ཤིས་ཚང་ལྗང་མྱུག
——————
ངའི་ནུ་བོས་འཕྲིན་ཡིག་ཅིག་ཏུ་”ལུས་ ཀྱི་རྩ་ལམ་ན་དྲག་ཏུ་རྒྱུ་བའི་ལ་རྒྱའི་ཞེན་ཁོག་འདིའི་དབང་གིས་རང་ཉིད་ཀྱིས་ ཅི་ཡང་མ་འཁྱོངས་ནའང་མི་རིགས་ཀྱི་བདེ་སྡུག་ལ་སེམས་ཁུར་བྱེད་རྒྱུ་ནི་འགོག་ ཐབས་མེད་པ་ཞིག་རེད་”ཅེས་ བཤད་པ་བཞིན་ཁོ་བོར་ཡང་བསམ་བློའི་འབྱོར་ཕྱུག་དང་ཤེས་ཡོན་ཆུ་ཚད་སོགས་ཀྱིས་ཇི་ ལྟར་གཉོམ་ནའང་ཆག་འཇིག་གི་འགག་རྩ་ན་ཧ་ཅང་ཉམ་ཐག་པའི་བོད་མི་རིགས་ཀྱི་ལས་དབང་ ནི་ང་ལ་མཚོན་ན་ལྗིད་ཏིག་ཏིག་གི་སེམས་ཁུར་ལྷག་མ་ཞིག་ཏུ་བརྟས་པས་ང་ནམ་ཡང་འདི་ ལྟ་བུའི་བསམ་གཞིགས་ཤིག་གི་བྲན་གཡོག་ཏུ་མི་འགྲོ་རང་དབང་བྲལ་ལ། ད་དུང༌། གཡས་དང་གཡོན། རྒྱབ་དང་མདུན་སོགས་ནས་མི་རིགས་འདིའི་འཚོ་གནས་དང་འབྲེལ་བའི་ལན་མི་ཐེབས་པའི་ དྲི་བ་སྣ་ཚོགས་ཚོགས་ཤིག་འུ་ཚོ་ཐུན་མོང་གི་མིག་མདུན་དུ་ཁ་བ་བཞིན་བར་མེད་དུ་ བབས་པ་ན་དུས་དེར་ཁོ་བོས་ཀྱང་བསམ་གཞིགས་ཀྱི་གྲང་ངར་དང་བསྡོངས་ཏེ་སོར་མོའི་ འདུ་བྱེད་ལ་འོ་བརྒྱལ་རེ་མི་བསྐུལ་ཐབས་མེད་རེད། དེ་བས་དེ་རིང་ཡང་འདིར་”མི་རིགས་འཚོ་གནས་ཀྱི་གཞི་རྩའི་དགོས་མཁོ་ངོས་འཛིན་དང༌། དེ་རིགས་སྲུང་སྐྱོབ་ཐབས་ལམ་”ཞེས་ གནད་ཚ་བའི་བརྗོད་གཞི་བྱེ་བྲག་པ་ཞིག་གི་འགོ་བརྗོད་འདི་མཐོང་འཕྲལ་ངས་སླར་ཡང་ ཀློག་མཁན་ཁྲི་སྟོང་གི་སྤྱན་ལམ་དུ་སྨྱུ་གུའི་བྲོ་གར་ཞིག་འཁྲབ་དགོས་བྱུང༌།
དང་བོ། མི་རིགས་འཚོ་གནས་ཀྱི་གཞི་རྩའི་དགོས་མཁོ་ངོས་བཟུང་སྟེ། དེ་ཇི་ལྟར་མི་རིགས་འཚོ་གནས་ཀྱི་
དགོས་མཁོར་སྒྲུབ་པ།
མི་སུ་ཞིག་གིས་ང་ལ་ཐད་ཀར་ མི་རིགས་འཚོ་གནས་ཀྱི་གཞི་རྩའི་དགོས་མཁོ་གང་ཡིན་ཞེས་པའི་དྲི་བ་འདི་བཏོན་ཚེ་ ངས་ཚམ་ཚོམ་མེད་པར་སྐད་ཡིག་སྲུང་སྐྱོབ་རེད་ཅེས་ལན་འདེབས་བྱེད་པར་སྤོབས། དེ་ཡང་སྐད་ཡིག་ཅེས་པའི་སྐད་ནི་སྐད་ཆ་དང་ཡིག་ནི་ཡི་གེ་ལ་གོ་དགོས་ལ། ཡང་”སྐད་ཆ་ནི་མི་རིགས་གཅིག་མཐུད་ཀྱི་སྒྲོག་ཐག་ཡིན་ལ། མི་རིགས་ནི་སྐད་ཆ་གནས་བྱེད་ཀྱི་གཞི་གདན་ཡིན།” ཡི་གེ་ནི་མི་རིགས་དེའི་ཆོས་ལུགས་དང་ཆབ་སྲིད། རིག་གནས་སོགས་ཀྱི་གཞི་རྩའི་མ་ལག་ལྟ་བུ་ཡིན་པས་”མི་ རིགས་ཟེར་བ་འདི་ཟོག་དང་ར་ལུག་ལྟར་རིགས་རྒྱུད་ཁོ་ནས་ཕྱེ་བ་མིན་ལ། སྐད་ཡིག་རིག་གནས་དང༌། དེ་ལ་བརྟེན་པའི་གོམས་གཤིས་ལྟ་སྤྱོད་ཐུན་མོང་མ་ཡིན་པ་ལས་ཕྱེ་བ་ཡིན་”ཕྱིར་ སྐད་ཡིག་སྲུང་སྐྱོབ་ནི་མི་རིགས་གང་དང་གང་ཡིན་རུང་རང་ཉིད་འཚོ་གནས་ཀྱི་གཞི་ རྩའི་དགོས་མཁོ་དང་རང་ཉིད་མི་རིགས་གཞན་དང་ཐུན་མིན་དུ་དགར་བྱེད་ཀྱི་མཚོན་ རྟགས་གསལ་བོ་ཞིག་ཡིན་པ་བསྙོན་མེད་དུ་གདའ། གཞིས་བཞུགས་མཁས་དབང་དོར་ཞི་རིན་པོ་ཆེས། ”བོད་ སྐད་དང་བོད་ཡིག་དེ་བོད་མི་རིགས་ལ་མཚོན་ན་མེད་དུ་མི་རུང་བའི་མི་རིགས་ཀྱི་ རྟགས་མཚན་དང་རིག་གནས་ཀྱི་གཞི་རྩ་ཡིན་ལ། སྐད་ཡིག་རིག་གནས་འདི་ཉམས་སོང་ན་མི་རིགས་ཀྱང་རྩ་བ་ནས་ཉམས་འགྲོ་བ་རྒྱལ་ཁབ་ ཕྱི་ནང་གི་ལོ་རྒྱུས་ཉམས་མྱོང་དང༌། གཞུང་ལུགས་སྟེང་ནས་ངེས་ཐུབ་པ་ཡིན་”ཞེས་ གསུངས་པའང་སྐད་ཡིག་འདི་མི་རིགས་འཚོ་གནས་ཀྱི་གཞི་རྩར་དགོངས་ཏེ་གསུངས་པ་མ་ ཡིན་ནམ། ང་ཚོས་རང་ཉིད་ཀྱི་སྐད་དང་ཡི་གེ་ལ་བརྩི་འཇོག་བྱེད་པའམ་མཐོང་ཆུང་བྱེད་པ་དེ་ ནམ་ཡིན་ཡང་མི་རིགས་རང་ཉིད་ལ་བརྩི་འཇོག་བྱེད་པ་དང༌། ཡང་ན་མཐོང་ཆུང་བྱེད་པར་ལྟ་བ་ཡིན་པས་གལ་ཏེ་སྐད་ཡིག་མེད་ན་དེའི་མི་རིགས་དེའང་ མིང་གི་ལྷག་མ་ཙམ་དུ་གྱུར་འགྲོ་བ་ཧ་ཅང་གསལ་བོ་ཡིན། མི་རིགས་གང་དང་གང་ཡིན་རུང་འབྱུང་འགྱུར་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ སྟེང་ཡུན་རིང་འཚོ་ཞིང་གནས་དགོས་ཚེ་རང་གི་སྐད་ཡིག་རིག་གནས་དེ་སྲུང་སྐྱོབ་ འཕེལ་རྒྱས་གཏོང་དགོས། འདིའི་ཐད་ྋཀུན་གཟིགས་པཎ་ཆེན་རིན་པོ་ཆེས། ”སྐད་ ཡིག་སོགས་མི་རིགས་ཀྱི་ཁྱད་ཆོས་གཙོ་བོ་རྣམས་འཕེལ་རྒྱས་འགྲོ་ཐུབ་ཚེ་མི་རིགས་ འདི་གཞི་ནས་གནས་ཐུབ་པ་དང་འཕེལ་རྒྱས་འགྲོ་ཐུབ་རྒྱུ་རེད། དེ་ལས་ལྡོག་སྟེ་མི་རིགས་ཀྱི་སྐད་ཡིག་སོགས་ཁྱད་ཆོས་རྣམས་མེད་པར་གྱུར་ཚེ། མི་རིགས་དེ་གནས་ཐབས་དང་འཕེལ་རྒྱས་ཡོང་མི་ཐུབ”ཅེས་དང༌། སི་ཏ་ལེན་གྱིས་ཀྱང༌། ”མི་ རིགས་ཤིག་ལོ་རྒྱུས་སྟེང་ཡུན་རིང་གནས་དགོས་ན་དེའི་སྐད་ཡིག་བཀོལ་སྤྱོད་དང་ འཕེལ་རྒྱས་གཏོང་དགོས། གལ་ཏེ་དེ་ལས་ལྡོག་སྟེ་མི་རིགས་ཤིག་རྩ་མེད་དུ་གཏོང་དགོས་ན་སྔོན་ལ་མི་རིགས་ དེ་གའི་སྐད་ཡིག་དེ་བཀོལ་སྤྱོད་མེད་པ་བཟོས་ན་མི་རིགས་རང་བཞིན་དུ་མེད་པར་ འགྲོ་སྲིད།”ཅེས་ མི་རིགས་དར་རྒུད་ཀྱི་རྩ་བ་སྐད་ཡིག་ལ་ཐུག་ཡོད་པར་གླེང་བ་འདི་དག་གིས་ཀྱང་གོང་ དུ་བརྗོད་པའི་མི་རིགས་འཚོ་གནས་ཀྱི་གཞི་རྩའི་དགོས་མཁོ་སྐད་ཡིག་སྲུང་སྐྱོབ་ ཡིན་པ་རྩོད་མེད་དུ་བསྟན་འདུག་གོ།
གཉིས་པ། སྐད་ཡིག་སྲུང་སྐྱོབ་ཀྱི་ལམ་ནས་མི་རིགས་འཚོ་གནས་ཀྱི་ཁོར་ཡུག་བསྐྲུན་ཐབས།
ང་ཚོའི་སྤྱི་ཚོགས་ཁྲོད་ན་ ཁ་མང་ཚོགས་ལ་ཕྱོགས་ཏེ་ནམ་རྒྱུན་སྐད་ཡིག་སྲུང་སྐྱོབ་དང་རིག་གཞུང་བདག་གཅེས་ བྱེད་དགོས་ཞེས་ངར་ངར་རྫིག་རྫིག་གིས་ཁུ་ཚུར་གནམ་ལ་ཕྱར་ཏེ་ཁ་ཕོ་སྒྲོག་མཁན་ཧ་ ཅང་མང་མོད། དོན་དངོས་སུ་འདས་པའི་ལོ་ངོ་ནས་ད་བར་དུ་ང་ཚོས་རིག་གཞུང་བདག་གཅེས་དང་སྐད་ཡིག་ སྲུང་སྐྱོབ་ཇི་འདྲ་ཞིག་བྱས་ཐུབ་ཡོད་མེད་ད་ལྟའི་སྤྱི་ཚོགས་ཁྲོད་(བཙན་བྱོལ་སྤྱི་ཚོགས་གཞིར་བཞག)ཁྱབ་བརྡལ་དུ་ཕྱིན་པའི་ར་མ་ལུག་གི་སྐད་ཆ་དང་བོད་རང་གི་ཡིག་ལམ་ནས་འཕྲིན་ཡིག་གཙང་མ་ཞིག་ཀྱང་འབྲི་མི་ཤེས་པའི་ད་ལྟའི་གཞོན་སྐྱེས་(གཙོ་བོ་བཙན་བྱོལ་ཁྲོད་མཚར་ལོངས་བྱུང་བའི་གཞོན་སྐྱེས་ཚོ)ཚོའི་ སྐྱུག་བྲོ་བའི་གནས་ཚུལ་འདི་དག་གིས་ང་ཚོར་དངོས་ཡོད་བདེན་དབང་གསལ་རྗེན་བྱས་ མི་འདུག་གམ། སྤྱིར་སྐད་ཡིག་སྲུང་སྐྱོབ་བྱེད་པ་ནི་ཐད་ཀར་མི་རིགས་དེའི་ཆབ་སྲིད་གནད་དོན་ དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པས་འུ་ཚོའི་བོད་མི་རིགས་ལ་མཚོན་ནའང་སོ་ སོའི་མེས་པོས་ཤུལ་བཞག་གི་སྐད་ཡིག་རིག་གནས་ལ་དོ་སྣང་ཆེར་བསྐྱེད་ཀྱིས་འབད་པ་ ལྷུར་ལེན་དང་རྒྱུན་འཁྱོངས་ལྷོད་མེད་བྱ་རྒྱུ་ནི་རང་ཉིད་སྤྱི་བོ་གནམ་བསྟན་ གྱི་རྩམ་གཟན་བོད་མི་ཞིག་ཡིན་པའི་རྩ་བའི་འགན་འཁྲི་ཡིན། ཀུན་གཟིགས་པཎ་ཆེན་རིན་པོ་ཆེས། ”མི་ རིགས་གཅིག་གི་ངོས་ནས་བཤད་ན། སོ་སོའི་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུ་འདི་ནི་ཤིན་ ཏུ་གནད་ཆེན་པོ་ཆགས་ཡོད། ཅེས་དང༌། ཡང་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་གཏོང་རྒྱུའི་གནད་དོན་འདི་ཆུང་ ཆུང་ཞིག་གཏན་ནས་མིན། དེ་ནི་ཆབ་སྲིད་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན། ”ཞེས་ ཤ་ཚ་ནན་བསྐུལ་གྱིས་གསུངས་འདུག་པ་འདིས་ཀྱང་ཤེས་ནུས་སོ། ང་ཚོས་ད་བར་དུ་སྐད་ཡིག་སྲུང་སྐྱོབ་བྱ་དགོས་ཚུལ་ཁ་ནས་མ་ཎི་བགྲང་བགྲང་བྱས་པ་ ལས་ཇི་ལྟར་སྐད་ཡིག་སྲུང་སྐྱོབ་བྱས་ན་མི་རིགས་འཚོ་གནས་ཀྱི་དགོས་མཁོ་སྒྲུབ་ ཐུབ་མིན་ལ་བསམ་གཞིགས་ཤིག་གཏན་ནས་བྱས་མེད་པ་འདྲ། གཤམ་དུ་ངས་དེའི་སྐོར་གྱི་དོན་གནད་འགའ་ཟུར་དུ་བཏོན་ཏེ་རང་གི་རྨོངས་བློར་ཤར་ ཚུལ་ཞིག་གླེང་བར་བྱ།
༡ ཤེས་ལྡན་མི་སྣ་སྐྱེད་བསྲིངས་བྱས་ཏེ་སྐད་ཡིག་རིག་གནས་རྒྱུན་འཛིན་བྱེད་དགོས།
སྤྱི་ཚོགས་གང་དང་གང་ ཡིན་རུང་ཤེས་ལྡན་མི་སྣ་ནི་སྤྱི་ཚོགས་དེ་དང་དེའི་བསམ་བློའི་སྣེ་ཁྲིད་མཁན་ནམ་ སྤྱི་ཚོགས་དེ་གཞན་རིགས་སྔོན་ཐོན་གྱི་གྲལ་དུ་བགྲོད་བྱེད་ཀྱི་ལག་རྟེན་ལྟ་བུ་ ཡིན་པ་རྩོད་མེད་ཡོངས་གྲགས་སུ་གདའ། འུ་ཚོ་ད་ལྟའི་དུས་འདིར་སོ་སོའི་སྐད་ཡིག་དང་རིག་གཞུང་ལ་གོད་ཆག་སྣ་མང་ཐེབས་ ཏེ་འཆི་གསོན་གྱི་འགག་རྩར་ཐུག་ཡོད་པ་འདིའང་ང་ཚོས་འདས་པའི་ལོ་ངོ་ནས་ད་བར་དུ་ ཤེས་ལྡན་མི་སྣའི་དཔུང་ཁག་སྲ་བརྟན་ཞིག་སྐྱེད་བསྲིངས་བྱེད་མ་ཐུབ་པའི་བྱས་ཉེས་ ཀྱིས་དྲུད་ཡོང་བ་ལོས་ཡིན་སྙམ། དོན་ངོ་མར་ང་ཚོས་ཤེས་ལྡན་མི་སྣ་སྐྱེད་བསྲིངས་བྱེད་མ་ཐུབ་པ་དེའང་རྩ་བ་རང་ ཉིད་ལ་ཐུག་འདུག་སྟེ། ང་ཚོའི་སྤྱི་ཚོགས་སྟེང་ན་མཐོ་བར་ཕྲག་དོག་སྡང་མིག་སྟོན་མཁན་དང་དམའ་བར་མཐོང་ ཆུང་ཁྱད་གསོད་བྱེད་པའི་གནའ་བོའི་བཀས་བཀོད་རིང་ལུགས་ཀྱི་རྒྱུད་འཛིན་པའི་མཐོ་ རིམ་མི་སྣ་དང་ཕྱོགས་རུས་འཐེན་འཁྱེར་གྱི་དབུ་རྣ་རིང་བའི་དབྱེ་འབྱེད་རིང་ ལུགས་པའི་ཕྱོགས་ཁག་སོ་སོ་ཧ་ཅང་མང་ལ། ད་དུང་མི་རིགས་རིང་ལུགས་པའི་ལྟ་བ་དང་བསམ་བློ་སྤུ་རྩེ་ཙམ་ཡང་མེད་པར་རང་ཉིད་ ཀྱི་ལྟོ་གོས་གཏམ་གསུམ་ཁོ་ནའི་ཆེད་དུ་འཕོངས་འོག་གི་རྐུབ་སྟེགས་ཨུ་ཚུགས་ཀྱིས་ སྲུང་བའི་རྟ་ལམ་བོང་བུས་གཅོད་མཁན་དེ་བས་ཀྱང་མང༌། དེར་བརྟེན། འུ་ཚོའི་ཕ་མེས་རིག་གཞུང་གི་ཞག་རྩི་མ་ཡལ་བའི་ཤེས་ཡོན་པའི་ཚོ་ཁག་ཅིག་མ་གིའི་ ཟ་ཁང་ཚོང་ཁང་གི་ལག་གཡོག་བྱེད་པའམ་སྲང་ལམ་གཡས་གཡོན་དུ་བག་ལེབ་བཙོང་བ་སོགས་ ཀྱིས་མཚོན་པའི་ཚོང་ལས་ཙག་ཙིག་རེ་ཉར་ཏེ་རང་གིས་རང་ལ་འཚོ་ཐབས་བཙལ་བཞིན་ཡོད་པ་ རྡ་སར་རྒྱུས་མངའ་ཆེ་བའི་མི་ཞིག་ཡིན་ཚེ་སེམས་ལ་ཁྲིགས་ཁྲིགས་ཡིན། དྲང་བོར་བཤད་ན་ཁོ་ཚོའང་ཅི་ཁག་སྟེ། ཐོག་མར་བོད་ནས་ཡོང་དུས་ཀུན་སློང་དང་སེམས་ཤུགས་རྨ་མེད་པ་ཞིག་གིས་ཐོག་དྲངས་ ཤིང་རེ་བ་དང་ཡིད་ཆེས་རྣལ་མ་ཞིག་བསྣམས་ཏེ་ལམ་ལ་ཆས་པ་ཡིན་ནའང་འདིར་བཙན་བྱོལ་ བའི་སྒོ་ཐེམ་རྡོག་པས་མནན་པ་ནས་གོང་བརྗོད་དཔུང་བཙན་པའི་དབྱེ་འབྱེད་རིང་ལུགས་ པའི་ཕྱོགས་ཁག་དེས་ཁོ་ཚོར་རྒྱ་མིའི་གསང་ཉུལ་བ་ཡིན་ཚུལ་སོགས་གཞི་མེད་ལུང་མེད་ ཀྱི་སྐད་ཆ་འདྲ་མིན་གྱིས་བསྙད་བཏགས་ཏེ་ཐོག་མའི་རེ་བ་དང་ཡིད་ཆེས་སོགས་གཞི་ནས་ རྩ་བརླག་ཏུ་བཏང་སྟེ་ནུས་མེད་ཅན་དུ་བཟོས་དང་བཟོ་བཞིན་མཆིས་ཏེ། དཔེར་ན། ཕྱི་ལོ་༡༩༩༡-༡༩༩༢བར་ ༼མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང༌།༽གི་གླེང་རྙོག་དང་སྦྲེལ་ཏེ་སྐུ་ ཞབས་པདྨ་འབུམ་རྒྱང་ཕུད་བཏང་བ་དེ་ཁོ་ནས་ཀྱང་མཚོན་པར་ནུས། ངས་གོང་དུ་དབྱེ་འབྱེད་རིང་ལུགས་པའི་ཕྱོགས་ཁག་ཅིག་གླེང་དགོས་པའི་རྒྱུ་མཚན་ ནི་ང་ཚོས་ཤེས་ལྡན་མི་སྣ་སྐྱེད་བསྲིངས་བྱེད་པ་ལ་གསར་རྙིང་དང་ཆོལ་ཁ་ཆོས་ བརྒྱུད་ཀྱི་དབྱཻ་བ་གཏན་ནས་འབྱེད་མི་རུང་ཞེས་པ་དེ་ཡིན་ལ། ངས་འདི་ལྟར་བཤད་ཚེ་ད་གཟོད་ཁྱོད་ཀྱིས་དབྱེ་འབྱེད་རིང་ལུགས་ཞེས་པའི་གོ་དོན་ ཀྱང་རྟོགས་ཐུབ་ངེས་ཡིན། ང་ཚོས་ཤེས་ལྡན་མི་སྣ་སྐྱེད་བསྲིངས་བྱེད་པའི་དགོས་དམིགས་གཙོ་བོ་ནི་བོད་རང་ གི་སྐད་ཡིག་རིག་གནས་རྒྱུན་འཛིན་དར་སྤེལ་བྱས་ཏེ་བོད་ཅེས་པའི་མི་རིགས་འདི་ འཛམ་གླིང་སྔོན་ཐོན་གྱི་གྲས་སུ་སླེབ་ཐབས་སུ་ཡིན་པས་ངས་འདིར་ཤེས་ལྡན་མི་སྣ་ ཞེས་པའང་སོ་སོའི་སྐད་ཡིག་རིག་གནས་ལ་མ་རྨོངས་པ་ཙམ་ཞིག་གིས་ག་ལ་ཆོག་སྟེ། གཙོ་ཆེར་མི་རིགས་རིང་ལུགས་ཀྱི་ལྟ་བ་གཤིས་སུ་སྨིན་པའི་ཐོག་རང་གི་ཐུན་མིན་ རིག་གཞུང་ལ་ནང་བྱན་ཆུད་ཅིང་རང་སྐྱ་འཕེར་བའི་ཤེས་ལྡན་ལྷག་བསམ་པ་ཞིག་ལ་ངེས་ པར་དུ་གོ་དགོས། དེ་ལྟ་བུའི་ཤེས་ལྡན་མི་སྣ་ལ་ང་ཚོས་ནམ་ཡང་བརྩི་བཀུར་དང་མཐོང་ཆེན་བྱེད་དགོས་ ལ་རང་གཞུང་གིས་ཀྱང་ཁོ་ཚོའི་སེམས་ཤུགས་དང་ཡིད་ཆེས་ལ་རྡོག་བརྫིས་མི་བྱེད་པར་ གུས་བརྩི་ཆེ་མཐོང་གིས་ཁོ་ཚོའི་འཚོ་གནས་ལ་མཐུན་སྦྱོར་གང་ལེགས་གནང་སྟེ་གཞུང་ ཞབས་ས་མིག་གི་གོ་སྐབས་ལེན་དུ་འཇུག་རྒྱུ་སོགས་ཧ་ཅང་གལ་མི་ཆུང་བར་སྙམ། སྤྱིར་རང་གཞུང་གི་ལས་བྱེད་བསྡུ་ལེན་ནམ་གཞུང་ཞབས་ས་མིག་གི་གོ་སྐབས་ལེན་པའི་ སྔོན་འགྲོའི་ཆ་རྐྱེན་དུའང་རང་གི་སྐད་ཡིག་རིག་གནས་ཀྱི་ཤེས་ཚད་ལ་གཙོར་འཛིན་ བྱེད་དགོས་པར་མངོན། དེ་ལྟར་བྱས་ན་ང་ཚོའི་སྤྱི་ཚོགས་སྟེང་གི་གཞན་གྱི་སྐད་ཡིག་མཆོག་འཛིན་གྱི་བསམ་ བློའི་དཔུང་ཁག་ལའང་ཤུགས་རྐྱེན་ངེས་ཅན་ཞིག་སློང་ཐུབ་བོ། འདི་ནི་ཞོར་འཕྲོས་ཙམ་སྟེ། མདོ་དོན། སྤྱི་ཚོགས་གང་དང་གང་ཡིན་རུང་ཤེས་ལྡན་མི་སྣ་ནི་ནམ་ཡང་རླབས་ཆེན་མི་སྣ་རུ་ བགྲང་ཆོག་པས་དེ་ལ་གུས་བརྩི་དགའ་ཞེན་དང་མཐོང་ཆེན་ཡིད་སྨོན་བྱེད་པ་ནི་སྤྱི་ ཚོགས་རང་གིས་རང་གི་ཁ་ཕྱོགས་ལེགས་ལམ་དུ་འགྲོ་བར་གཞོགས་འདེགས་བྱས་པ་རེད་ཅེས་ གླེང་ཀྱང་མི་ཆོག་པ་མེད་པ་འདྲ། རྒྱ་ནག་གི་རྩོམ་པ་བོ་གྲགས་ཅན་ཡུས་ཏ་ཧྥུ་(༡༨༩༥-༡༩༤༥)ཞེས་པས་ཀྱང༌། ”རླབས་ ཆེན་མི་སྣ་བྱུང་མ་མྱོང་བའི་མི་རིགས་ནི་འཛམ་གླིང་སྟེང་ཆེས་སྙིང་རྗེ་བའི་ སྐྱེ་འགྲོའི་ཚོགས་ཤིག་རེད་ལ། རླབས་ཆེན་མི་སྣ་བྱུང་ཡང་དེར་བརྩི་བཀུར་དང་དགའ་ཞེན། ཡིད་སྨོན་བཅས་མི་བྱེད་པའི་རྒྱལ་ཁབ་ནི་རེ་བ་མེད་པའི་བྲན་གཡོག་གི་རྒྱལ་ཁབ་ ཅིག་རེད།”ཅེས་ཁ་ ཚོན་བཅད་དེ་སྨྲ་བའི་གནད་ཡོད་ཀྱི་སྐད་ཆ་འདི་ལའང་ང་ཚོས་དཔྱད་གཞིགས་བྱེད་དགོས་ པར་སྣང༌། ང་ཚོས་གོང་བརྗོད་ཀྱི་ཤེས་ལྡན་མི་སྣ་ལ་མཐོང་ཆེན་བདག་གཅེས་བྱས་ཏེ་ཤེས་ཡོན་ པའི་དཔུང་ཁག་སྲ་ཐག་ཐག་ཅིག་སྐྱེད་བསྲིངས་བྱེད་ཐུབ་ཚེ་ད་གཟོད་སྐད་ཡིག་རིག་ གནས་རྒྱུན་འཛིན་གྱི་རྨང་གཞི་ཞིག་ངང་གིས་འགྲུབ་བོ།།
༢ ཡིག་བསྒྱུར་སྡེ་ཚན་གྱི་ལྟེ་གནས་རྩ་འཛུགས་བྱས་ཏེ་སྐད་ཡིག་རིག་གནས་དར་སྤེལ་གཏོང་དགོས།
ང་ཚོས་སྐད་ཡིག་དར་ སྤེལ་གཏོང་དགོས་ཞེས་གླེང་འོང་དུས་བོད་རང་གི་སྐད་ཡིག་ཤེས་བྱའི་ཁྱབ་ཁོངས་སུ་ གཏོགས་པའི་རིག་གནས་ཆེ་ཆུང་བཅུ་བོ་ཁོ་ནར་གོ་ན་གཏན་ནས་མི་འགྲིག་སྟེ། རང་ཅག་གི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ྋཞི་བདེའི་སྟོན་པ་ཆེན་པོ་གང་གིས་ ཀྱང༌། ”བོད་ཡིག་ ཡར་རྒྱས་གཏོང་དགོས་ཞེས་པ་དེ་སྙན་ངག་སུམ་རྟགས་མང་ཙམ་བསླབ་རྒྱུུ་དེ་གཅིག་བུར་ གོ་ན་འགྲིག་གི་མི་འདུག གང་ལྟར་འཛམ་གླིང་གི་ཤེས་བྱའི་སྡེ་ཚན་གཞན་དག་དེ་ཚོ་ཚང་མ་བོད་སྐད་ནང་ལ་ བསྒྱུར་དགོས།”ཞེས་ པའང་སྐད་ཡིག་ཡར་རྒྱས་སམ་དར་སྤེལ་གཏོང་བ་ལ་གཞན་གྱི་ཤེས་བྱ་ཚུར་ལེན་བྱེད་པར་ གཙོ་ཆེར་དགོངས་ཏེ་གསུངས་པ་མ་ཡིན་ནམ། སྤྱིར་མི་རིགས་རང་གི་ཐུན་མིན་གྱི་ཁྱད་ཆོས་སུ་གྲུབ་པའི་སྲོལ་རྒྱུན་རིག་གནས་ དག་ཀྱང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་ནི་ཧ་ཅང་གལ་མི་ཆུང་བའི་ གནད་དུ་འཁུམས་པ་སྨོས་མ་དགོས་མོད། འོན་ཀྱང༌། ”དེང་ དུས་མི་ཡི་སྤྱི་ཚོགས་ནི་དུས་སྐད་ཅིག་ཀྱང་རང་བབས་སུ་མི་གནས་པར་གོང་འཕེལ་དུ་ འགྱུར་གྱིན་ཡོད་པས། འཇིག་རྟེན་གྱི་འཚོ་བའི་གནས་ཚུལ། ཚན་རིག་ལག་རྩལ། ཤེས་བྱའི་རིག་གནས་ཀྱི་སྐོར་ཐམས་ཅད་ཉིན་རེ་ཉིན་རེར་མི་གཅིག་པའི་རྣམ་པ་གཞན་ལ་ འགྱུར་གྱིན་ཡོད་”པའི་ གནད་ལ་བསམ་གཞིགས་ཆེས་ཆེར་བྱས་ཏེ་དེང་དུས་འཛམ་གླིང་གི་རྣམ་གྲངས་མང་བའི་ཤེས་ བྱ་གསར་བའི་རིགས་ཇི་ཡོད་ནང་འདྲེན་ཚུར་ལེན་བྱེད་དགོས་ལ། དེ་ལྟར་བྱེད་པ་ལ་ངེས་པར་ཁ་ཡོད་ལག་ཡོད་དུ་མཁོ་བའི་ཡིག་བསྒྱུར་སྡེ་ཚན་གྱི་ ལྟེ་བ་ཞིག་རྩ་འཛུགས་བྱེད་རྒྱུ་ཧ་ཅང་དགོས་ངེས་སུ་འཁུམས། ཞིང་གཤེགས་མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གིས་ཀྱང༌། ”དེང་ དུས་ཀྱི་རིག་གནས། ཚན་རིག་ལག་རྩལ། ཐ་ན་འཕྲུལ་འཁོར་སྣ་ཚོགས་བཟོ་བཅོས་བྱེད་པའི་དཔེ་ཆ་ཚུན་ཆད་བོད་ཡིག་ཏུ་བསྒྱུར་ ནས་རང་མི་རིགས་ཀྱི་རིག་གནས་དང༌། དཔལ་འབྱོར་རྒྱས་པ་ལ་ནུས་པ་བཏོན་ན་ད་གཟོད་སྔོན་གྱི་མཁས་པ་རྣམས་ལ་འགྲན་པ་དང་ འཕྱས་གདགས་བྱ་བའི་མ་རྩ་ཡོད་སོང་བ་རེད།”ཅེས་ གསུངས་པ་ལྟར། ང་ཚོས་དུས་རབས་ཀྱི་འགྱུར་འགྲོས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་ བསྟུན་ཏེ་ཡོད་པར་ཁ་སྣོན་དང་མེད་པར་ཁ་བསབ་བྱ་རྒྱུ་ནི་ཆེས་གཡོལ་དུ་མི་རུང་ལ། དེ་ལྟར་མ་བྱས་པར་ད་དུང་རང་གི་སྲོལ་རྒྱུན་རིག་གནས་ཁོ་ན་ཨ་འཐས་སུ་བཟུང་སྟེ་ མུ་མཐུད་འདི་ལྟར་བསྡད་ན་ང་ཚོ་ནམ་ཡང་དུས་རབས་དང་སྤྱི་ཚོགས་ཀྱི་རྗེས་ལུས་ཡིན་ པ་ལས་སྔོན་ཐོན་དུ་འགྱུར་བའི་རེ་བ་ནམ་ཡང་མེད་པར་འདོད། ཚུལ་འདི་ལ་དགོངས་ཏེ་མཁས་དབང་དོར་ཞི་རིན་པོ་ཆེས། ”སྤྱི་ ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་བསྟུན་ནས་སྔར་ཡོད་ཆད་བསབ་ཁ་སྐོང་དང་སྔར་ མེད་ཚུར་ལེན་ཁ་སྣོན་བྱེད་པའི་ཐབས་ལ་མ་འབད་ན། མོ་ཊ་དང་ལྕགས་བྱ་འུར་གྱིས་སོང་ཤུལ་དུ་རྟ་རྒན་བོང་ཆད་ཞོན་ནས་གཞུག་ཨེ་ཆོད་ལྟ་ བ་ལྟ་བུ་རེད་”ཅེས་ མི་རིགས་རྗེས་ལུས་ལ་ཐུགས་འཚབ་གནང་སྟེ་གསུངས་པའི་དཔེ་དོན་ཅན་གྱི་གསུང་ཚིག་ འདི་ལའང་ང་ཚོས་ནམ་ཡང་སྣང་འཇོག་བྱེད་མི་རུང་ངོ༌། ང་ཚོས་དེ་ལྟར་ཡིག་བསྒྱུར་སྡེ་ཚན་རྩ་འཛུགས་བྱེད་པའི་བརྒྱུད་རིམ་ནས་དེང་དུས་ ཀྱི་ཤེས་བྱ་གསར་བའི་རིགས་ཇི་སྙེད་ཅིག་ནང་འདྲེན་བྱེད་ཐུབ་ཚེ་ད་གཟོད་ང་ཚོའི་ སྐད་ཡིག་རིག་གནས་ཀྱང་སྔར་ཡོད་ཕུན་ཚོགས་ཇེ་ཕྱུག་ཏུ་འགྲོ་ཐུབ་ལ། ྋགོང་ས་མཆོག་གིས་ཀྱང༌། ”འཛམ་ གླིང་གི་ཤེས་ཡོན་རྣམས་བོད་སྐད་བརྒྱུད་ནས་བསླབ་ཐུབ་པ་ཞིག བོད་སྐད་བརྒྱུད་ནས་ཤེས་ཐུབ་པ་ཞིག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་འདུག དེ་བྱུང་ན་བོད་ཡིག་ཡར་རྒྱས་འགྲོ་རྒྱུ་དང་བོད་ཡིག་ཕྱུག་པོ་ཆགས་ཡོང་གི་རེད་”ཅེས་ གསུངས་པའི་ཁོང་གི་དྲི་མ་མེད་པའི་ཐུགས་དགོངས་ཀྱི་གནད་དང་ཡང་ཆེས་མཐུན་ནོ། ཡང་གཅིག་བཤད་ན། ང་ཚོས་མགྲིན་གཅིག་དབྱངས་གཅིག་གིས་ད་ལྟའི་སྤྱི་ཚོགས་ནི་བརྡ་འཕྲིན་སྤྱི་ཚོགས་ སུ་འབོད་ཀྱིན་ཡོད་མོད། བརྡ་འཕྲིན་བསྡུ་གཏོང་བྱེད་པའི་ལག་ཆ་གཙོ་བོ་ནི་གློག་རྡུལ་རྩིས་འཁོར་ཡིན་པས། ང་ཚོས་གློག་རྡུལ་རྩིས་འཁོར་ལ་བརྟེན་ནས་ལས་ཀ་གང་ཞིག་བྱེད་དགོས་ཚེ་ད་དུང་ དབྱིན་ཡིག་གི་རྨང་གཞི་ཞིག་ལ་མ་བརྟེན་ཐབས་མེད་ཡིན་པ་འདིའང་ང་ཚོས་གློག་རྡུལ་ རྩིས་འཁོར་གྱི་ཤེས་བྱའི་རིགས་ནང་འདྲེན་བྱེད་མ་ཐུབ་པའི་བྱས་ཉེས་ཁོ་ནར་ཟད། དེ་བས་འདིའི་ཕྱོགས་ལའང་རང་གཞུང་གིས་ནུས་པ་ཇི་ཡོད་བཏོན་ཏེ་སྐད་ཡིག་གཞན་ལ་ བརྟེན་མི་དགོས་པར་བོད་ཡིག་ཤེས་པའི་བོད་མི་ཞིག་ཡིན་ཕྱིན་ཐད་ཀར་བོད་ཡིག་རང་ སྟེང་ནས་བཀོལ་སྤྱོད་ཐུབ་ཐབས་སུ་འབད་བརྩོན་ལག་ལེན་བྱ་རྒྱུ་ནི་སང་ཉིན་ལས་ཀྱང་ དེ་རིང་གལ་ཆེ་བར་མཐོང་ངོ༌། དེ་ལྟར་ཐུབ་ཚེ་ང་ཚོས་རྒྱལ་ཁབ་ཕྱི་ནང་ཀུན་དུ་chat ཆ་འཕྲིན་དང་མྱུར་འཕྲིན་E-mail སོགས་ཀྱང་བོད་ཡིག་རང་སྟེང་ནས་གཏོང་ཐུབ་པས། དེས་སྐད་ཡིག་བཀོལ་སྤྱོད་ཀྱི་ནུས་པའང་རྒྱ་ཆེར་སྤེལ་ཐུབ་བོ། ང་ཚོས་ཕྱིའི་རིག་གནས་ནང་འདྲེན་ལ་བརྟེན་ནས་སྐད་ཡིག་བཀོལ་སྤྱོད་ཀྱི་ནུས་པ་ རྒྱ་ཆེར་སྤེལ་ཐུབ་པ་ནི་དུས་དེར་སྐད་ཡིག་རིག་གནས་དར་སྤེལ་བཏང་བའི་གྲུབ་འབྲས་ རྨ་མེད་པ་ཞིག་ཏུ་བགྲང་ཆོག་གོ།
༣ སློབ་གསོའི་བྱེད་ཐབས་ལ་བརྟེན་ནས་སྐད་ཡིག་སྲུང་སྐྱོབ་ཀྱི་ནུས་པ་མཐོ་རུ་འདེགས་དགོས།
སློབ་གསོ་ནི་མིའི་བསམ་ བློའི་གནས་བབ་ལ་སྒུལ་ལྕོག་གཏོང་བར་ཅིས་ཀྱང་བརྒྱུད་དགོས་པའི་ཐབས་ལམ་ཡང་དག་ ཅིག་དང༌། མིའི་ནོར་འཁྲུལ་ཅན་གྱི་བསམ་བློའི་ཀུན་སྤྱོད་དང་ཁ་ཕྱོགས་སོགས་ལེགས་བཅོས་ བྱེད་པ་ལ་ངེས་པར་མཁོ་བའི་སྨན་མཆོག་ནུས་པ་ཅན་ཞིག་ཏུ་ངོས་འཛིན་པ་ཡིན། དེ་བས་མིའི་འཚོ་སྡོད་ཀྱི་སྤྱི་ཚོགས་སྟེང་རང་ཉིད་མི་བུ་རྣལ་མ་ཞིག་བྱེད་འདོད་ ཚེ་ཅིས་ཀྱང་སློབ་གསོའི་བྱེད་ཐབས་ལ་བརྟེན་དགོས། སློབ་གསོ་ཞེས་པ་ནི་སྤྱི་ཙམ་སྟེ་དེ་ལ་ལྡོག་ཆས་ཕྱེ་ན་དབྱེ་བ་རྣམ་གྲངས་ཤིན་ཏུ་ མང་མོད། ངས་འདིར་སྐབས་བབ་ཀྱི་བརྗོད་གཞིའི་དགོས་མཁོར་དམིགས་ཏེ་སློབ་གྲྭའི་སློབ་གསོ་ དང༌། ཕ་མའི་སློབ་གསོ། སྤྱི་ཚོགས་སློབ་གསོ་གསུམ་ཟུར་དུ་བཏོན་ཏེ་རང་བློར་འཆར་ཚུལ་ཞིག་རེ་རེ་ནས་ གླེང་བར་བྱ།
༡ སློབ་གྲྭའི་སློབ་གསོ།
མིའི་སྤྱི་ཚོགས་སྟེང་ གི་ཤེས་ལྡན་པ་ཕལ་ཆེ་བ་ཞིག་སློབ་གྲྭའི་སློབ་གསོ་ལ་བརྟེན་ནས་ད་གཟོད་རང་གི་ ཤེས་རིག་ལ་མངའ་བརྙེས་པ་ཡིན་ལ། སློབ་གསོ་གང་ལའང་མ་བརྟེན་པའི་ཤེས་ཡོན་པ་ཞིག་ཕལ་ཆེར་མེད་པར་སྙམ། འདིར་སློབ་གྲྭའི་སློབ་གསོ་ཞེས་པའང་མཐར་གཏུགས་ན་དགེ་རྒན་གྱི་སློབ་གསོ་ལ་བཤད་ པ་ཡིན། འོ་ན་སློབ་གྲྭའི་སློབ་གསོ་ལ་བརྟེན་ནས་སྐད་ཡིག་སྲུང་སྐྱོབ་ཀྱི་ནུས་པ་ཇི་ལྟར་ མཐོ་རུ་འདེགས་དགོས་ཞེ་ན། དགེ་རྒན་ཚོས་རང་གི་སློབ་ཕྲུག་ཚོར་ཉིན་རེའི་སློབ་ཚན་གྱི་ནང་དོན་ཁོ་ན་ཁྲིད་ དེ་དེས་ཆོག་ཤེས་ཀྱིས་ཉི་མ་གཏོང་ཐབས་མི་བྱེད་པར་སློབ་ཕྲུག་ཚོར་སྐད་ཡིག་གི་ དགེ་མཚན་དང་འབྲེལ་བའི་སྒོ་ནས་སྐད་ཡིག་སྦྱོང་བའི་དགོས་མཁོ་སོགས་གཅིག་གཅིག་ གཉིས་གཉིས་ཀྱིས་འགྲེལ་བཤད་གོ་བདེ་རེ་བསྐྱོན་ཏེ་ཁོ་ཚོར་བསམ་བློའི་ངེས་ཟིན་ ཟབ་མོ་ཞིག་ཐོབ་ཐབས་སུ་དངོས་ཤུགས་ཅི་རིགས་ནས་ཤ་ཐང་འབད་བརྩོན་བྱེད་དགོས་ལ། ད་དུང༌། ཉིན་རེའི་སློབ་མ་ཚོའི་ལས་བྱར་ནན་ལྟ་བྱས་རྗེས་ལས་བྱ་རེ་རེའི་མཇུག་ཏུ་སྐྱོན་ ཡོན་གསལ་འགོད་དང༌། སློབ་ཁྲིད་ཀྱི་སྐབས་སུ་ལེགས་ཉེས་གསེད་དགྲོལ་བྱེད་པ་སོགས་ཐབས་ལམ་ཅི་རིགས་ནས་ སློབ་མའི་བློ་ཁ་སྐད་ཡིག་རིག་གནས་ལ་ཕྱོགས་པར་དངོས་བརྩོན་ལག་ལེན་བྱ་རྒྱུར་ནམ་ ཡང་ཕྱི་བཤོལ་བྱེད་མི་རུང༌། ཡང་གཅིག་བཤད་ན། རྒྱལ་བའི་བཀའ་སློབ་ནི་ད་ལྟའི་བོད་ཀྱི་སློབ་གསོ་སྤྱིའི་རྩ་བའི་གཞི་རྟེན་ལྟ་ བུར་ཆགས་ཡོད་པས་དེའི་ཁྲོད་ནས་སྐད་ཡིག་སློབ་སྦྱོང་སྐོར་གྱི་གལ་ཆེའི་བཀའ་ སློབ་དུམ་ཚན་རེ་ཟུར་དུ་བཏོན་ཏེ་ཁོ་ཚོའི་ལག་ཏུ་བཀྲམས་པའམ་ཡང་ན་ནམ་རྒྱུན་ མཐོང་བའི་སློབ་ཁང་གི་རྩིག་གྱང་གཡས་གཡོན་དུ་སྦྱར་ཏེ་དེ་ལ་ངེས་པར་བལྟ་ཀློག་ དགོས་པའི་རེ་བ་ནན་བསྐུལ་བྱེད་པ་སོགས་མི་རིགས་ཀྱི་ལྟ་བ་མཐོར་འདེགས་ཀྱི་སློབ་ གསོ་གང་ལེགས་གཏོང་དགོས། གཞན་སློབ་གྲྭ་གང་དང་གང་ཡིན་རུང་གཟའ་འཁོར་རེའི་ནང་དུ་དུས་ཚོད་ངེས་ཅན་ཞིག་ གཏན་འཁེལ་བྱས་ཏེ་སློབ་གྲྭའི་སློབ་སྤྱིའམ་འབྲེལ་ཡོད་འགན་འཛིན་ཚོས་སྐད་ཡིག་ དང་མི་རིགས་བརྗོད་གཞིའི་གནད་དུ་བཟུང་སྟེ་དེའི་སྟེང་ནས་བླང་དོར་བྱེད་སྒོའི་ བཀའ་སློབ་རབ་དང་རིམ་པ་སྤེལ་ཏེ་སློབ་ཕྲུག་སྤྱིའི་བསམ་བློའི་འཁྱེར་སོ་དང་ལྟ་ བའི་ལངས་ཕྱོགས་སོགས་མི་རིགས་རང་ཉིད་ཀྱི་ཕྱོགས་སུ་འཛིན་དགོས་པར་སྐུལ་འདེད་ ཡང་ཡང་བྱེད་དགོས་ལ། དེ་ལྟ་བུའི་སློབ་གསོའི་བྱེད་སྒོ་འདྲ་མིན་སློབ་གྲྭའི་ཁོར་ཡུག་ཀུན་ཏུ་རྒྱུན་ བསྐྱངས་ཐུབ་ཚེ་ད་གཟོད་ང་ཚོས་སྐད་ཡིག་སྲུང་སྐྱོབ་ཀྱི་ནུས་པ་མཐོ་རུ་འདེགས་ དགོས་པར་གླེང་བའི་ཐོག་མའི་རེ་བའང་འགྲུབ་སླའོ།།
༢ ཕ་མའི་སློབ་གསོ།
