེས་མེ་ལོང་ཕྱིས་རྡར་ངོས་སུ་འཆར་བའི་སྒྲ་དོན་གཟུགས་བརྙན་དེ།།
བཅུ་དྲུག་གཞོན་ནུའི་ལང་ཚོ་བཞིན་དུ་ད་དུང་མིག་ལ་འཚེར་ཡོད་དམ།།
མ་སྐྱེས་ཨ་མའི་ཞལ་རས་སྒོམ་སྟེ་སྐྱིད་ཆུའི་ཀློང་ལ་གྱེར་བའི་གླུ།།
གཏན་དུ་གྱེས་མིན་ལི་ཐང་བསྐོར་ནས་སླར་ཡང་བསླེབ་ཅེས་གསུངས་པའི་མགུར།།
བར་སྐོར་འབངས་ལ་གྱེར་བའི་སྙན་ངག་གངས་ལ་བཀོད་པའི་རྐང་རྗེས་བཞིན།།
ཁ་བའི་ངོས་སུ་ཉི་མས་མ་བཞུས་ད་དུང་གསལ་བར་གནས་ཡོད་དམ།།
རྒྱལ་ཁམས་འགྲིམས་པའི་མིག་ཟུར་འཕངས་པ་ན་ཆུང་བུ་མོའི་སྙིང་ལ་ཟུག །
འཇིག་རྟེན་འདོད་པ་ཉམས་སུ་མྱངས་པ་ཤོག་བུ་དཀར་བོའི་ངོས་ལ་ཕེབ།།
སྐུ་དྲག་ཞིག་གི་མཐེ་བོང་བར་ནས་ཕྱི་མའི་ཡུལ་གྱི་མཛེས་པ་མཐོང་།།
མ་འདས་འདོད་པའི་བསྟན་བཅོས་བང་སོ་ད་དུང་མ་འཇིག་བརྟན་ཡོད་དམ།།
རྐང་ལམ་ཕྲ་མོ་དེད་ནས་འགྲོ་དུས་སྤྲུལ་སྐུ་ཞིག་ལ་ལམ་ནས་འཕྲད།།
རྫུན་མའི་དཔང་རྟགས་རུམ་ནས་ལྷུང་བས་ཞེ་ལོག་རལ་གྲི་ལག་པས་གདེངས།།
དགོན་པའི་བླ་མའི་མདུན་དུ་མ་ཁྲིད་སྒེར་གཅོད་ཁྲིམས་ཀྱི་བཙོན་ལ་བཅུག །
གཞན་བསྟུན་རང་ལུགས་རྣམ་ཤེས་སྤྲུམ་པའི་སྒྲུང་དེ་ད་དུང་རྫོགས་མེད་དམ།།
མདོར་ན་གནའ་རབས་མཛེས་མ་ཞིག་ལ་དེ་རིང་ཁྱོད་ཀྱིས་འཁྱུད་འདོད་དམ།།
ན་ནངས་ཉན་པའི་གླུ་གཞས་དེ་ལ་དེ་རིང་ཁྱོད་ཀྱིས་ཉན་འདོད་དམ།།
ཁ་སང་བལྟས་པའི་ལྟད་མོ་དེ་ལ་དེ་རང་ཁྱོད་ཀྱིས་ལྟ་འདོད་དམ།།
ཁ་སང་ཟོས་པའི་ཟས་ཀྱི་ལྷག་མ་དེ་རིང་ཁྱོད་ཀྱིས་ཟ་འདོད་དམ།།
ད་ལན་གྱི་མི་རབས་གསར་བའི་དྲི་བ་ཞིག་ཅེས་པ་འདི་དངོས་གནས་ཉམས་འགྱུར་དོད་པའི་སྙན་ངག་ཡག་པོ་ཞིག་ཏུ་མཐོང་སོང་། ཚིགས་བཅད་སྙན་ངག་འདི་རིགས་ལ་མོས་གུས་ཡོད།
རྒན་ལགས་ཀྱི་སྙན་ངག་ལ་རང་ཚོད་ཀྱིས་རོལ་མྱོང་ཟིན་པ་དང་། ཞོར་ནས་རྒན་ལགས་སུ་ཁམས་འདྲི་ཞིག་ཀྱང་ཞུ་འདོད་བྱུང་།
་གནའ་རབས་མཛེས་མ་བརྩེ་བ་ཟབ་ན་ལོ་ན་རྒས་ཡང་འཁྱུད་གི་ཡིན།།
སྙན་པའི་གདངས་དེའི་བག་ཆགས་ཟབ་ན་ཁྭ་ཏ་ཡིན་ཡང་ཉན་ན་སྤྲོ།།
