པཀྵི།
“མི་རིགས་ཀྱི་སྐད་ཡིག་གལ་ཆེའམ་འདུ་ཤེས་གལ་ཆེ”འདི་ནི་ཀླུ་སྨྱོན་ལགས་ཀྱི་དྲི་བ་རེད། དྲི་བ་འདིའི་ལན་དུ་ཁོང་གིས་འདུ་ཤེས་གལ་ཆེན་ཡིན་པའི་ཕྱོགས་བཟུང་ནས་ལན་བསྐྱོན་འདུག ང་ཚོས་འོད་ཟེར་ལྟ་བུ་མཚན་གཞིར་བཟུང་ནས་ཧོབ་སྟེ་བལྟས་ཚེ་སྐད་ཡིག་ལས་འདུ་ཤེས་གལ་ཆེན་པོ་ཡིན་པ་ལྟ་བུར་མཐོང་བ་ཀླུ་སྨྱོན་ལགས་ཀྱིས་གསུངས་པ་ལྟར་རེད་མོད། ཞིབ་མདང་རེ་བརྒྱབ་ཚེ་འདུ་ཤེས་ཡོད་ན་སྐད་ཡིག་མེད་ཀྱང་ཆོག་པའི་ལྟ་ཚུལ་དེ་ཅུང་ཉེན་ཁའི་རང་བཞིན་དུ་མཐོང་བས་ངས་རང་གི་བསམ་ཚུལ་ཞིག་ཞུ་ན་འདོད་བྱུང་།
འོད་ཟེར་ལྟ་བུ་བོད་སྐད་དང་བོད་ཡིག་ཆེར་མི་ཤེས་ཀྱང་། མི་རིགས་ཀྱི་འདུ་ཤེས་གཞན་ལས་ལྷག་ཅིག་ཡོད་པས་མོས་བོད་སྐད་བོད་ཡིག་མ་ཤེས་པ་ལ་སྐྱོན་ཆ་ཆེར་མཐོང་མི་ཐུབ་མོད། བོད་སྐད་བོད་ཡིག་མི་ཤེས་པའི་བོད་པ་ཚང་མ་འོད་ཟེར་འདྲ་བ་རྐྱང་རྐྱང་མ་ཡིན་པར། མང་ཆེ་བ་འོད་ཟེར་ལགས་དང་རྦད་དེ་ག་ཕྱི་ག་ལོག་རྐྱང་རེད། ཁོང་ཚོ་མང་ཆེ་བར་བོད་ཡིག་དང་བོད་སྐད་ལ་བརྩེ་བ་མི་འདུག་ལ། བོད་མི་དང་བོད་སྲོལ་ལ་དུང་བ་མི་ཟབ། དེ་ཡང་ཁག་མེད་དེ། ཁོང་ཚོ་མི་རིགས་གཞན་གྱི་སྐད་དང་ཡི་གེ་མཉམ་དུ་འཚར་ལོངས་བྱུང་ཞིང་། མི་རིགས་གཞན་གྱི་རིག་གཞུང་དང་གོམས་གཤིས་ཀྱིས་ཤན་ཤུགས་གཏིང་ཟབ་ཏུ་ཐེབས་ཟིན་པས། ཁོང་ཚོར་མཚོན་ན་བོད་ཟེར་བ་ནི་མི་རིགས་གཞན་པ་ཞིག་གི་འདུ་ཤེས་ལས་ཅི་ཡང་མི་འདུག་ལ། བོད་སྐད་དང་བོད་ཡིག བོད་སྲོལ་དང་བོད་གཤིས་སོགས་ནི། རང་དང་འབྲེལ་བ་ཅི་ཡང་མེད་པའི་དངོས་པོ་ཞེ་ཅིག་རེད། གལ་ཏེ་ཁོང་ཚོའི་སྐད་ཡིག་དང་པོ་དེ་བོད་སྐད་ཡིན་པའི་དབང་དུ་བཏང་ན་མ་མཐའ་ཡང་རང་ཉིད་བོད་པ་ཞིག་ཡིན་པའི་འདུ་ཤེས་ཙམ་ངེས་པར་ཡོད་པ་ཡིན།
བདེན་པ་རེད། བོད་སྐད་བོད་ཡིག་ཤེས་པའི་བོད་པ་དག་གི་ནང་ན། འོད་ཟེར་ལགས་ཀྱི་བོད་མིའི་འདུ་ཤེས་ཀྱི་ཟུར་ཙམ་ཡང་མེད་མཁན་མང་པོ་ཡོད་རྒྱུ་རེད། རེད་དེ། བོད་སྐད་བོད་ཡིག་མི་ཤེས་མཁན་དག་གི་འདུ་ཤེས་ཤི་བོ་དེ་དང་བསྡུར་ན། ཁོང་ཚོའི་འདུ་ཤེས་ལ་ཅུང་གསོན་ཉམས་ལྡན་འདུག་སྙམ་སྟེ། སུ་ཞིག་རང་སྐད་དང་མཉམ་དུ་ནར་སོན་ཅིང་། རང་སྲོལ་དང་ལྷན་དུ་གཉོམ་ལག་རྒྱས་པ་ཡིན་ན། མ་མཐའ་ཡང་རང་སྐད་དང་རང་སྲོལ་ལ་རང་བདག་གི་འདུ་ཤེས་ཙམ་ངེས་པར་ཡོད་ལ། ནམ་ཞིག་གི་ཚེ་སྐད་དང་སྲོལ་ལ་འཇིག་ཉེན་འཕྲད་ཚེ། ངའི་ཅི་ཞིག་ལ་ཉེན་ཁ་འཕྲད་ཀྱིན་པའི་འདུ་ཤེས་ཡོང་བ་དེ་ཡང་སྐད་དང་སྲོལ་ལ་རང་བདག་གི་བསམ་བློ་ཡོད་མེད་དེས་བསྐྱེད་པ་རེད། དེ་ཡང་ཡིན་ཏེ་རང་ལ་བདག་པའི་དངོས་པོ་ཞིག་བོར་བརླག་ཏུ་འགྲོ་གི་ཡོད་ན། མི་སུ་ཡིན་རུང་དེ་ལ་རང་བཞིན་གྱིས་སེར་སྣ་ཡོང་བ་དེ་ཡང་ཆོས་ཉིད་ཅིག་རེད།
ལར་ན་མི་རིགས་ཀྱི་དོན་དག་ཅིག་གླེང་ཚེ། བྱེ་བྲག་འོད་ཟེར་ལྟ་བུ་མི་གཅིག་གི་སྟེང་ནས་ཡོད་ཚད་ཐག་གཅོད་བྱེད་མི་རུང་།
མི་རིགས་སྤྱི་ལྡོག་ནས་བལྟས་ན། ནམ་ཞིག་ང་ཚོའི་མི་རིགས་འདི་རང་སྐད་དང་རང་སྲོལ་མི་ཤེས་པའི་མི་རིགས་ཤིག་ཏུ་གྲུབ་ཚར་ན་འདུ་ཤེས་ཙམ་གྱིས་ཅི་ཡང་མི་ཕན་ཏེ། རྒྱ་རིགས་ནང་ཐིམ་ཚར་བའི་མན་ཇུ་མི་རིགས་དང་། རང་སྐད་དང་རང་སྲོལ་ལ་གྱེས་ཕྱག་ཕུལ་ཚར་བའི་ཨ་རིའི་གདོད་མའི་མི་རིགས་ལྟ་བུར་མཚོན་ན། ཁོང་ཚོར་མི་རིགས་ཀྱི་འདུ་ཤེས་མེད་ནས་རང་ཉིད་བརླག་པ་མ་ཡིན་པར། ཁོང་ཚོ་མི་རིགས་རང་གི་སྐད་དང་གོམས་སྲོལ་ལ་རྒྱང་དུ་བཀྱེད་ཚར་བས། ཁོས་ཚོའི་སྟེང་དུ་ཁོང་ཚོ་རང་ཉིད་ངོས་འཛིན་ཆོག་པའི་རང་གི་ངོ་གདོང་གསོན་པོ་དེ་རྙེད་རྒྱུ་མེད་པས་རེད། གནས་སྟངས་འདི་འདྲའི་སྐབས་སུ་ང་ཚོར་འདུ་ཤེས་ཅི་ཙམ་ཆེ་ནའང་། ང་ཚོའི་ངོ་གདོང་རྒྱ་ཡི་ངོ་གདོང་དུ་གྱུར་ཚར་བས་འདུ་ཤེས་གཅིག་བུས་ང་ཚོ་སྐྱོབ་མི་ཐུབ། དུས་ཚོད་དང་བསྟུན་ནས་རིག་གནས་ཀྱང་འགྱུར་འགྲོ་གི་ཡོད་པ་བདེན་པ་རེད། བོད་ལ་མཚོན་ན་བོན་ནས་བན་ལ་འགྱུར་བ་སོགས་འགྱུར་བ་ཆེན་པོ་སོང་ཡོད་པ་རེད། རེད་དེ་འགྱུར་བ་དེ་དག་སྐད་འདི་དང་ཡི་གེ་འདིའི་སྟེང་ནས་སོང་ཡོད་པ་རེད། མ་འོངས་པར་ཡང་སྐད་འདི་དང་ཡི་གེ་འདིའི་སྟེང་ནས་རིག་གཞུང་འདིར་འགྱུར་བ་འགྲོ་ཆོག་གི་རེད།
ཡིན་ནའང་། སྐད་འདི་དང་ཡི་གེ་འདི་ཟུར་དུ་བཞག་ནས་འགྱུར་བ་འགྲོ་མི་རུང་ལ་གཏོང་ཡང་མི་རུང་། རྒྱ་ཁ་ཆེ་ཚོ་བཞིན་འདུ་ཤེས་ཡོད་ན་རྒྱ་སྐད་བརྒྱབ་ཀྱང་ཆོག་པའི་བསམ་ཚུལ་འདི་ནོར་བ་རེད། རྒྱ་ཁ་ཆེ་ཚོ་དང་ང་ཚོ་མི་འདྲ། ཁོང་ཚོས་རང་དབང་རྩོད་ཀི་མེད། ཁོང་ཚོར་རང་ཉིད་ཁ་ཆེ་བ་ཡིན་པའི་འདུ་ཤེས་ཀྱི་སྟེང་དུ། ད་དུང་ཀྲུང་གོ་བའི་འདུ་ཤེས་ཀྱང་ཡོད་པ་རེད། ཀྲུང་གོ་བ་དག་དང་རྒྱ་ཁ་ཆེ་ཚོའི་བར་གྱི་མི་འདྲ་ས་ནི་ཆོས་ལུགས་ཀྱི་འདུ་ཤེས་ཙམ་རེད། གལ་ཏེ་ང་ཚོ་ཡང་རྒྱ་ཁ་ཆེ་ཚོ་ནང་བཞིན་འདུ་ཤེས་ཙམ་ལ་བརྟེན་ནས་རྒྱ་མི་མཉམ་དུ་འཚོ་གནས་བྱས་ཆོག་ན། སྐད་ཡིག་མ་ཤེས་ཀྱང་འགྲིག་སྲིད་མོད། ང་ཚོས་རང་དབང་རྩོད་ཀི་ཡོད་པ་རེད། ཐོབ་ཐང་རྩོད་གི་ཡོད་པ་རེད། ང་ཚོ་མང་ཆེ་བར་རང་ཉིད་ལ་ཀྲུང་གོ་བ་ཞིག་ཡིན་པའི་འདུ་ཤེས་མེད། ཕྱོགས་གཞན་གཅིག་ནས་རྒྱ་ཁ་ཆེ་ཚོ་ནི་རུ་ཡོང་གི་བུ་རྒྱུད་དག་རེད། ས་དེའི་བདག་པོ་ངོ་མ་མ་རེད། གཞི་ཆགས་མཁན་དེས་གཞི་ཆགས་སའི་མི་རིགས་དེའི་སྐད་དང་ཡི་གེ་ཤེས་དགོས་པ་ཨ་རི་སོགས་ཚང་མ་གཅིག་པ་རེད། ཡིན་ནའང་། ང་ཚོ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་གངས་རིའི་བདག་པོ་ངོ་མ་དེ་རེད། ང་ཚོས་རྒྱ་ཁ་ཆེ་ཚོ་བཞིན་རྒྱ་སྐད་བཤད་ནས་རྒྱ་མི་མཉམ་དུ་འཚོ་དགོས་དོན་ཅི་ལ་ཡོད་དེ། གཏན་ནས་མེད་དོ།།
གང་ལྟར་མདོ་དོན་སྙིང་བོ་ནི། སྐད་ཡིག་ཤེས་ནས་འདུ་ཤེས་མེད་པ་དང་། འདུ་ཤེས་ཡོད་ནས་སྐད་ཡིག་མ་ཤེས་པ་གཉིས་ཀ་བོད་པ་རྣལ་མ་ཞིག་གི་གྲས་སུ་བགྲང་དཀའ་བས། བོད་པ་མི་རེ་ངོ་རེ་སྐད་དང་འདུ་ཤེས་གཉིས་ལྡན་ཞིག་ཏུ་འགྱུར་རྒྱུ་ནི། མི་རིགས་འདི་འཆི་བདག་གི་ཁ་ལས་སྐྱོབ་པའི་འཆི་མེད་བདུད་རྩིའི་རིལ་བུ་དེ་རེད་ཅེས་བདག་གིས་སེམས་སོ།།
ང་ཚོ་ཕ་ཡུལ་ནས་པ་ཀཤི་ལ་པ་ཤི་ཡང་ཟེར། གྱང་རྡུང་དུས་གྱང་དཔོན་ལ་གྱང་པ་ཤི་ཟེར། རྗེས་ནས་དག་ཡིག་གི་ནང་ནས་དེ་སོག་སྐད་ཡིན་པ་གཞི་ནས་ཤེས་སོང་། དོན་ལ་བླ་མ་ཡང་ཟེར། དེ་ཕྱིར་རྩོམ་མཁན་འདི་ཡང་བླ་སྤྲུལ་ཞིག་ཡིན་ས་རེད།
བོད་ཡིག་བོད་སྐད་མེད་ན་འོད་ཟེར་མ་བརྒྱ་སྟོང་ཡོད་རུང་ཅི་བྱེད་དམ།
འོད་ཟེར་དེ་མོ་ཞིག་འཇོན་ན་ད་ལྟ་བོད་ཡིག་བོད་སྐད་བྲིས་ནས་བཤད་ནས་ཆུ་བཞུར་བཞུར་གྱི་ཚོད་ལ་ཐོན་དགོས་རྒྱུ་རེད།
ང་རང་ཨ་རི་ནས་ལོ་བཅུར་བསྡད་པས་ཨིན་ཡིག་གི་འབྲི་ཀློག་དང་འཆད་པ་བཅས་ལ་ངོ་ཚ་མི་དགོས་པའི་ཚད་ལ་ཐོན་ཡོད། ང་ཚོ་བོད་ཀྱི་ཁ་དཔེ་དེ་བདེན་པ་རེད། ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིགས་པ། ནམ་ཞིག་གི་ཙ་ན་འོད་ཟེར་གྱིས་བོད་ཡིག་སྟེང་ནས་འཆད་རྩོད་རྩོམ་གསུམ་བྱེད་དུས་ད་གདོད་མོ་ལ་གུས་འདུད་བྱ་རྒྱུ་ཡིན།
འདིར་གནད་ལུགས་དང་མཐུན་པའི་གཏམ་ཞིག་སྤེལ་འདུག་པར་ཡི་རངས་ཞུ།
