ཨ་འདུས་མིག་ཆུ།
དགེ་རྒན་ཞིག་ལ་མཚོན་ན། སྤྱིར་བཏང་གི་ལས་བྱེད་ཅིག་དང་ཕྱོགས་གང་ཐད་ནས་འདྲ་བ་མ་རེད་སྙམ། རྒྱུ་མཚན། ལས་བྱེད་ནི་ལས་ཀ་སྤྲད་དེ་མངགས་པའི་ལས་གཡོགས་པ་ཞིག་ཡིན་པས་དེ་ལ་ཉིན་མཚན་དུས་དྲུག་ཏུ་བྱེད་དགོས་པའི་བྱ་བ་གང་ཡང་ཡོད་པར་མ་མཐོང་། དགེ་རྒན་ནི་དེ་ལྟར་མ་ཡིན་པར་མི་རིགས་ཀྱི་བསམ་བློའི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་དང་མ་རིག་མུན་པ་སེལ་བའི་ལམ་སྟོན་གྱི་སྒྲོན་མེ་ཉིད་ལགས་པས། ཉིན་མཚན་དབྱེར་མེད་ཀྱིས་བསླབ་པ་སློབ་གཉེར་དང་ཀློག་པ་ཐོས་བསམ་ལ་གཞོལ་དགོས་པ་ནི་ལྡོག་ཏུ་མེད་པའི་ལས་འགན་རེད་འདོད།
མི་རིགས་ཡ་རབས་ཤིག་གམ་ཡང་ན་རྒྱལ་ཁབ་ཡང་དག་ཅིག་ཡིན་ཚེ། ཤེས་ཡོན་ནི་མི་རིགས་དེ་དང་རྒྱལ་ཁབ་གང་དེའི་རིན་པོ་ཆེ་གལ་ཆེ་ཤོས་སུ་བརྩི་ངེས་ལ། དེ་བཞིན་ཤེས་ཡོན་ནི་མི་རིགས་གང་ཞིག་སྔོན་ཐོན་དང་རྗེས་ལུས་ཡིན་པའི་གཞི་འཛིན་ས་གཙོ་ཡིན་པའང་ཡོངས་སུ་གྲགས། དེ་ལྟར་ན་དེ་ལྟ་བུའི་སྤྱི་ཚོགས་ཀྱིས་དགེ་རྒན་ནི། ཡང་དག་པའི་ལམ་སྟོན་བྱེད་པོ་དང་མི་རིགས་ཀྱི་སྣེ་ཁྲིད་པའི་དེད་དཔོན་ཆེན་པོ་ཞིག་ཏུ་ངོས་འཛིན་ངེས།
དོན་དངོས་མི་རིགས་ཤིག་ལ་མཚོན་ན། དགེ་རྒན་ནི་མུན་ཁྲོད་ཀྱི་ཟླ་འོད་རེད་ལ། ཤེས་ཡོན་ནི་ལྟོགས་པའི་ཟས་མཆོག་རེད་པས། རྟེན་འབྲེལ་ལྟོས་གྲུབ་ཏུ་གྱུར་པའི་དགེ་རྒན་དང་ཤེས་ཡོན་གཉིས་ནི་མི་ཞིག་གི་མིག་ཟུང་དང་འདྲ་བར་ཆེས་བླ་ན་མེད་པ་དང་གོང་ན་མེད་པ་ཞིག་རེད་ཨང་།
མི་རིགས་ཤིག་གི་ཤེས་ཡོན་རྗེས་ལུས་སུ་ཐེབས་མ་ཐེབས་ཀྱི་དབྱེ་མཚམས་གཙོ་བོ་ནི། ལམ་སྟོན་གྱི་སྒྲོན་མེ་རུ་གྱུར་བའི་དགེ་རྒན་དག་རུས་སུངས་སུ་སོང་མ་སོང་ལ་རག་ལས་འདུག་པར་འདོད། དགེ་རྒན་རུངས་སུ་སོང་བའི་མི་རིགས་ནི། ནམ་ཡང་ཤེས་ཡོན་རྗེས་ལུས་ཡིན་པ་ཐེ་ཚོམ་དགོས་དོན་གང་ཡང་ཡོད་པ་མ་རེད་སྙམ།
