༼ད་ལྟ་བ་དུས་དེབ་ལས་ཚན་བཤུ་བྱས༽
༼༡༽
རྒྱལ་བ་གཉིས་པ་འཇམ་དཔལ་སྙིང་པོ་ལ་ཁྱད་པར་བཞི་ལྡན་གྱི་ཚུལ་དུ་རབ་བསྔགས་དད་པའི་མེ་ཏོག་ཅེས་བྱ་བ་བཞུགས་སོ།།
འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།
ཨོཾ་སྭ་སྟི། མ་ལུས་ཕྱོགས་དུས་རྒྱལ་བའི་མཁྱེན་རབ་གང༌།། གཅིག་བསྡུས་རྗེ་བཙུན་ངག་གི་དབང་ཕྱུག་ནི།། ངུར་སྨྲིག་འཛིན་པའི་གཟུགས་སུ་རྣམ་རོལ་བ།། མཚུངས་མེད་བློ་བཟང་རྒྱལ་བའི་དབང་པོ་ཁྱོད།། རྙོག་བྲལ་ཡིད་ཀྱི་རྒྱ་མཚོ་དྭངས་པའི་ངོས།། དད་པའི་འདབ་སྟོང་བཞད་པའི་གེ་སར་ལ།། དགྱེས་པར་བཞུགས་ནས་མོས་ལྡན་བདག་ཅག་གི།། བསྟོད་པའི་མེ་ཏོག་འཐོར་ལ་ཡུད་ཙམ་དགོངས།། སྟོན་པ་མཆོག་དེས་དཔག་མེད་དཀའ་བ་ཡིས།། བསྒྲུབས་པའི་ཆོས་ཚུལ་ཡིད་བཞིན་རིན་པོ་ཆེ།། བཤད་དང་སྒྲུབ་པའི་རྒྱལ་མཚན་རྩེར་འགོད་པའི།། སྙིང་སྟོབས་རྡོ་རྗེའི་དམ་བཅའ་ཁྱོད་ཀྱིས་བཞེས།། རྒྱུ་སྐར་ཕྲེང་བར་རྒྱུ་སྐར་བདག་པོ་བཞིན།། རྒྱལ་སྲས་རྒྱ་མཚོའི་དབུས་ན་ཁྱོད་ཉིད་ནི།། རྒྱལ་བའི་རྒྱལ་ཚབ་གཅིག་པུར་བསྔགས་པ་ཡི།། སྒྲ་དབྱངས་མཐའ་ཡས་རྒྱལ་བའི་ཞིང་ཀུན་གྲགས།། རྨད་བྱུང་རྒྱལ་སྲས་ཐུ་བོའི་རྣམ་ཐར་མཐའ།། རྫོགས་ཀྱང་ད་དུང་བྱིས་པའི་རོལ་རྩེད་ཀྱིས།། བསྟན་ལ་རིམ་བཞིན་སློབ་པའི་རྫུ་བག་འདིས།། ཡང་དག་ལམ་ལ་སྐྱེ་བོའི་ཚོགས་ཀུན་དྲོངས།། རབ་འབྱམས་མདོ་དང་རྒྱུད་སྡེའི་ཟབ་རྒྱས་གནད།། ཇི་བཞིན་མ་ནོར་འབྱེད་པའི་རྣམ་དཔྱོད་ཀྱིས།། མང་དུ་ཐོས་པ་རྒྱ་མཚོའི་ཚུལ་འཆང་བས།། ལེགས་བཤད་བྱེ་བའི་ཆུ་ཀླུང་གནས་སུ་གྱུར།། སྣ་ཚོགས་གཞུང་ལུགས་སོ་སོའི་དགོངས་པའི་དོན།། རང་བཟོས་དྲི་མ་གཞར་ཡང་མ་མཆིས་པར།། ཚུལ་བཞིན་འགྲེལ་བར་བྱེད་ལ་ཁྱོད་དང་ནི།། མཚུངས་པ་མེད་ན་ལྷག་པ་ལྟ་ཅི་ཞིག ། འདི་ན་གྲུབ་མཐའི་ཚུལ་དང་ཐེག་པའི་གཞུང༌།། རང་འདོད་ཕྱོགས་སུ་ལྷུང་བས་རྣམ་པར་དཀྲུགས།། ཁྱོད་ནི་རྒྱལ་བའི་བསྟན་པ་འབའ་ཞིག་གིས།། དབང་བྱས་ཕྱོགས་མེད་གཟུ་བོའི་ལམ་ལ་རྒྱུ།། ཐོག་མེད་སྲིད་པའི་ས་བོན་དངོས་ཞེན་དགྲའི།། སྲོག་ལ་བདག་མེད་ལྟ་བའི་མཚོན་འདེབས་པར།། ཁྱོད་ཉིད་ལྷག་པར་སྒྲིན་པའི་ངང་ཚུལ་གྱིས།། བདུད་ཀྱི་སྡེ་ཆེན་ཕམ་པའི་ཆོ་ངེ་བསྒྲགས།། སྲས་བཅས་རྒྱལ་བའི་དགོངས་དོན་མ་ནོར་བ།། སྟོང་དང་རྟེན་འབྱུུང་ཟབ་མོའི་དེ་ཉིད་ལ།། ཡིད་ཆེས་གཏིང་ནས་རྙེད་པའི་སྒོ་གཅིག་པུ།། ཁྱོད་ཀྱི་ལེགས་བཤད་རྣམས་ལས་གཞན་པ་གང༌།། ཐེག་མཆོག་སྔགས་ཀྱི་སྙིང་པོར་གྱུར་པ་ཡི།། སྒྱུ་ལུས་འོད་གསལ་གྱིས་མཚོན་ཟབ་མོའི་གནད།། ཇི་བཞིན་བཀྲོལ་བས་དཀྱིལ་འཁོར་བདག་པོས་ཀྱང༌།། ཁྱོད་ལ་ཟླ་བ་བཟང་པོ་འདྲ་བར་བསྔགས།། ལྷག་བསམ་དག་པ་ཁྱོད་ཐུགས་འོ་མའི་མཚོར།། འཇམ་མགོན་ཟླ་བའི་འོད་བཟང་རྟག་འཐུང་བས།། ཕྲིན་ལས་ཟེགས་མ་དཀར་པོ་གཅིག་གིས་ཀྱང༌།། བསིལ་ལྡན་ར་བའི་ཁོར་ཡུག་ཕྱུར་བུར་བཀང༌།། མཐས་ཡས་གཞུང་ལུགས་ཀུན་གྱི་བརྗོད་བྱའི་དོན།། འགལ་བ་མེད་པར་ལམ་གྱི་ཆ་རྐྱེན་དུ།། ཉམས་ལེན་གནད་ཀྱི་གདམས་པར་འཆང་བ་ཡི།། ཀུན་ཕན་བདུད་རྩིའི་མཆོད་སྦྱིན་ཁྱོད་ཀྱིས་བཀྲམ།། རྒྱལ་སྲས་རྣམས་ཀྱི་ཟབ་རྒྱས་སྤྱོད་པའི་ཚུལ།། ཉིད་ཀྱི་མཛད་བཟང་སྣང་བས་གསལ་བྱས་པ།། དེ་ཚེ་ཕྱོགས་རེས་ཁེངས་ལྡན་གཞན་གྱི་ལུགས།། ཉིན་མོར་བྱེད་པས་རྒྱུ་སྐར་བཞིན་དུ་མནན།། རྨད་བྱུང་ཤིང་རྟ་གཉིས་ཀྱི་གཞུང་ལུགས་དང༌།། གྲུབ་མཆོག་རྣམས་ཀྱི་ལེགས་པར་བཀྲལ་བ་ཡི།། ཟབ་མོ་རྡོ་རྗེ་ཐེག་པའི་ལམ་གྱི་འགྲོས།། ཉམས་ལེན་གནད་དུ་སྒྲིལ་བ་ཁྱོད་ཀྱི་སྲོལ།། དེ་ཕྱིར་མདོ་དང་སྔགས་ཀྱི་བསྟན་པ་གང༌།། ཡོངས་རྫོགས་ཆོས་ཀྱི་རྒྱལ་པོ་ཁྱོད་ཀྱི་ནི།། བཤད་དང་སྒྲུབ་པའི་རྒྱལ་ཐབས་རིན་པོ་ཆེ།། སྲིད་པ་གསུམ་གྱི་བླ་ན་མངོན་པར་འཕགས།། བཤད་དང་སྒྲུབ་པ་ཕྱོགས་རེའི་བརྟུལ་ཞུགས་ཀྱི།། འོད་བཟང་སྤྲོ་བའི་བློ་ལྡན་རྒྱུ་སྐར་བརྒྱས།། མཁྱེན་མཆོག་ནམ་མཁའི་ནོར་བུ་ཁྱེད་གཅིག་ལ།། འགྲན་མི་ནུས་ན་སུ་ཞིག་དེ་ལ་བསྙོན།། མཁྱེན་མཆོག་སྟོན་པ་དེ་ཡི་བསྟན་པ་གང༌།། རྣམ་པར་གྲོལ་བའི་འཇུག་ངོགས་མཚུངས་མེད་ལམ།། ནན་ཏན་སྙིང་པོར་མཛད་པའི་བརྩོན་ཆེན་གྱིས།། ཉིན་དང་མཚན་མོ་ཁོར་ཡུག་གཅིག་ཏུ་བཟླུམས།། སྟོང་དང་སྙིང་རྗེ་ཟུང་དུ་འབྲེལ་བ་ཡི།། ལམ་མཆོག་མཚུངས་པ་མེད་ལས་རྒྱལ་སྲས་ཀྱི།། རྣམ་ཐར་རྒྱ་མཚོ་ལྟ་བུའི་རང་བཞིན་ལ།། ཁྱོད་ནི་ཡིད་བཞིན་འདོད་དགུར་རྣམ་པར་རོལ།། ཉེ་བར་ཞི་བ་ཐུགས་ཀྱི་མཁའ་དབྱིངས་སུ།། རླབས་ཆེན་བསོད་ནམས་གསེར་གྱི་སྙིང་པོའི་སྤྲིན།། ཆེས་ཆེར་དཀྲིགས་ལས་ཕན་བདེ་ནོར་བུའི་ཆར།། མ་ལུས་ཞིང་ཀུན་ཏུ་ཡང་ཁྱབ་པར་བརྡལ།། སྒོ་གསུམ་ལྷ་སྔགས་ཆོས་སྐུའི་རོལ་མོ་ཡིས།། ཐ་མལ་སྣང་ཞེན་དྲི་མ་ཀུན་བཀྲུས་ཏེ།། ཟབ་གསལ་བདེ་བ་ཆེན་པོའི་དབྱིངས་ཉིད་དུ།། དཀྱིལ་འཁོར་ཀུན་གྱི་བདག་པོར་མངའ་དབང་འབྱོར།། ཇི་ལྟ་ཇི་སྙེད་ཆོས་ཀྱི་གནས་ཚུལ་ལ།། ཡག་དག་རིགས་པས་དྲངས་པའི་ངེས་ཤེས་ནི།། ཐེ་ཚོམ་སྨག་དང་བྲལ་བའི་ཉམས་མྱོང་གིས།། ཉམས་ལེན་གནད་དུ་འཛུད་པ་ཁྱོད་ཀྱི་སྲོལ།། རྒྱལ་བ་མཆོག་དང་རྒྱལ་སྲས་སེམས་དཔའ་དང༌།། མཁས་ཤིང་གྲུབ་བརྙེས་རྣམས་ཀྱིས་དགྱེས་པའི་ཞལ།། རྟག་ཏུ་ཁྱོད་ལ་ཕྱོགས་པའི་ངང་ཚུལ་གྱིས།། ཟབ་དོན་ཐུགས་ཀྱི་གསང་བ་མངོན་སུམ་འདོམས།། མཚུངས་མེད་རྒྱལ་བ་དགྱེས་པའི་ལམ་བཟང་ནས།། གྲུབ་མཆོག་ནོར་བུའི་གླིང་དུ་གཤེགས་ཁྱོད་ཀྱི།། ཞབས་སེན་ཨུཏ་པལ་གཞོན་ནུའི་ཕྲེང་བ་གང༌།། གྲུབ་བརྙེས་བྱེ་བའི་གཙུག་གཏོར་རྩེ་ན་མཛེས།། ས་སྟེང་ཆུ་ཀུན་ཆུ་གཏེར་ཆེན་པོ་ལ།། གཞོལ་བ་ཇི་བཞིན་ཉིད་ཀྱི་མཛད་པའི་སྒོ།། ཀུན་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ།། ཕྱོགས་དུས་ཀུན་ན་རྒྱས་པའི་ཐབས་སུ་བཤམས།། དམིགས་མེད་སྙིང་རྗེའི་སྟོབས་མཆོག་མཚུངས་མེད་པས།། རིགས་གསུམ་སེམས་པ་དགྱེས་པའི་རྣམ་ཐར་མཐའ།། གངས་ཅན་འདི་ན་ཁྱོད་ཀྱིས་ལེགས་བསྐྱངས་པས།། ད་དུང་དུ་ཡང་བསྟན་པའི་སྣང་བ་འབར།། རིང་ནས་གོམས་པའི་ཐུགས་བརྩེས་བྱིང་ཀུན་ཏུ།། རྒྱལ་བསྟན་འཛིན་པའི་སྨོན་ལམ་མཐུ་གྲུབ་པས།། ཕྲིན་ལས་བཟང་པོའི་ཆ་ཤས་ཙམ་གྱི་ཡང༌།། གྲགས་པས་རྒྱ་མཚོའི་གོས་ཅན་ཀུན་ནས་ཁེབས།། མཁྱེན་རབ་ཉི་མའི་འོད་དང་མཛད་བཟང་གི།། ཨུཏ་པལ་གཞོན་ནུའི་དགའ་ཚལ་རྟག་འགྲོགས་པས།། བརྩེ་ཆེན་སྐྱོབ་པ་རྒྱས་པའི་ལམ་མཆོག་ནི།། ཁྱོད་ལ་ཕྱོགས་སུ་ལྷུང་བ་བཞིན་དུ་བཀུག ། དེ་ཕྱིར་ལྷ་རྣམས་དག་ལས་ལྷ་དབང་དང༌།། པདྨའི་ཚལ་ན་པདྨ་དཀར་པོ་བཞིན།། ཁྱོད་ཀྱི་རིང་ལུགས་གཙང་མའི་གཟི་བྱིན་དེས།། ཕྱོགས་གཞན་གྲུབ་མཐའ་དཔལ་དང་ལྡན་པར་བརྒྱན།། ཐུབ་བསྟན་ཡོངས་སུ་རྫོགས་པའི་སེང་གེའི་སྒྲས།། བསིལ་ལྡན་ར་བ་དཀར་པོའི་ཁོར་ཡུག་ཁྱོན།། ཁྱབ་མཛད་མཚུངས་པ་མེད་པའི་རྣམ་ཐར་གྱིས།། བདུད་སྡེ་བྱེ་བའི་རུ་མཚོན་ཅིག་ཅར་བསྙིལ།། བློ་བཟང་མཁྱེན་པའི་ཉི་མ་གཅིག་གིས་ནི།། ས་སྟེང་གནས་པའི་རབ་རིབ་རྣམ་བཅོམ་པས།། ཡང་དག་རིགས་པའི་ལམ་ནས་ཟབ་རྒྱས་ཆོས།། སྨྲ་བའི་སེང་གེས་ས་ཆེན་རྣམ་པ་བཀང༌།། རྨད་བྱུང་རྣམ་ཐར་གཙང་མའི་མཛད་བཟང་གིས།། ཐུབ་བསྟན་རྙོགས་མར་གྱུར་པ་ཀུན་བགྲུངས་ནས།། བཟང་པོའི་གསེར་དང་མཚུངས་པའི་ཁྲིམས་འཆང་བ།། ངུར་སྨྲིག་འཛིན་པས་ས་འདི་དོག་པོར་བྱས།། ཡང་དག་བསླབ་པ་གསུམ་གྱི་ཉམས་ལེན་དང༌།། རྗོད་བྱེད་སྡེ་སྣོད་གསུམ་གྱི་འཆད་ཉན་གང༌།། ལྷན་ཅིག་འགྲན་པ་བཞིན་དུ་འཕེལ་བ་ཡི།། རླབས་ཆེན་ཕྲིན་ལས་ཁྱོད་ཉིད་གཅིག་པུས་མཛད།། འཕགས་མཆོག་ཁྱོད་ཀྱི་རྣམ་ཐར་འདི་འདྲ་བ།། ཐོས་པ་ན་ཡང་རྒྱལ་སྲས་སེམས་པ་གཞན།། དགའ་བས་སྙིང་གི་ཆུ་གཏེར་གཡོ་ནུས་ན།། བདུད་ཀྱི་ཡིད་ལ་ཟུག་རྔུ་ཅིས་མི་སྟེར།། ཁྱོད་ཀྱི་བརྒྱུད་འཛིན་དམ་པའི་སྐྱེ་བོ་རྣམས།། ཀུན་སྤྱོད་སྨད་དུ་མེད་པའི་ཚུལ་ཁྲིམས་དང༌།། སྐྱོན་བྲལ་རྣམ་དཔྱོད་བཟང་པོའི་ངང་ཚུལ་གྱིས།། ཕྱོགས་ཀྱི་སྐྱེ་བོ་ཀུན་གྱི་གཙུག་ན་མཐོ།། བློ་ཆུང་ཕྲག་དོག་གཡོ་བའི་ངང་ཚུལ་གྱིས།། ཁྱོད་ཀྱི་བསྟན་ལ་ལྷག་པར་གཤེ་ན་ཡང༌།། ངང་ཚུལ་བཟང་པོའི་འོད་བཟང་མ་ཉམས་པས།། སྨག་ལ་ཟླ་རྒྱས་བཞིན་དུ་ལྷག་པར་གསལ།། དེ་ཕྱིར་ཁྱོད་ཀྱི་རིང་ལུགས་རིན་པོ་ཆེ།། པདྨའི་དགའ་ཚལ་ལྟ་བུར་ཡིད་འོང་བ།། ལྷར་བཅས་འགྲོ་བ་དགའ་བའི་མཆོད་སྡོང་འདི།། སེམས་བཅས་སུ་ཡི་སྙིང་ལ་ཕངས་མི་འགྱུར།། བདག་ཅག་འདི་ནས་སྐྱེ་བ་ཀུན་ཏུ་ཡང༌།། ཀུན་སྤྱོད་གཙང་མའི་ཁྲིམས་ལྡན་པདྨའི་སྦུབས།། བློ་མཆོག་འཆར་ཀའི་འོད་དང་ལྷན་ཅིག་པས།། འཇམ་མགོན་དགྱེས་པའི་བརྟུལ་ཞུགས་འཛིན་གྱུར་ཅིག ། བློ་དང་ཚུལ་ཁྲིམས་འཆལ་བའི་ཉེས་ཚོགས་ཀྱིས།། ཁྱོད་ཀྱི་ལུགས་བཟང་གཙང་མ་རྙོག་བགྱིད་ཅིང༌།། དྲི་མེད་བསྟན་ལ་རྨ་སྲོལ་འབྱིན་པ་ཀུན།། བདག་གིས་སྟོབས་ཀྱིས་རྩད་ནས་ཞི་གྱུར་ཅིག ། སྲས་བཅས་རྒྱལ་བའི་ཕྲིན་ལས་ཙོང་ཁ་པའི།། རྣམ་ཐར་མཚུངས་པ་མེད་པའི་བདག་ཉིད་དང༌།། ཀུན་ཏུ་མཚུངས་པའི་ཐབས་མཁས་སྤྱོད་པ་ཡིས།། འཇམ་མགོན་རྒྱལ་བའི་གོ་འཕང་འགྲུབ་གྱུུར་ཅིག །
ཅེས་པའང་གསེར་མདོག་ཅོད་པན་འཛིན་པའི་རིང་ལུགས་པ་ཆེན་པོ་བསླབ་གསུམ་ནོར་བུའི་གཏེར་མཛོད་སྤྲུལ་པའི་སྐུ་བྲག་གཡབ་གདོང་ཀོང་སྤྲུལ་སྐུངག་དབང་དམ་ཆོས་རྒྱ་མཚོའི་ཞལ་སྔ་ནས་རྗེ་ཙོང་ཁ་པ་ལ་བསྟོད་པ་ཤོ་ལོ་ཀ་བཞི་བཅུར་ཉེ་བ་ཞིག་རྩོམས་ཤིག་ཅེས་བཀྲ་ཤིས་པའི་ལྷ་རེག་དང༌། རྗེ་རྒྱལ་བ་གཉིས་པའི་ན་བཟའི་གནང་སྐྱེས་དང་བཅས་ཏེ་བཀའ་ཡི་བསྐུལ་མ་ཡང་ཡང་བྱུང་བ་ལ་བརྟེན་ནས། མི་ཕམ་བློ་བཟང་ཉི་མས་རང་ལོ་སོ་གཉིས་པའི་དུས་སུ་མཛེས་ལྡན་འཆི་མེད་ལྗོན་པའི་དགའ་ཚལ། རིན་ཆེན་བྲག་རི་བརྩེགས་པའི་སྟ་ཟུར་དུ་རང་གནས་བདུད་རྩིའི་ཤིང་གི་སྤྱིལ་བུ་ནས་བསྙེན་མཚམས་ལ་གནས་པའི་ཐུན་གསེང་དུ་སྤེལ་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག མངྒ་ལཾ།།
༼༢༽
རྟོགས་བརྗོད་གསེར་གྱི་གར་བུ།
ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ།
ཕྱོགས་བཅུའི་རྒྱལ་བའི་མཁྱེན་རབ་གང༌།། གཅིག་བསྡུས་ངག་གི་དབང་ཕྱུག་ནི།། ངུར་སྨྲིག་འཆང་བའི་རྣམ་རོལ་བ།། འཇིགས་མེད་སྨྲ་བའི་ཉི་མ་ཁྱོད།། རབ་དྭངས་ཡིད་ཀྱི་རྒྱ་མཚོའི་ངོགས།། དད་པའི་ཆུ་སྐྱེས་ཟེ་འབྲུ་ལ།། དགྱེས་བཞུགས་འབངས་ཐ་ཁོ་བོ་ཡིས།། བསྔགས་པའི་མེ་ཏོག་འཐོར་ལ་དགོངས།། ཐུབ་པས་དཀའ་བ་བརྒྱ་ཕྲག་གིས།། བསྐྲུན་པའི་ཆོས་ཚུལ་ཡིད་བཞིན་ནོར།། བཤད་སྒྲུབ་རྒྱལ་མཚན་རྩེར་འགོད་པའི།། ཐུགས་སྟོབས་རྡོ་རྗེའི་གོ་ཆ་བཞེས།། རྒྱུ་སྐར་ཁྲོད་ན་ཟླ་བ་བཞིན།། རྒྱལ་སྲས་རྒྱ་མཚོའི་དབུས་ཉིད་ན།། རྒྱལ་བའི་རྒྱལ་ཚབ་གཅིག་པུ་རུ།། མཐའ་ཡས་རྒྱལ་བའི་ཞིང་ནས་གྲགས།། རྒྱལ་སྲས་ཐུ་བོའི་རྣམ་ཐར་མཐའ།། རྫོགས་ཀྱང་ད་དུང་ཚུར་མཐོང་གི།། ཚུལ་གྱིས་བསྟན་ལ་རིམ་སློབ་པའི།། བརྫུ་འདིས་སྐྱེ་བོ་ལམ་ལ་དྲངས།། རབ་འབྱམས་མདོ་རྒྱུད་ཟབ་རྒྱས་གནད།། ཇི་བཞིན་འབྱེད་པའི་མཁྱེན་དཔྱོད་ཀྱིས།། མང་ཐོས་རྒྱ་མཚོའི་ཚུལ་འཆང་བས།། ལེགས་བཤད་བྱེ་བའི་གཏེར་དུ་གྲུབ།། སྣ་ཚོགས་གཞུང་བརྒྱའི་དགོངས་པའི་མཐིལ།། ལོག་རྟོག་དྲི་མས་མ་བསླད་པར།། ཚུལ་བཞིན་འགྲེལ་ལ་ཁྱོད་དང་ནི།། མཚུངས་པ་མེད་ན་ལྟ་ཅི་ཞིག ། འདི་ན་གྲུབ་མཐའི་ཚུལ་ལུགས་ལ།། ཕྱོགས་ལྷུང་གྲུབ་མཐའི་རྣམ་པར་དཀྲུགས།། ཁྱོད་ནི་བསྟན་པ་འབའ་ཞིག་གིས།། དབང་བྱས་གཟུ་བོའི་ལམ་ལ་རྒྱུ།། སྲིད་པའི་རྩ་བ་དངོས་ཞེན་དགྲའི།། སྲོག་ལ་བདག་མེད་ལྟ་བའི་མཚོན།། འདེབས་ལ་ཆེས་ལྷག་བསྒྲིམས་པ་ཡིས།། བདུད་སྡེ་ཕམ་པའི་ཆོ་ངེ་བསྒྲགས།། རྒྱལ་བའི་དགོངས་མཐིལ་མ་ནོར་བ།། རྟེན་འབྱུང་ཟབ་མོའི་དེ་ཉིད་ལ།། ངེས་པ་རྙེད་པའི་སྒོ་གཅིག་པུ།། ཁྱོད་ཀྱི་གསུང་ལས་གཞན་སུ་ཞིག ། ཐེག་མཆོག་སྔགས་ཀྱི་སྙིང་པོའི་སྙིང༌།། སྒྱུ་འོད་ཀྱིས་མཚོན་ཟབ་མོའི་གནད།། བཀྲོལ་བས་དཀྱིལ་འཁོར་བདག་པོས་ཀྱང༌།། ཁྱོད་ལ་བསྔགས་པའི་གྲུ་ཆར་བསྙིལ།། ཁྱོད་ཐུགས་རབ་དཀར་འོ་མའི་མཚོས།། འཇམ་མགོན་ཟླ་འོད་རྟག་འཐུངས་པས།། འཕྲིན་ལས་ཟེགས་མའི་ཆ་ཡིས་ཀྱང༌།། གངས་རི་ར་བའི་ཁོར་ཡུག་གང༌།། མཐའ་ཡས་གཞུང་གི་བརྗོད་བྱའི་དོན།། འགལ་མེད་ལམ་གྱི་ཆ་རྐྱེན་དུ།། ཉམས་ལེན་གདམས་པར་འཆར་བ་ཡི།། ཀུན་ཕན་བདུད་རྩི་ཁྱོད་ཀྱིས་བཀྱེས།། དགེ་ལྡན་ལྟ་སྒོམ་སྤྱོད་པའི་ཚུལ།། ཁྱོད་ཀྱི་མཛད་པས་གསལ་བྱས་པ།། དེ་ཚེ་ཕྱོགས་རེས་ཁེངས་པའི་ལུགས།། ཉིན་བྱེད་སྣང་བས་རྒྱུ་སྐར་བཞིན།། ཤིང་རྟ་ཆེན་པོའི་གཞུང་ལུགས་དང༌།། འཕགས་བོད་གྲུབ་དགུས་ལེགས་བཀྲལ་བའི།། རྡོ་རྗེ་ཐེག་པའི་ལམ་གྱི་འ྄གྲོས།། གནད་དུ་བསྒྲིལ་བ་ཁྱོད་ཀྱི་སྲོལ།། དེ་ཕྱིར་མདོ་སྔགས་ཆོས་ཚུལ་གང༌།། ཡོངས་རྫོགས་ཆོས་ཀྱི་རྒྱལ་པོ་མཆོག །ཁྱོད་ཀྱི་བཤད་དང་སྒྲུབ་པའི་སྲིད།། འཇིག་རྟེན་གསུམ་གྱི་བླ་ན་འཕགས།། བཤད་སྒྲུབ་ཕྱོགས་རེའི་བརྟུལ་ཞུགས་ཀྱི།། སྣང་བ་འབྱེད་པའི་རྒྱུ་སྐར་བརྒྱས།། འོད་སྟོང་བདག་པོ་ཁྱོད་གཅིག་ལ།། འགྲན་མི་ཕོད་ན་སུ་ཞིག་བསྙོན།། འགྲོ་བའི་བླ་མའི་བསྟན་པ་གང༌།། རྣམ་གྲོལ་འཇུག་ངོགས་མཚུངས་མེད་ལམ།། ནན་ཏན་སྙིང་པོའི་བརྩོན་འགྲུས་ཀྱིས།། ཉིན་མཚན་ཁོར་ཡུག་གཅིག་ཏུ་བསྒྲིལ།། སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་གྱི།། མཚུངས་མེད་ལམ་ལས་རྒྱལ་སྲས་ཀྱི།། རྣམ་ཐར་རྒྱ་མཚོ་ལྟ་བུ་ལ།། ཁྱོད་ནི་ཅི་དགར་འདོད་རྒུར་སྤྱད།། ཉེར་ཞི་ཐུགས་ཀྱི་ལྷ་ལམ་དུ།། ལེགས་བྱས་གསེརགྱི་སྙིང་པོའི་སྤྲིན།། ཆེས་ཆེར་དཀྲིགས་ལས་ཕན་བདེའི་ཆར།། མ་ལུས་ཞིང་ཀུན་ཁྱབ་པར་བཀྲམ།། ལྷ་སྔགས་ཏིང་འཛིན་རོལ་བ་བརྒྱས།། ཐ་མལ་སྣང་ཞེན་ཀུན་སྦྱངས་ཏེ།། ཟབ་གསལ་བདེ་ཆེན་དབྱིངས་ཉིད་དུ།། དཀྱིལ་འཁོར་རྒྱ་མཚོའི་བདག་པོར་འགྱིང༌།། བདེན་གཉིས་ཆོས་ཀྱི་གནས་ཚུལ་ལ།། ཡང་དག་རིག་པའི་ངེས་ཤེས་ནི།། འཁྲུལ་བྲལ་ཉམས་མྱོང་ཚད་མ་ཡིས།། གནད་དུ་འཇུག་པ་ཁྱོད་ཀྱི་ལུགས།། རྒྱལ་དང་རྒྱལ་སྲས་སེམས་པ་དང༌།། མཁས་གྲུབ་རྣམས་ཀྱི་དགྱེས་འཛུམ་ཞལ།། ཁྱོད་ལ་ཕྱོགས་པའི་ངང་ཚུལ་གྱིས།། ཟབ་གསང་ཐུགས་ཀྱི་གསང་བ་འདོམས།། རྒྱལ་བ་དགྱེས་པའི་ལམ་བཟང་ནས།། ཟུང་འཇུག་ཁྲི་ལ་དབང་ཁྱོད་ཀྱི།། ཞབས་སྐྱེས་པདྨོའི་འདབ་མ་ཡང༌།། གྲུབ་དགུའི་གཙུག་གཏོར་རྩེ་ནས་ལྷམ།། ཆུ་ཀླུང་མ་ལུས་རྒྱ་མཚོ་ལ།། གཞོལ་བཞིན་ཁྱོད་ཀྱི་མཛད་པའི་སྒོ།། ཀུན་ཀྱང་བསྟན་པ་རིན་པོ་ཆེ།། ཕྱོགས་བརྒྱར་འཕེལ་བའི་ཐབས་སུ་བཤམས།། བྱམས་བརྩེ་སྟོབས་རྩལ་ཟླ་མེད་པས།། རྒྱལ་བ་དགྱེས་པའི་རྣམ་ཐར་མཐའ།། འདི་ན་ཁྱོད་ཀྱིས་ལེགས་བསྐྱངས་པས།། ད་དུང་བསྟན་པའི་སྣང་བ་འབར།། རིང་གོམས་ཐུགས་རྗེས་ཞིང་ཀུན་ཏུ།། རླབས་ཆེན་སྨོན་ལམ་མཐུ་གྲུབ་པས།། འཕྲིན་ལས་ཆ་ཤས་ཕྲ་མོ་ཡང༌།། གྲགས་པས་གསེར་ལྡན་འཛིན་མ་ཁྱབ།། མཁྱེན་རབ་ཉི་མའི་སྣང་བ་དང༌།། སྤྱོད་བཟང་པདྨོ་ཉེར་འགྲོགས་པས།། སྐྱབས་མེད་སྐྱོབ་པའི་ལམ་བཟང་ནི།། ཁྱོད་ལ་ཆེད་དུ་ཡོ་བ་བཞིན།། དེ་ཕྱིར་ལྷ་ལས་བརྒྱ་བྱིན་དང༌།། མེ་ཏོག་ཚལ་ན་པདྨ་བཞིན།། ཁྱོད་ཀྱི་རྣམ་ཐར་གཙང་མའི་གཟིས།། ཞྭ་སེར་འཆང་བའི་རིང་ལུགས་བརྒྱན།། ཡོངས་རྫོགས་ཆོས་ཚུལ་གདོང་ལྔའི་སྒྲས།། ཡངས་པའི་ས་ཆེན་ཁོར་ཡུག་ཁྱོན།། ཁྱབ་མཛད་རྨད་བྱུང་རྣམ་ཐར་གྱིས།། ཡིད་སྲུབས་དཔུང་གི་རུ་མཚོན་བསྙིལ།། མཁྱེན་པའི་ཉི་མ་གཅིག་གིས་ནི།། ས་སྟེང་མུན་པ་རབ་བསངས་པས།། དངོས་སྟོབས་རིགས་པས་ཟབ་མོའི་གཞུང༌།། སྨྲ་བའི་མཁས་བཙུན་ད་དུང་མང༌།། བསླབ་གསུམ་རིམ་གཉིས་ཉམས་ལེན་དང༌།། སྡེ་སྣོད་གསུམ་གྱི་འཆད་ཉན་ཟུང༌།། ཕན་ཚུན་འགྲན་བཞིན་འཕེལ་བ་ཡི།། ཡ་མཚན་འཕྲིན་ལས་ཁྱོད་ཀྱིས་བསྐྱངས།། རྨད་བྱུང་རྣམ་ཐར་གཙང་མའི་དཔལ།། འདི་ལྟར་ཐོས་ནའང་དམ་པ་གཞན།། སྙིང་གི་ཆུ་བོ་ཁོལ་ནུས་ན།། བདུད་ལ་ཟུག་རྔུ་ཅིས་མི་སྦྱིན།། ཁྱོད་ཀྱི་རྗེས་འཇུག་དམ་པའི་ཚོགས།། ཚུལ་ཁྲིམས་དག་པའི་ཀུན་སྤྱོད་དང༌།། ལུང་རིགས་སྨྲ་བའི་རྣམ་དཔྱོད་ཀྱིས།། ཕལ་དང་ཕལ་གྱི་གཙུག་ན་མཐོ།། མིག་ཤ་སེར་བའི་བློ་ཆུང་གིས།། ཁྱོད་ལ་ཅི་ཙམ་སྡང་ན་ཡང༌།། རང་གཤིས་གསེར་མདངས་མ་ཉམས་པས།། སྨག་ལ་ཟླ་རྒྱས་ཤར་བ་བཞིན།། དེ་ཕྱིར་ཁྱོད་ཀྱི་ལེགས་བཤད་ཚོགས།། གསེར་སྦྲམ་ལྕིད་ཀྱིས་མི་འགྲན་པ།། བློ་ལྡན་དགའ་བའི་ནོར་བུ་འདི།། ཤེས་ལྡན་ཡིད་ལ་ཅིས་མི་ཕངས།། དེང་སང་འཛིན་མའི་ཁྱམས་འདི་ན།། སྙིང་ལ་མུན་པའི་སྟོབས་རྫོགས་ཏེ།། རང་མདོག་རང་གིས་མི་མཐོང་བར།། ཝ་སྐྱེས་སེང་གེར་རློམ་པ་མང༌།། ཆེ་ཆེར་ཟབ་ཅིང་རྟོགས་དཀའ་བའི།། མདོ་རྒྱུད་གཞུང་གི་སྲོག་རྩ་ལ།། དེ་ལྟ་དེ་ལྟར་ལྷག་པར་ཡང༌།། མཁས་པའི་ཁྱད་ཆོས་ཁྱོད་ཀྱིས་བཟུང༌།། བཅུ་ཕྲག་རིག་པའི་གནས་མཐའ་དག །ཀུན་ལ་ཁྱབ་པར་རྗེས་སོང་བའི།། ནམ་མཁའི་བློ་ཅན་ཁྱོད་ཉིད་ནི།། མདོ་རྒྱུད་རིག་པའི་མཛོད་ཀྱི་མཛོད།། གྲགས་སྙན་འུད་ཆེ་མང་ན་ཡང༌།། ཐེ་ཚོམ་མུན་པ་རབ་སངས་པའི།། ཤེས་རབ་ཉི་ཟླའི་འོད་སྣང་ཅན།། དག་གསལ་དྲི་མེད་ཁྱོད་འདྲ་དཀོན།། གཞུང་བརྒྱའི་ཟབ་གནད་མདུད་པའི་རྒྱ།། མ་ལུས་ཅིག་ཅར་འགྲོལ་བའི་གསུང༌།། རྟོག་གེའི་རིག་པས་མི་ཕིགས་པ།། མཁའ་ལ་མདུང་གིས་བསྣུན་པ་བཞིན།། ཁྱོད་ཀྱིས་མཛད་པའི་ལེགས་བཤད་ཀུན།། ཟབ་གསལ་ཕྲ་ཞིབ་སྙན་པ་ཡི།། ངོ་མཚར་ཁྱད་ཆོས་སྟོང་འབར་བས།། བསྟན་བཅོས་ཀུན་གྱི་བླ་ན་འཕགས།། ངན་སྤྱོད་དུག་མཚོ་བརྡོལ་བའི་ཁྱུ།། ཡུལ་ཁམས་འདི་ན་ཆེས་མང་ཞིག །དམ་པའི་སྐྱེས་བུ་རྣམས་ལའང༌།། བཙོག་གྲིབ་བསྒོ་སླད་བདུད་ཀྱིས་སྤྲུལ།། ཁྱོད་ནི་ངེས་གསང་ཟབ་མོ་ཡིས།། ཏིལ་གྱི་གང་བུ་ལྟར་གང་ཡང༌།། ཚུར་མཐོང་ཕལ་པ་བསྲུང་བའི་སླད།། སྤྱོད་ལམ་པདྨའི་སྦུབས་བཞིན་གཙང༌།། ངུར་སྨྲིག་མདངས་ལྡན་བླ་གོས་ཀྱིས།། འཆར་ཀའི་སྤྲིན་གྱི་ཟླ་བ་བཞིན།། ཉེ་བར་བཀླུབས་པའི་སྐུ་ཡི་ཁྱོན།། ཚུལ་ཁྲིམས་དྲི་བསུང་ཞིམ་པོས་ཁྱབ།། སྡོམ་གསུམ་གཙང་མའི་རྣམ་ཐར་གྱིས།། ཕྱོགས་དུས་སྐལ་བཟང་ཡིད་ཀྱི་མཚོ།། བགྲུངས་པས་རྒྱལ་བསྟན་རིན་པོ་ཆེ།། ཡོན་གནས་དམ་པ་རྨད་བྱུང་མཛད།། བསླབ་ཁྲིམས་གཙང་མའི་མདངས་ཆགས་པའི།། འདུལ་འཛིན་རྒྱུ་སྐར་བྱེ་བའི་དབུས།། ཚུལ་ཁྲིམས་དག་པའི་འོད་ལྡན་ཁྱོད།། བཅོ་ལྔའི་ཉ་གང་ཟླ་བ་བཞིན།། ཀློག་སྤོང་བྱ་བ་འཕྲིན་ལས་ཀྱི།། འཁོར་ལོ་གསུམ་གྱི་ངང་ཚུལ་ལ།། ཕན་པའི་ཐབས་ཇུས་སེམས་པ་ནི།། ཀྱེ་མ་ལྔ་བདོའི་དུས་ན་སུ།། རྟག་ཏུ་གཞན་ལ་གང་ཕན་ཐབས།། འབྲི་དང་འཆད་དང་སྤེལ་བ་ལ།། ཐུགས་ནི་གཅིག་ཏུ་གཞོལ་གྱུར་པ།། རང་དོན་སྤངས་པ་ཁྱོད་ཁོ་ན།། ཁྱོད་ཀྱི་འཕྲིན་ལས་བདུད་རྩིའི་ཆབ།། དངོས་དང་བརྒྱུད་ནས་འཇུག་པ་ཡིས།། འཛིན་མའི་ཁྱོན་ལ་ཁྱབ་གྱུར་ཀྱང༌།། དེ་ལོངས་སྤྱོད་པ་སུ་ཡིས་གོ །གཞན་གྱིས་འབད་དེ་སྒོ་ཀུན་ནས།། འཁོར་ལོ་གསུམ་ལ་ཆེར་བརྩོན་པ།། དེ་ལས་ཁྱོད་ཉིད་སྟན་ཆགས་ཏེ།། ཉིན་གཅིག་མཛད་པའི་མཐའ་མི་རིག །མཁས་གྲུབ་ཆེན་པོའི་རྣམ་ཐར་ནི།། ཆེ་ཆེར་མཐོ་བའི་ས་འཛིན་རྩེར།། འཕགས་ནས་གཞན་གྱི་ཡོན་ཏན་གང༌།། ཕྲ་མོའང་ཐུགས་ཀྱི་གཙིགས་སུ་མཛད།། རིགས་གཟུགས་སྟོབས་དང་མང་ཐོས་ཀྱིས།། བསྙེམས་པ་དག་ཀྱང་ཁྱོད་དྲུང་ན།། ཁྲི་གདུགས་ཉི་མའི་རྩེ་དགའ་ཡིས།། རྒྱུ་སྐར་ཚོགས་ལ་འཕྱ་བ་བཞིན།། དགེ་ལྡན་སྒྲུབ་བརྒྱུད་ཤིང་རྟའི་སྲོལ།། བརྒྱུད་ལྡན་དམ་པའི་ཞལ་སྒོ་ལས།། བླངས་ཏེ་གེགས་སེལ་བོགས་འདོན་གནད།། ཁྱོད་ཀྱིས་མྱོང་བས་གྲུབ་པར་བགྱིས།། སྣང་སྲིད་འདོད་རྒུར་སྒྱུར་བ་ཡི།། གྲུབ་པའི་ཆོ་འཕྲུལ་མ་སྨད་པ།། དུས་ལས་མི་ཡོལ་སྣང་བ་ནི།། སྐལ་ལྡན་སྐྱེ་བོའི་རྣ་བར་སིམ།། སྲིན་བུའི་སུག་རྗེས་ཡི་གེའི་ལྟར།། སྟེས་དབང་འཕྲོད་པའི་ལུང་བསྟན་གྱིས།། རྨོངས་པ་མགུ་བའི་སྤྱོད་ཚུལ་ལ།། ཁྱོད་ནི་ངོ་མཚར་མི་མཛད་ཀྱང༌།། ལྐོག་གྱུར་ཕྱོགས་ཀྱི་རྣམ་པ་དག །རྒྱུ་རྐྱེན་ལེགས་ཉེས་འབྲས་བུ་བཅས།། དགོས་པའི་དབང་གིས་གང་གསུངས་པ།། དེ་དེ་ཁོ་ན་ཉིད་དུ་གནས།། སྒྲིབ་བྲལ་ཡེ་ཤེས་གཟིགས་པ་ཡིས།། ཇི་སྙེད་ལག་མཐིལ་ལྟར་མངོན་ཀྱང༌།། ལྟ་གདེང་མཐོ་བའི་རྣམ་པར་ཐར།། ཤིན་ཏུ་སྦས་པའི་བརྟུལ་ཞུགས་མཛད།། སྲད་དབེན་ཆུ་བོ་གཉིས་འདྲེས་ཀྱི།། རིན་ཆེན་རྒྱལ་སྲིད་མཐོ་ལྡན་པ།། ཆོས་ཀྱི་འཁོར་བསྒྱུར་ཆེན་པོ་ཁྱོད།། རྒྱལ་ཐབས་སྲིད་གསུམ་བླ་ན་འཕགས།། ཁྱོད་ཀྱི་ཞལ་ཆབ་མངར་མོའི་ཀླུང༌།། ངེས་དོན་ལུང་གི་སྙིང་པོ་རུ།། རིགས་པས་གྲུབ་པའི་མྱོང་བས་ངེས།། བསླུ་མེད་ཚད་མ་བཞིན་དང་ལྡན།། མཁས་བཙུན་གྲུབ་པའི་རྣམ་ཐར་གྱི།། ཡང་རྩེར་སོན་པ་ཁྱོད་ལྟ་བུས།། མཁའ་འགྲོའི་སྙིང་གི་རཀྟའི་སྒོ།། འབྱེད་པ་ཤིན་ཏུ་མོས་པ་ཉིད།། ལྷའི་བུ་འཇམ་དཔལ་སྙིང་པོ་དང༌།། ཕྱོགས་བཅུའི་རྒྱལ་བས་མགྲིན་གཅིག་ཏུ།། ལྔ་བདོའི་མུན་སེལ་ཉི་མ་རུ།། བསྔགས་པའི་གྲུ་ཆར་ཁྱོད་ལ་འབྱོ།། ཁྱོད་ལ་ཡོན་ཏན་ཚད་མེད་ཀྱང༌།། སྤྲིན་བར་ཉི་མའི་འོད་སྣང་ཙམ།། རང་གི་མཐོང་ཚུལ་ཉི་ཚེ་བས།། གང་ངེས་སྒྲོ་སྐུར་སྤངས་ཏེ་བརྗོད།། ཚད་གྲུབ་ངེས་པ་མ་སྐྱེས་ཤིང༌།། གཅམ་བུར་བསྔགས་པའི་བྲག་ཆའི་དབྱངས།། སྡེབ་སྦྱོར་ལེགས་པའི་དབང་བྱས་པ།། དེ་དག་རྣམས་དང་འདི་མི་འདྲ།། ཕྱོགས་ལྷུང་གདོན་གྱིས་སྙིང་བརླམས་ཏེ།། ཁྱོད་ལ་སྔགས་པ་མ་ལགས་ཏེ།། བསྔག་བྱའི་ཡོན་ཏན་འདི་དག་རྣམས།། ཁྱོད་ཀྱི་ཕྱོགས་སུ་དབང་མེད་གཡོས།། བསླུ་མེད་རྟེན་འབྲེལ་བདེན་པའི་གཤིས།། དངོས་ཀྱི་རྗེས་སུ་འབྲངས་པ་སྟེ།། བཅོས་མའི་གསོབ་ཀྱི་རྗེས་མི་འགྲོ།། འདི་ནི་ཆོས་ཀྱི་ཆོས་ཉིད་ལགས།། དེ་ཕྱིར་ཆེས་དམན་བདག་གིས་ཀྱང༌།། དད་གསུམ་ཤུགས་ཀྱིས་ཁྱོད་ཉིད་ལ།། གང་ཞིག་གསོལ་བ་བཏབ་པའི་འབྲས།། རེ་བའི་ལྷག་བཅས་འགྲུབ་གྱུར་ཅིག །བདག་ཅག་སྐྱེ་བ་ཀུན་ཏུ་ཡང༌།། རྣམ་དག་ཁྲིམས་གཙང་པདྨའི་སྦུབས།། བློ་གྲོས་ཉི་འོད་དང་འགྲོགས་པས།། ཁྱོད་མཉེས་ཁོ་ན་སྒྲུབ་གྱུར་ཅིག །བློ་འཆལ་ཁྲིམས་འཆལ་ཉེས་སྤྱོད་ཀྱིས།། དགེ་ལྡན་ལུགས་བཟང་རྗོད་བྱེད་ཅིང༌།། བསྟན་པ་རྨ་སྲོལ་འབྱིན་པ་ཀུན།། མཆོག་གི་སྟོབས་ཀྱིས་ཞི་གྱུར་ཅིག །རྣམ་དག་ལྟ་སྒོམ་སྤྱོད་པ་ཡི།། རྣམ་ཐར་དྲི་མེད་ཁྱོད་ཉིད་དང༌།། མཚུངས་པའི་ཐབས་ཤེས་ཟུང་འཇུག་གིས།། བླ་མའི་གོ་འཕང་འགྲུབ་གྱུུར་ཅིག །
ཅེས་བདག་གི་སྙིང་ག་ཆོས་ཀྱི་འཁོར་ལོའི་ཨ་ཝ་དྷཱུ་ཏཱིའི་ཕོ་བྲང་ན་རྡོ་རྗེའི་སྙིང་པོའི་ཁམས་སུ་རྟག་པར་བཞུགས་པའི་ཕ་རྒོད་བླ་མ་རྡོ་རྗེ་འཆང༌། རིན་འབྱུང་སྣང་མཛད་སྒེག་པའི་རྡོ་རྗེ་ཡབ་སྲས་ཀྱི་རྟོགས་པ་བརྗོད་པའི་གནད་ཀྱི་འགངས་ལས་བརྩམས་ཏེ་ཆེད་དུ་བསྔགས་པའི་རབ་ཏུ་བྱེད་པ་འདི་ནི་བཀའ་འབངས་ཀྱི་ཡང་ཐ། ཤར་གདོང་སྐྱེ་མིང་བ་བློ་བཟང་བཤད་སྒྲུབ་རྒྱ་མཚོས་དད་གུས་ཀྱིས་སྤེལ།