ཀླུ་སྨྱོན་སྨན་ཁང་ཞིག་ཏུ་བརྟག་དཔྱད་དུ་འགྲོ་རན་འདུག ཕལ་ཆེར་འཆོལ་བ་འདྲ་་་་་
གནས་ལུགས་ཆེ་ཙམ་འདུག
ཅོག་རོང་གི་མྱི་ལ། པཀྵི་ནི་སོག་སྐད་ཡིན་ལ། དོན་ནི་ང་ཚོའི་བོད་སྐད་དུ་དགེ་རྒན་ཟེར་བ་དང་གཅིག་པ་རེད། དགེ་རྒན་ཡིན་ན་བླ་མ་ཡིན་མི་དགོས་པ་བཞིན་དུ། ང་བླ་སྤྲུལ་ཞིག་མིན་པའང་ཞོར་ནས་མཁྱེན་པར་ཞུ། གཅིག་བྱས་ན་བོད་དུ་པཀྵིའི་ཐ་སྙད་བེད་སྤྱོད་གཏོང་སྔ་ཤོས་ནི་ཀརྨ་བ་དུས་གསུམ་མཁྱེན་པ་སྐུ་མྱ་ངན་ལས་འདས་ནས་དེའི་ཡང་སྲིད་ལ་ཀརྨ་པཀྵིའམ་ཆོས་ཀྱི་བླ་མ་ཞེས་འབོད་པ་དེ་ནས་པཀྵིའི་ཐ་སྙད་བོད་དུ་གྲགས་པར་སྣང་ལ། ཀརྨ་པཀྵི་ནི་བོད་ཀྱི་སྤྲུལ་སྐུའི་ཐོག་མ་དེ་རེད་ཅེས་ལོ་རྒྱུས་ན་ཡོངས་སུ་གྲགས་འདུག སོག་པོའི་ཡུལ་གྲུ་དག་ཏུ་སློབ་ཕྲུག་རྣམས་ཀྱིས་རང་གི་དགེ་རྒན་ལའང་པཀྵི་ཞེས་འབོད་བཞིན་འདུག་པས། པཀྵིའི་མིང་ཅན་ཚང་མ་ཆོས་ལུགས་ཀྱི་མི་སྣ་ཡིན་མི་དགོས་པའང་ཞོར་འཕྲོས་སུ་ཐལ་ལོ།།
དངོས་གནས་གནས་ལུགས་ཡོད་ཀི
ཁ་བྲོ། ལག་པ་གྱོག། སྐད་ཆ་བཤད་ན་འདི་ཡས་བཤད་དགོས་ནི་རེད། སྤྱི་དོན་དང་འཕྲོས་དོན་དག་བཤད་བཤད་ཀི་སྔ་མར་ཕྱིར་ལ་བསྡུས་ནས་གོ་བདེ་དུ་བཀོད་པ་དང་བཀོད་པའི་མཇུག་བསྡོམས་ཀྱི་རིན་ཆེན་རིལ་ལུ་འདི་སྟེར་དགོས་ས། ཁ་བརྡ་ཚང་ཁེར་རོ་ན་ཡང་རྫོགས་ཟིག་མེད་ཡ།
དཔྱད་བསྡུར་ཡག་པོ་བྱས་འདུག མུ་མཐུད་ནས་ཁ་བརྡའི་དྲ་བའི་སྟེང་གི་བསམ་ཚུལ་དག་ཡར་རྒྱས་ཀྱི་ཆེད་དུ་དཔྱད་བསྡུ་གང་མང་ཡོང་བ་ཞུ། ཐུགས་རྗེ་ཆེ།