དེའི་ཕྱིར་ན་དགེ་རྒན་དག་གིས་དང་པོར་རང་ཉིད་འོད་གསལ་གྱི་ངོ་བོར་བསྐྲུན་དགོས། དེ་ལྟར་མ་ཡིན་པར་རང་ཉིད་འོད་གསལ་དུ་མ་གྱུར་པར་གཞན་གྱི་མུན་པ་སེལ་དགོས་ཟེར་བ་ནི། མི་རིགས་གླེན་རྨོངས་དང་ཤེས་ཡོན་རྗེས་ལུས་སུ་གཏོང་བའི་སྐད་ཆ་གཏེ་བོ་ཞིག་རེད་འདོད།
དེ་ལྟར་ན་དགེ་རྒན་གྱིས་རང་ཉིད་འཐུས་ཚང་ཞིག་བྱེད་པ་ལ་ངེས་པར་དུ་བསླབ་པ་སློབ་གཉེར་དང་། ཀློག་པ་ཐོས་བསམ་གྱི་ཕྱོགས་ལ་སྒོ་གང་ཐད་ནས་འབད་པ་ཧུར་ཐག་དང་བརྩོན་པ་མཐར་སྐྱེལ་བྱེད་དགོས་པར་འདོད། སློབ་སྦྱོང་གི་དུས་ཚོད་དང་དགེ་རྒན་གྱི་བྱ་བ་གཉིས་ནི་ངོ་བོ་དབྱེར་མེད་དང་། ཆུ་ལ་ཆུ་བཞག་བྱེད་དགོས་པ་རེད་སྙམ།
དགེ་རྒན་ཞིག་ཡིན་ན་སློབ་ཚན་གཅིག་དང་གཞུང་ལུགས་ཙམ་ལ་མགོ་མཁོར་ནས་མི་འདུག་པར་བསམ་བློའི་རྒྱགས་ཕྱེ་རུ་གྱུར་པའི་དཔེ་དེབ་གང་མང་ཞིག་བཀླག་དགོས་པར་འདོད། གཞུང་ལུགས་ཆིག་རྐྱང་དང་སློབ་ཚན་གཅིག་པུར་འཐམ་པའི་དགེ་རྒན་ནི། ཨུ་ཚུགས་ཀྱི་རང་གཤིས་ལྡན་ལ། བློ་འབྱེད་ཀྱི་བསམ་རྒྱ་དེ་ཙམ་ཡོད་ཁག་པོ་རེད།
དེང་དུས་ཀྱི་དགེ་རྒན་མང་དག་ཅིག་ལ་རིག་གཞུང་སློབ་འདོད་ཀྱི་འདུ་ཤེས་བྲལ་ལ། གཞན་གྱི་རིག་གནས་སྦྱོང་འདོད་ཀྱི་གཡམ་རྒྱུགས་ཀྱི་བསམ་བློ་མང་དྲགས་པས་མི་རིགས་ཀྱི་དགེ་རྒན་འཐུས་ཚང་ཞིག་ཆགས་རྒྱུ་ནི་ཧ་ཅང་ཁག་གོ་སྙམ།