མི་རིགས་འདི་ལ་ཕན་པར་འདོད་ན་དུས་རབས་ཞིག་ལ་ཁྱད་པར་ཅི།།
ཁ་སང་ཟས་པའི་ཟས་ལྷག་ཡིན་ཡང་མི་ཟ་གཏོང་ཟད་བྱས་ནས་ཅི།།
སྨྱུག་གུ་ཐོག་པའི་ལག་པ་ཡོད་ཀྱང་རྡོ་བྲག་སྐམ་པོ་འགྲན་ནུས་སུ།།
དུས་རབས་ཉེར་གཅིག་གྲུ་ནས་འགྱིང་ཡང་གཞུང་ལམ་བགྲོད་བའི་རྐང་གཉིས་སུ།།
འཆི་གསོན་གཉི་ཀའི་སྣེ་ན་ལྷག་པའི་བོད་ལ་ཤ་ཞེན་ཡོད་ན་ནི།།
ནུབ་ཀྱི་གྲུ་ནས་རང་དོན་བསྒྲུབས་བཞིན་ལྷག་བསམ་ཆེ་མདོག་མ་སྟོན་རོགས།
འདི་འདྲ་བྲིས་ན་མི་གོ་དོ། ཐུགས་རྗེ་གཟིགས།
མི་རབས་གསར་པའི་བཟང་སྤྱོད་གཉིས་ཀྱི་ཆ་ཡོད་པ་གོ་ཐོས་བྱུང་།
ལྷག་བསམ་ཆེ་བའི་སྙན་ངག་བདག་ལ་མེད།།
ཡིན་མདོག་སྟོན་པའི་སྤོབས་པ་དེ་བས་མེད།།
སྙུ་གུའི་རྩེ་ན་མེ་སྟག་མཆེད་པ་དང་།།
རང་བྱུང་སྙིང་གི་ལྡིང་རྩལ་བདག་ལ་མཐོ།།
མ་ཧ་ཙི་ནས་དྲག་ཤུགས་བཙན་པོས་གཡུལ་གཤོམ་དམག་དཔུང་ཕྱོགས་བཞིར་བཀོད།
ཁེངས་དྲེགས་ང་རྒྱལ་འཁོར་སྒྱུར་འགྲན་ཞིང་གཡོ་སྒྱུ་འུར་སྒྲོག་གླིང་བཞིར་ཁྱབ།
ཉམ་ཆུང་ཁྱིམ་མཚེས་ཡུལ་གྲུ་ཁག་ལ་བཙན་དབང་ཉིན་མཚན་དུས་བཞིར་བྱེད།
སྟོབས་ཤུགས་ཆེ་ཆུང་བཙན་གནོན་འདི་ལ་རྒྱལ་ཚོགས་ད་དུང་མིག་ལོང་ངམ།
ཁ་བའི་ལྗོངས་སུ་བྱམས་སེམས་ཆེ་བའི་ཉམ་ཐག་མི་རིགས་དམར་གསོད་ཀྱིས།
གོ་ལའི་ཡང་སྟེང་མཐོ་སྒང་བོད་ཀྱི་རྩ་ཆེའི་ཁོར་ཡུག་གཏོར་རླག་དང་།
སྐྱེ་བོ་ཀུན་གྱི་གཅེས་ནོར་དམ་པ་བོད་རྒྱུད་ནང་བསྟན་སྟོང་ཉེ་ནའང་།
འགྲོ་བ་མི་ལ་འགན་ཁུར་མིང་ཁྱེར་རྒྱལ་ཚོགས་ད་དུང་གཉིད་སད་དམ།
ཆབ་སྲིད་ལམ་ལུགས་གཅིག་སྡུད་ཅན་གྱི་དམར་པོའི་ལྟ་བ་མཁྲེག་འཛིན་འོག
མེ་ལྕེ་དྲག་པོའི་ཀློང་ན་འགྱིང་པའི་དཔའ་རྒོད་ལྔ་བཅུ་རྩ་ལྔ་ཡིས།
གངས་ཅན་མགོན་པོ་བོད་ལ་གདན་ཕྱིར་རང་ལུས་མེ་རུ་སྒྲོན་ན་ཡང་།
ཁ་བ་རི་པས་རྒྱབ་རྟེན་བཅོལ་ས་ཨ་རིར་ད་དུང་གཟའ་རྒྱབ་བམ།
ལོག་སྨྲ་ཚར་གཅོད་ནས་བྲིས་པ་ལེགས་པས་རྩོམ་འདིའི་མཇུག་འབྲི་རོགས་ཞུ་བ་ཡིན།
འབའ་སྲས་ལགས། སྐུ་ཉིད་ཀྱིས་ངའི་རྩོམ་དེའི་ཁ་སྐོང་ཞིག་འབྲི་རོགས་བྱོས་དང་།