མི་རིགས་གང་གི་རྩོམ་རིགས་སུ་གཏོགས་མ་གཏོགས་ཀྱི་སྐོར་ལ་བོད་ནང་གི་མཐོ་རིམ་སློབ་ཐོན་པ་ཞིག་གིས་མཐར་ཕྱིན་དཔྱད་རྩོམ་རིང་པོ་ཞིག་བྲིས་འདུག་པ། ༢༠༠༢ ལོར་ས་རཱ་མཐོ་སློབ་ཏུ་མཇལ་མྱོང་། དེའི་ནང་དུ་ཨ་ཁུ་ཡིད་དམ་ཚེ་རིང་དམ་པ་དེ་ཚད་གཞིར་བཟུང་ནས་བཤད་འདུག་བསམ་བྱུང་། ད་དུང་དེ་མིན་འཛམ་གླིང་གི་རྩོམ་པ་པོ་དང་རྩོམ་རིགས་སོགས་རང་ཁུངས་སོ་སོའི་ཁུངས་སུ་གཏོགས་སྟངས་སྐོར་ལའང་དཔྱད་པ་བྱས་ཏེ་དེར་རྒྱབ་རྟེན་ལུང་ཚད་མ་མང་པོ་བཀོད་ནས་དཔྱད་རྩོམ་ཧ་ཅང་ཡག་ཞིག་བྲིས་འདུག ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དཔེ་ཅིང་རེད། དེར་གཟིགས་ཁོམ་ཡོད་ན་བརྗོད་གཞི་འདིའི་སྐོར་ལ་བསམ་ཞིབ་དང་ཁ་སྣོན་མང་པོ་འབྱུང་ངེས་སྙམ།
གཞན་༼ པཀྵི་༽ཞེས་པ་འདི་ང་ཚོའི་ཚིག་མཛོད་མང་པོར་ཡང་སོག་སྐད་དུ་བཞག་འདུག་མོད། ལེགས་སྦྱར་སྐད་དུ་དགེ་སློང་གི་མིང་ལ་བྷེ་ཤུ་༼Bhiksu༽ཞེས་བྲིས་འདུག་པ་དེ་སྒྲ་འགྱུར་བ་མིན་ནམ་ཡང་ཡང་བསམ་བྱུང་། དེ་ཡང་ལེགས་སྦྱར་ལས་དགེ་སློང་ལ་Bhikkhu དང་ཡང་ན་bhiksu ཞེས་འབྲི་བ་དང་། དགེ་སློང་མར་ Bhikkhuni ཞེས་འབྲི་བ་དེ་ནི་ཆོས་ཕྱོགས་ནས་གོ་གནས་སྤྲད་པའམ་ཡང་ན་སྡོམ་པ་འབོག་པའི་དོན་ཡིན་པས་དེ་ལྟར་བཏགས་པ་ཡིན་ནམ་སྙམ་པས་དཔྱད་གཞིར་འབུལ།
གོང་གི་རྩོམ་པ་པོ་དང་དྲ་གྲོགས་རྣམ་པས་ཐ་སྙད་གསེད་བཀྲོལ་གནང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན།
འབྲུག་པའི་སྐད་དུ་གྱང་བརྡུང་བའི་ཐ་སྙད་ལ་པ་འཆམ་ཟེར་བརྗོད། གྱང་བརྡུང་དུས་སྒྲིག་རྒྱུའི་སྒྲོམ་ལ་པ་སྒྲོམ་མམ་པ་ཤིང་ཟེར། དེའི་ཐ་སྙད་ཀྱང་ཕལ་ཆེར་གྱང་པ་ཤི་ཟེར་བ་ནས་བྱུང་བ་ཡིན་པ་འདྲ། པ་འཆམ་དུས་པ་སྒྲོམ་བོད་ནས་ཞུ་བ་ཞེས་པའི་གཞས་ཤིག་གཏང་སྲོལ་ཡོད་པས་པ་འཆམ་སྲོལ་དང་པ་སྒྲོམ་རྣམས་བོད་ནས་བྱུང་བ་ཡིན་པར་གསལ།