དགེ་རྒན་ཞིག་ཡིན་ན་ངེས་པར་དུས་རབས་ཀྱི་སྤྱིར་དུ་གཞན་གྱི་རིག་གནས་ལ་བསླབས་ཏེ། སྙིགས་དོར་བཅུད་ལེན་བྱེད་དགོས་ལ། མི་རིགས་ཀྱི་སླད་དུ་རང་གི་སྲོལ་རྒྱུན་རིག་གནས་ལ་འབད་དེ་བླང་དོར་ངེས་པར་བྱེད་དགོས་པར་འདོད། དེ་ལྟར་བྱས་ན། དགེ་རྒན་རང་ཉིད་ཡང་དག་བླ་ན་མེད་པའི་རླབས་ཆེན་གྱི་དགེ་རྒན་ཞིག་ཏུ་ཆགས་ཟིན་པས། དེས་བསྐྱེད་པའི་ཕྱི་རབས་སློབ་མ་དག་ནི། ཤེས་རིག་གི་ནམ་འཕང་གཅོད་པའི་འདབ་གཤོག་གཉིས་ལྡན་གྱི་མི་རབས་གསར་པ་ཞིག་ཡོང་ངེས།
དགེ་རྒན་ཞིག་ཡིན་ན་ལྷག་བསམ་ཡོད་པ་ཙམ་གྱིས་མི་འགྲིག་པར་བསམ་བློ་ཡང་དག་ཅིག་ཡོད་དགོས་པར་འདོད་ལ། བསམ་བློ་གཅིག་པུ་ཡོད་པ་ཙམ་མ་ཡིན་པར་ཀུན་ཕན་ལྷག་བསམ་ཡོད་པའི་ཤེས་སྤྱོད་གཉིས་ལྡན་གྱི་མི་སྣ་བླ་མེད་ཅིག་ཆགས་ཐབས་བྱེད་དགོས་པ་གལ་ཆེན་དོན་ཆེན་རེད་འདོད།
ནམ་ཡང་དགེ་རྒན་ནི་མི་རིགས་ཀྱི་བསམ་བློ་ཡོད་མཁན་ཞིག་དང་། རིག་གཞུང་གི་འདུ་ཤེས་ཡོད་པ་རྩ་བ་བྱས་ཐོག དུས་རབས་ཀྱི་སེམས་ཁམས་གསལ་བའི་མྱི་བུ་ཞིག་ཡིན་དགོས་པ་ལས། མི་རིགས་ཀྱི་རིག་གཞུང་ལ་མཆོག་འཛིན་དང་། མི་རིགས་ཀྱི་ཤེས་ཡོན་གྱིས་ཆོག་ཤེས་པར་འདོད་མཁན་ཞིག་གཏན་ནས་ཡིན་མི་རུང་།
དེ་ལྟར་བསམ་བློ་དང་ཀུན་སྤྱོད། ཤེས་ཡོན། ལྟ་ཚུལ། འབད་འབུངས་ཚང་པའི་དགེ་རྒན་ནི་མི་རིགས་ཀྱི་རྨོངས་པ་སེལ་བའི་སྒྲོན་མེ་དང་། དུས་རབས་ཀྱི་མིག་ཟུང་འབྱེད་པའི་རྣམ་དཔྱོད་ཀྱི་ཤེས་རབ་ཡིན་ངེས་ལ། མི་རིགས་ཀྱི་ཤེས་ཡོན་སྔོན་ཐོན་དང་། དུས་རབས་ཀྱི་ལམ་བུ་འཚོལ་དཔྱོད་བྱེད་པའི་མི་རབས་གསར་པ་བསྐྱེད་པར་ཐེ་ཚོམ་མི་འདུག་སྙམ་མོ།།
ཁྱེད་ནས་སྟོན་པའི་དགེ་རྒན་དེ་འདྲ་ནི་ད་ལྟའི་སྤྱི་ཚོགས་ནང་ཡོད་སྲིད་ཀྱང་ཉི་མོའི་སྐར་མ་རེད། མ་གཞི་ནས་སྤྱི་ཚོགས་ཀྱི་ནད་རྙིང་དང་རྨོངས་པ་གསལ་རྒྱུ་དེ་དགེ་རྒན་ཙམ་གྱི་བྱ་བ་དང་ལས་འགན་ཞིག་ཨེ་ཡིན་སྙམ། ལྷག་པར་ད་ལྟའི་དུས་རབས་འདིར་སྤྱི་ཚོགས་མང་ཆེ་བའི་ནང་དགེ་རྒན་ནི་སྤྱི་ཚོགས་དེའི་གྲལ་མཐར་མ་བསྐྱལ་ཙམ་གྱི་གནས་སྐབས་ཤིག་ཡིན་པ་ནི་དངོས་ཡོད་རེད། སོང་ཙང་སྐུ་ཉིད་ནས་སྟོན་པའི་དགེ་རྒན་གྱི་ཁྱད་ཆོས་དེ་དག་ནི་རྨི་ལམ་ཙམ་ལས་དངོས་ཡོད་དོན་འཁྱོལ་ཞིག་ཡོང་བར་དཀའ། ངེས་པར་དུ་ཁྱད་ཆོས་དེ་དག་འོང་ཐབས་ལ་འབད་དགོས་ཏེ། དེ་བས་གལ་ཆེ་བ་ནི་དགེ་རྒན་ཚོ་རང་ལ་འཁྲི་བའི་སློབ་ཚན་དེ་དག་ཕྱི་ནང་གསང་གསུམ་གྱི་མཁྱེན་རྒྱའི་ཐོག་ནས་ན་གཞོན་ཚོར་སློབ་འཁྲིད་ལ་འབད་རྒྱུ་དེ་རེད།
རྩོམ་ཡིག་དེར་གཞིགས་ན་དགེ་འདུན་པ་ཞིག་ཡིན་ངེས་འདུག ང་ཚོའི་སྤྱི་ཚོགས་ནང་ཤེས་ཡོན་ལ་ལྟ་ཚུལ་ནི་དགེ་རྒན་ཞིག་གི་ཚར་ནས་བུམ་པ་འདོད་འཇོ་བྱ་རྒྱུ་ཡོད་པ་ལྟར་སློབ་ཕྲུག་ཚོས་བསླངས་རྒྱུ་ཡོད་པ་དང་གཅིག དེ་ནས་སློབ་མ་ན་རྨོངས་པ་གཉིད་ལས་གསད་དགོས་པས་སྣོད་སྟོང་བ་ལྟ་བུ་ཞིག་ཏུ་འཛིན་པ་གཉིས་ནི་དེང་དུས་ཤེས་ཡོན་གྱི་སློབ་གསོ་དང་འགལ་ཟླར་འགྱུར་ཡོད། སྤྱིར་སློབ་སྦྱོང་ནི་སློབ་མ་རང་ངོས་ནས་བློ་སྒོ་འབྱེད་ནས་ཡུལ་ལ་དྲི་བརྩད་དང་ལེགས་ཉེས་བླང་དོར་ཐུབ་པ་ཞིག་ལ་འབད་རྒྱུ་དང་དགེ་རྒན་གྱི་ངོས་ནས་དེ་འདྲ་འོང་རྒྱུའི་ཆ་རྐྱེན་དང་ཁོར་ཡུག་བསྐྲུན་རྒྱུ་དེ་གཙོ་བོ་ཆགས་ཡོད། དེ་མིན་དགེ་རྒན་རང་ངོས་ལེགས་ཉེས་བླང་དོར་དང་ཤེས་བྱའི་གནས་ཡོངས་རྫོགས་སློབ་མར་མཁོ་སྤྲོད་བྱ་རྒྱུ་ནི་དྲང་བདེན་ཞིག་མིན་ལ་ཁུངས་འཁྱོལ་རྒྱུ་ཡང་དཀའ་མོ་རེད།
དགེ་རྒན་གྱི་གལ་གནད་དང་དགོས་ཆོས་ངོས་ཟིན་པ་ཡག་པོ་རེད། དགེ་རྒན་བྱས་ནས་མི་རིགས་ལ་ཞབས་ཞུ་སྒྲུབ་པ་དེ་ཧ་ཅང་གཟི་བརྗིད་ཆེན་པོ་རེེད། བོད་པའི་དགེ་རྒན་ཚོ་བོད་རིགས་སྤྱི་ཚོགས་དང་ཁ་མི་འབྲལ་རྒྱུ་དེ་ལས་ཀྱང་གལ་ཆེན་པོ་རེེད་བསམ།
