བཞག་ལྡོམ་དར་རྒྱས།༼སྔོན་མའི་འཕྲོས།༽
གསུམ་པ།
སྤྱི་ལོ་༡༩༡༠ ཡི་ནང་ལྷོ་ཨཧྥེརིཀའི་མངའ་སྡེ་བཞི་བོ་རྒྱལ་ཁབ་གཅིག་གི་རྩ་ཁྲིམས་འོག་ཏུ་བསྒྲིལ་ཡང་མི་རིགས་ནག་པོ་ཚོར་ད་དུང་འོ་འཕེན་པའི་ཐོབ་ཐང་མ་སྤྲད་པ་མ་ཟད། གཞུང་གི་རྩ་ཁྲིམས་ཀྱི་ནང་དུ་མི་རིགས་དཀར་པོར་ལས་གླ་ཆེ་བ་དང་མི་རིགས་ནག་པོ་ཚོར་ལས་གླ་ཆུང་བ་སྤྲོད་པའི་ལུགས་སྲོལ་ཞིག་ཡོད་པ་སོགས་ཀྱིས་རྐྱེན་བྱས་ནས། མི་རིགས་ནག་པོ་ཚོས་མི་རིགས་འདྲ་མཉམ་གྱི་ཐོབ་ཐང་རྩོད་ཆེད་ཆབ་སྲིད་ཀྱི་ཚོགས་པ་ཞིག་གསར་དུ་བཙུགས་ཤིང་། ཆབ་སྲིད་ཀྱི་ཚིགས་པ་དེ་རིམ་པའི་ལྷོ་ཨཧྥེརིཀའི་རྒྱལ་ཡོངས་འཐུས་ཚོགས་ཀྱི་(African National Congress)ངོ་བོར་གྱུར།
སྤྱི་ལོ་༡༩༥༨ ནང་ལྷོ་ཨཧྥེརིཀའི་མི་རྒྱུད་དཀར་པོའི་གཞུང་གིས་ཁྲིགས་གསར་བ་ཨཕརཋེཊི་(apartheid)གཏན་འབེབ་བྱས་བ་དེའི་ནང་དུ་མི་རྒྱུད་དཀར་པོ་དང་། མི་རྒྱུད་འདྲེས་མ། མི་རྒྱུད་ནག་པོ་བཅས་གསུམ་ལ་དབྱེས་ཤིང་། མི་རྒྱུད་འདྲེས་མ་དང་ནག་པོ་ཚོ་ས་ཕྱོགས་གང་དུ་བསྐྱོད་ཀྱང་སོ་སོའི་མཛུབ་ཐེལ་དང་འཚོ་ཐབས། ད་དུང་ཁོ་ཚོའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ཡོད་པའི་དེབ་ཆུང་ཞིག་འཁུར་དགོས་ཤིང་། ལྷག་པར་མི་རྒྱུད་ནག་པོ་ཚོ་གྲོང་འཁྱེར་རམ་མི་རྒྱུད་དཀར་པོའི་ཉེ་འཁོར་དུ་འགྲོ་སྐབས་ཉེན་རྟོག་པར་དེབ་དེ་སྟན་དགོས། གལ་སྲིད་དེབ་དེ་ཁོང་ཚོ་དང་མཉམ་དུ་མེད་ན་ཉེན་རྟོག་པས་མི་ནག་དེ་དག་བཙོན་ལ་བཅུག
ཁྲིམས་ལུགས་ངན་པ་དེའི་དབང་གིས་མི་རྒྱུད་ནག་པོའི་ཁྱིམ་ཚང་ཡོངས་ལ་མུ་གེ་སྟེང་དུ་ཟླ་ལྷག་ཅེས་བའི་དཔེ་ལྟར་ཉིན་མཚན་འཁྱོལ་དཀའ་བའི་སྡུག་བསྔལ་གྱི་ནང་དུ་ལྷུང་དགོས་བྱུང་། རྒྱུ་མཚན་ནི། གལ་སྲིད་ཁྱིམ་ཐབ་འཛིན་པའི་ཁྱོ་ག་བཙོན་ལ་གཟུང་བ་ཡིན་ན་ཤུལ་དུ་ལྷག་པའི་བྱིས་པ་དང་ཆུང་མ་ཚོས་ནང་གི་ཁྱིམ་ཐབ་འཛིན་མ་ཐུབ་པར་ལྟོ་རྒྱབ་ལ་དཀའ་ངལ་ཕྲད་དེ་སྲང་ལམ་ཉུལ་བའི་སྤྲང་བོར་གྱུར།
གཞན་སློབ་གྲྭ་ཡོངས་རྫོགས་མི་དཀར་གཞུང་གི་སྟེངས་འཛིན་འོག་དུ་ཡོད་པས་མི་རྒྱུད་ནག་པོའི་སློབ་གྲྭར་ཤེས་ཚད་དམན་ཞིང་སློབ་དེབ་ཁྲིད་ཐབས་ལ་ཉམས་མྱོང་དབེན་པ་རྣམས་དགེ་རྒན་དུ་བསྐོས་ཤིང་། ལྷག་པར་གལ་ཆེ་བའི་ཨང་རྩིས་སོགས་མི་རྒྱུད་ནག་སླ྄ོབ་གྲྭ་ནས་ཁྲིད་དུ་མ་བཅུག་པར་བརྟེན། མི་རྒྱུད་ནག་པོའི་ཆབ་སྲིད་ཚོགས་(ANC)པས་མི་རྒྱུད་དཀར་པོའི་གཞུང་གི་ཁྲིམས་ལུགས་དང་ཡོངས་སུ་འགལ་པའི་མི་ནག་ཚོར་སྒེར་ཚུགས་སློབ་གྲྭ་ཟུར་དུ་བཙུགས།
བཞི་བ།
ལྷོ་ཨཧྥེརིཀའི་མི་རྒྱུད་ནག་པོའི་རྒྱལ་ཡོངས་(ANC)འཐུས་ཚོགས་ཀྱིས་མི་རྒྱུད་དཀར་པའི་མི་རིགས་སམ་ཤ་མདོག་དབྱེ་འབྱེད་ཀྱི་ཁྲིམས་ལུགས་ངན་པ་དེར་རྣོ་ངར་ལྡན་པའི་ངོ་རྒོལ་བྱ་དགོས་ན་གཞི་རིམ་མང་ཚོགས་རྣམས་ངོ་རྒོལ་ནང་དུ་མཉམ་ཞུགས་བྱ་དགོས་བ་མཐོང་ནས། སྤྱི་ལོ་༡༩༥༠ འགོ་སྟོད་དུ་མང་ཚོགས་རྣམས་ལ་སྐུལ་མ་བྱས་ནས་མི་དཀར་གཞུང་ལ་ངོ་རྒོལ་བྱས་སྐབས། མི་དཀར་གཞུང་གི་ཉེན་རྟོག་པས་ཨཕརཋེཊི་(apartheid)ཁྲིམས་ལུགས་སུ་གུས་བརྩི་མ་བྱས་བའི་ཉེས་མིང་འོག་ངོ་རྒོལ་བ་དགུ་སྟོང་ལས་རྒལ་བ་བཙོན་དུ་བཟུང་པར་བརྟེན།
སྤྱི་ལོ་༡༩༦༠ ཡི་ནང་དུ་མི་རྒྱུད་ནག་པོའི་རྒྱལ་ཡོངས་(ANC)འཐུས་ཚོགས་ཀྱིས་དེ་བས་ཀྱང་མི་དཀར་གཞུང་ལ་སྟོབས་ཤུགས་ལྡན་པའི་ངོ་རྒོལ་བྱ་དགོས་བ་མཐོང་དེ། ལོ་ན་གཞོན་ཞིང་སྤྱང་གྲུང་ལྡན་པའི་མི་ནག་རྒྱལ་ཡོགས་འཐུས་ཚོགས་ཀྱི་དབུ་ཁྲིད་དམ་པ་ནེནསེན་མན་ཌལལའ་(Nelson Mandela)ཡིས་དབུས་གཞུང་ལ་མི་རིགས་ཡོངས་རྫོགས་འདྲ་མཉམ་གྱི་ཐོབ་དགོས་བའི་གཏམ་བཤད་བྱས་བ་མ་ཟད། མི་ནག་རྒྱལ་ཡོངས་འཐུས་ཚོགས་ཀྱིས་མི་དཀར་དབུས་གཞུང་ལ་དྲག་རྒོལ་བྱ་ཆེད་ཚོགས་མི་ཚོར་དྲག་རྒོལ་གྱི་སྦྱོང་བསྡར་ཡང་སྤྲད་འགོ་ཚུགས། སྟབས་མ་ལེགས་ཤིག་ལ། སྤྱི་ལོ་༡༩༦༢ ནང་དུ་མི་དཀར་གཞུང་གིས་མི་རྒྱུད་ནག་པོའི་རྒྱལ་ཡོངས་(ANC)འཐུས་ཚོགས་ཀྱིས་གཞུང་ལ་དྲག་རྒོལ་གྱི་ཆར་གཞི་ཡོད་པ་གོ་དེ་ནེནསེནམན་ཌལལའ(Nelson Mandela) གཙོ་བྱས་བའི་གལ་ཆེ་མི་སྣ་བཅུ་བདུན་བཙོན་དུ་བཟུང་།
ཉིན་ནས་ཉིན་དུ་མི་དཀར་གཞུང་གི་ཉེན་རྟོག་པ་དང་དབུས་གཞུང་གི་མི་རིགས་དབྱེ་འབྱེད་ལ་ངོ་རྒོལ་བྱེད་མཁན་གྱི་མི་ནག་ཚོའི་བར་ལ་འཐབ་རྩོད་དང་མི་ཤི་སོགས་ཀྱི་གསར་འགྱུར་རིམ་པའི་རྒྱལ་སྤྱི་རང་བཞིན་ཅན་དུ་གྱུར་ཅིང་། རྒྱལ་ཁབ་མང་པོ་ཞིག་ལྷོ་ཨཧྥེརིཀའི་གཞུང་གི་མི་རིགས་དབྱེ་འབྱེད་ཁྲིམས་ལུགས་ལ་ཞེན་པ་ལོག་དེ་སྐྱོན་བརྗོད་འདྲ་མིན་བྱས་བ་མ་ཟད། རྒྱལ་སྤྱིའི་ཚོང་འབྲེལ་གྱི་ཐོབ་ཐང་བཀག་པ་(Sanctions) སོགས་ཀྱི་ཆད་པའང་བཅད། ད་དུང་། རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་ཨོལིམཔིག་གི(Olympic)་ཚོགས་པས་སྤྱི་ལོ་༡༩༦༨ དང་༡༩༧༢ ཀྱི་བར་ལྷོ་ཨཧྥེརིཀ་རྩེད་འདྲེན་དུ་ཞུགས་པའི་ཐོབ་ཐང་མེད་པའང་བཟོས། སྤྱི་ལོ་༡༩༧༦ ལོར་མི་རིགས་དབྱེ་འབྱེད་དང་མི་ནག་ཚོའི་སློབ་གྲྭ་སྐྱོ་བ་སོགས་ཀྱི་རྐྱེན་བྱས་དེ་མི་རྒྱུད་ནག་པའོ་སློབ་མ་སྟོང་ལས་རྒལ་བས་སའོ་བཊོ་(Soweto)ས་གནས་ནས་གཞུང་ལ་ངར་ཤུགས་ལྡན་པའི་་ངོ་རྒོལ་བྱས་སྐབས་ཉེན་རྟོག་པའི་མེ་མདས་སློབ་མ་༡༧༦ ས་དེ་ནས་དམར་བསད་བྱས།
གང་ལྟར་རིམ་པའི་རྒྱལ་སྤྱིའི་ཚོང་རྭའི་ཉེས་ཆད་ཀྱིས་ལྷོ་ཨཧྥེརིཀའི་དཔལ་འབྱོལ་ལ་ཅུང་རྒུད་ཚབས་ཆེན་ཕོགས་དེ། ལོ་ངོ་ཉུ་ཤུ་ལྷག་བཙོན་དུ་ཉར་བའི་ནེནསེན་མན་ཌལལའ(Nelson Mandela) སྤྱི་ལོ་༡༩༩༠ ལོ་མི་རྒྱུད་དཀར་པོའི་གཞུང་གིས་བཙོན་ནས་མི་ལྷོད་ཐབས་མེད་བྱུང་ཅིང་། མི་རིགས་དབྱེ་འབྱེད་ཀྱི་ལམ་ལུགས་སུ་བཅོས་བསྒྱུར་བྱ་འགོ་ཚུགས།