དགེ་རྒན་ནི་དེ་འདྲའི་ལྷ་དགའ་ལྡན། མི་རིགས་ཀྱི་བསམ་བློས་ཕྱུག་པ་ཞིག་དགོས་ཡོད་པ་མ་རེད།
དགེ་རྒན་ནི་རང་གིས་གང་རྩོབ་བཞིན་པའི་བརྩབ་བྱ་རྣམས་ལ་ཡག་པོ་དང་མགོ་ཚོས་པོ། དེ་དག་སློབ་མ་ལ་སྟེར་མཁས་ཙམ་ཡོད་ན་དེ་གས་འགྲིག་པ་རེད། ཁོང་ཚོར་ལྟོ་རག་པ་དང་སློབ་ཕྲུག་ལ་སློབ་ཁྲིད་རག་པ་རེད།
གཙོ་བོ་སློབ་མ་ཚོས་སོ་སོའི་རྒྱུད་ལ་སྐབས་བབ་གྱི་སྦྱང་བྱ་རྣམས་སྟེར་མི་ཐུབ་པའི་དགེ་རྒན་གཡོ་རྐྱལ་དེ་ཚོ་སློབ་གྲྭའི་ར་བ་ནས་འཕུད་ཐུབ་པའི་དུས་ཞིག་ཤར་ན།
དགེ་སློབ་གཉིས་ཀ་རང་བཞིན་གྱིས་ཡག་པོ་ཆགས་རྒྱུ་ཡིན་པ་དང་། དགེ་སློབ་གཉིས་ཀས་རང་ངོ་ཡག་པོ་ཤེས་བའི་གོ་བབ་ནས་མི་རིགས་འདི་ལྷག་བསམ་ཡོང་རྒྱུ་མེད་པ་ཞིག་དང་བྱང་སེམས་ཐོབ་རྒྱུ་མེད་པ་ཞིག་གི་མགོ་སྐོར་འོག་མྱི་ཚེ་མི་ཟད་པར། དངོས་ཡོད་འཚོ་བའི་འགྲེན་རྩོད་ལ་ཞུགས་ནས། ཡོད་ཡོད་པོ་ཡོན་ཏན་ཅན་ཞིག་ལ་ཆགས་རྒྱུ་ཡིན་པ་རིག་ནོ་འདི་རེད། ཡིན་ན་ཡང་། ཕར་ལྟ་ཚུར་ལྟ་མི་བྱེད་པར། ཚང་མས་མགོ་ཐུམ་བརྒྱབས་ནས་དགེ་རྒན་ཞིག་ལས་ཤེས་རྒན་ཞིག་ལ་རེ་བ་མི་བྱེད་པ་འདི་རེད།
ཚད་གཞི་མཐོ་བའི་དགེ་རྒན་ཞིག་ཡིན་ན། ཡོན་ཏན་གྱི་གཏེར་དང་བཀའ་དྲིན་གྱི་མཛོད་ཅིག་ལོས་ཡིན།
དགེ་རྒན་དངོས་གནས་པ་དེ་ཨ་འདུས་ཀྱི་བཤད་པ་ནང་བཞིན་ཡིན་དགོས་ནི་རེད། བཙན་བྱོལ་ནང་གི་དགེ་རྒན་ཕལ་ཆེར་བ་ཐོས་པ་དགའ་དང་གནམ་གཉིས་ཀྱིས་བཤད་པ་ལྟ་བུའི་ལྷག་བསམ་དང་ཡོན་ཏན་གྱི་དབུལ་བའི་ཁེ་ཕན་རང་ལུགས་པ་དང་མགོ་གཉིས་མ། འཕྲལ་སེལ་སླ་བཅོས་ལ་དགའ་བའི་མགོ་སྟོང་རང་ལུགས་པ་རྐྱང་རྐྱང་ཡིན་སྟབས་ང་ཚོའི་སློབ་གསོའི་གནས་བབ་འདི་འདྲ་ཞིག་ལ་བསྐྱལ་ཡོད་པ་ཤེས་དགོས་ངེས་ཡིན།