སྤྱི་ལོ་༡༩༩༤ ལོར་མི་དཀར་དང་མི་ནག ད་དུང་མི་རྒྱུད་འདྲེས་མ་ཡོངས་ལ་ལྷོ་ཨཧྥེརིཀའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་འོས་འཕེན་པའི་ཐོབ་ཐང་ཡོད་པ་བྱས་ནས་འོས་འཕངས་སྐབས། མི་རྒྱུད་ནག་པོ་ས་ཡ་བཅུ་བདུན་( Seventeen million) འོས་འཕེན་དུ་ཕྱིན་དེ་འོས་འཕངས་པའི་འབྲས་བུར། ནེནསེན་མན་ཌལལའ(Nelson Mandela) ལྷོ་ཨ་ཧྥེརིཀའི་སྲིད་འཛིན་ཀྱི་གོ་གནས་ཐོབ། ཁོས་ལོ་ངོ་གསུམ་ལ་སྲིད་འཛིན་གྱི་འགན་ཁུར་ཏེ་ལྷོ་ཨཧྥེརིཀའི་མི་རིགས་ཡོངས་རྫོགས་འཆམས་མཐུན་ལ་འབད་པ་མ་ཟད། སྤྱི་ལོ་༡༩༩༦ ལོར་ལྷོ་ཨཧྥེརིཀའི་རྩ་ཁྲིམས་གསར་བཟོས་བྱས། ཁོ་བོའི་རྗེས་སུ་མི་རྒྱུད་ནག་པོ་བ་ཋའབྷོ་བྷཁའེ་(Thabo Mbeki) ཁོའི་ཚབ་བམ་ལྷོ་ཨ་ཧྥེརཀའི་སྲིད་འཛིན་ལ་འོས་འདེམས་བྱས།
མཐའ་མར་ལྷོ་ཨཧྥེརིཀའི་མི་རྒྱུད་ནག་པོ་ཚོ་ཀྱག་ཀྱོག་ཆེ་བའི་དཀའ་ངལ་བརྒྱུད་ཅིང་མི་རིགས་དབྱེ་འབྱེད་དང་བྲན་གཡོག་ལམ་ལུགས་ལས་རྣམ་པར་རྒྱལ་དེ། མི་རྒྱུད་ནག་པོ་ཞིག་གིས་ལྷོ་ཨཧྥེརིཀའི་རྒྱལ་ཁབ་ཀྱི་སྲིད་འཛིན་བྱས་བ་ནི་མི་རྒྱུད་ནག་པོའི་ལོ་རྒྱུས་ལ་མཚོན་ན་འོད་སྣང་སྟོང་ལྡན་གྱི་ཉི་མ་ཞིག་ཡིན་མོད་ཀྱང་། དེ་རིང་ལྷོ་ཨ་ཧྥེརིཀར་དུས་རབས་གསར་པའི་འགྱུར་འགྲོས་དང་། གོ་ལ་འམ་སྤྱི་ཚོགས་གསར་བའི་འགྱུར་འགྲོས་ཀྱིས་རྐྱེན་པའི་ལྷོ་ཨཧྥེརིཀར་མི་དམངས་ལས་མེད་ཀྱི་གྲངས་འབོར་མཐོ་བ། ཁྲིམས་མེད་ལུགས་ཀྱི་བྱ་སྤྱོད་སྤེལ་མཁན་མང་་། ད་དུང་གཉེན་ནད་རག་དུག་གམ་(AIDS) ཨེ་ཛིའི་ནད་ཀྱིས་མནར་བའི་སྐྱེས་པ་དང་སྐྱེས་མའི་གྲངས་ཧ་ཅང་མང་བ་བཅས་ཀྱི་དཀའ་ངལ་ཆེན་པོ་གསུམ་གྱི་འོག་ན་མུ་ཐུད་ནས་གནས་ཡོད།