ཁྱིམ་ཚང་ཞིག་ལ་མཚོན་ན་ ཕ་མ་གཉིས་ནི་ཁྱིམ་ཚང་གི་གྲུབ་ཆ་གཙོ་བོ་དེ་ཡིན་པས་ཕ་མ་ཚོ་ཁྱིམ་ཚང་རང་རང་གི་ སྤྱི་ཁྱབ་འགན་འཛིན་ལྟ་བུ་ཡིན། ང་ཚོས་ཁྱིམ་ཚང་དེ་དང་དེའི་བུ་ཕྲུག་གི་ལྟ་སྤྱོད་གོམས་གཤིས་བཟང་མི་བཟང་དེ་ཕ་ མ་ཚོར་རག་ལས་ཡོད་ཅེས་བཤད་ན་ཅུང་ཟད་མི་འོས་པ་འདྲ་མོད། བུ་ཕྲུག་མང་ཆེ་བ་སོ་སོའི་ཕ་མའི་སློབ་གསོ་ལ་བརྟེན་ནས་འཚར་ལོངས་བྱུང་བ་ཡིན་ ཕྱིར། བུ་ཕྲུག་དེའི་བསམ་བློའི་ལྟ་སྤྱོད་དང་འགྲོ་འདུག་ཉལ་གསུམ་སོགས་ཀྱང་ཕ་མའི་ སློབ་གསོ་ལ་མ་འབྲེལ་བ་ཞིག་གཏན་ནས་མིན། དེ་བས་ཕ་མ་ཚོས་གཙོ་ཆེར་མི་རིགས་རང་ལུགས་ཀྱི་ལྟ་བ་གཙིགས་སུ་བཟུང་སྟེ་རང་གི་ བུ་ཕྲུག་ཚོར་ཡིག་རྨོངས་སེལ་ཐབས་སུ་ཆུང་དུས་ནས་བོད་ཡིག་གི་སློབ་གྲྭར་གཏོང་བ་ དང༌། བོད་སྐད་རྣམ་དག་དང་བོད་ཡིག་གཙང་མ་ཞིག་རྒྱུད་ལ་འཇགས་ཐབས་སུ་ནམ་རྒྱུན་ནང་ནས་ གོ་སྐོན་སློབ་གསོ་ཡང་ཡང་བཏང་སྟེ་ལམ་ཁ་ཡང་དག་ཅིག་ཏུ་འཇུག་རྒྱུ་ནི་ཕ་མ་ཞིག་ལ་ མཚོན་ན་གཡོལ་མེད་ཀྱི་གལ་ཆེའི་འགན་འཁྲི་ཞིག་ཏུ་ལྷག གལ་ཏེ་ཁྱོད་ཀྱིས་རང་གི་བུ་ཕྲུག་ལ་དང་དོད་དང་སེམས་ཁུར་དེ་ཙམ་མ་བྱས་ན་ཕྲུ་གུ་ དེའང་མི་ཡང་དག་པ་ཞིག་ཏུ་འགྱུར་དཀའ་འོ། མདོ་དོན། ྋགོང་ས་མཆོག་གིས། ”ཕ་ མ་ཚོས་རང་གི་ཕྲུ་གུར་སྣང་མེད་དང་ཁྱད་གསོད་བྱས་ཏེ་སེམས་ཁུར་མ་བླངས་པ་ཡིན་ན། ཕྲུ་གུའི་ཀླད་པའི་ནང་སྐྱོན་ཆེན་པོ་ཞིག་ཡོང་གི་རེད་སྙམ་གྱི་འདུག དེ་གལ་ཆེན་པོ་རེད།”ཞེས་ གསུངས་པའི་བཀའ་སློབ་འདི་དག་གཙིགས་སུ་བཟུང་སྟེ་རང་གི་བུ་ཕྲུག་གི་འགྲོ་འདུག་ སྤྱོད་གསུམ་ལ་དོ་སྣང་ཆེར་བསྐྱེད་ཀྱིས་རང་གི་བུ་ཕྲུག་རང་གི་སྐད་ཡིག་རྒྱུན་ འཛིན་མཁན་གྱི་བོད་མི་རྣལ་མ་ཞིག་ཏུ་སྐྱེད་བསྲིངས་བྱེད་རྒྱུ་ནི་རང་ཉིད་ཀྱི་ ཁུར་དུ་བབ་པའི་འགན་འཁྲི་ཡང་དག་ཅིག་ཡིན་ལ། ཞོར་དུ་མི་རིགས་རང་གི་སྐད་ཡིག་སྲུང་སྐྱོབ་ལ་གཞོགས་འདེགས་ཐུབ་པའི་བྱེད་ཐབས་ ནུས་པ་ཅན་ཞིག་ཀྱང་ཡིན་ནོ།
༣ སྤྱི་ཚོགས་སློབ་གསོ།
སྤྱི་ཚོགས་ཀྱི་ནང་བསམ་ བློའི་དཔལ་ཡོན་ཡར་རྒྱས་བཏང་སྟེ་ནོར་འཁྲུལ་ཅན་གྱི་ལྟ་སྤྱོད་གཤིས་གསུམ་བཅོས་ བསྒྱུར་བྱེད་པ་སོགས་མིའི་སྤྱི་ཚོགས་ཀྱི་ཁ་ཕྱོགས་ལེགས་ལམ་དུ་བསྒྱུར་ཏེ་མི་ རིགས་རང་ལུགས་ཀྱི་ལྟ་བ་གོང་མཐོར་འདེགས་དགོས་པ་ནི་འདིར་གླེང་བཞིན་པའི་སྤྱི་ ཚོགས་སློབ་གསོའི་རྩ་བའི་གནད་དུ་འཛིན་དགོས། འུ་ཚོའི་སྤྱི་ཚོགས་ལ་མི་རིགས་རིང་ལུགས་ཀྱི་ལྟ་བ་ཞན་ཅིང་བསམ་བློའི་བཀག་རྒྱ་ མ་གྲོལ་བའི་ངན་རྟགས་སྐྱུག་བྲོ་བ་རེ་ཡོད་པ་སོགས་ཀྱང་འུ་ཚོས་སྤྱི་ཚོགས་སློབ་ གསོ་སྤེལ་བའི་བྱེད་ནུས་ཀྱིས་མ་འདང་བ་ལོས་ཡིན་སྙམ། དེས་ན་ང་ཚོས་སྤྱི་ཚོགས་སློབ་གསོའི་བྱེད་སྒོ་འདྲ་མིན་སྤེལ་ཏེ་སྐད་ཡིག་སྲུང་ སྐྱོབ་ཀྱིས་མཚོན་པའི་སྤྱི་ཚོགས་ཀྱི་མིའི་བསམ་བློའི་གོ་རྟོགས་ཕྱོགས་ཡོངས་ནས་ རྒྱ་ཆེར་སྤེལ་ཏེ་རིག་གཞུང་རྒྱུན་འཛིན་གྱི་རྨང་གཞི་བརྟན་པོ་ཞིག་འདིང་ཐབས་སུ་ ཅིས་ཀྱང་དངོས་ཤུགས་ཅི་རིགས་ནས་རེམས་དགོས་པ་མ་ཡིན་ནམ། དེ་ལྟར་བྱེད་པ་ལའང་ང་ཚོར་དཔལ་འབྱོར་གྱི་རྒྱབ་རྟེན་མཐུག་པོ་ཞིག་མེད་ན་དོན་ ཐོག་ཇི་བཞིན་དུ་འཁྱོངས་དཀའ་བས་འདིའི་ཕྱོགས་སུ་གཞུང་སྒེར་གཉིས་ནས་ཕྱར་གྲུ་ མཉམ་འདེགས་བྱ་རྒྱུར་ཤིན་ཏུ་འོས། སྤྱིར་ང་ཚོ་དཔལ་འབྱོར་གྱིས་གཞི་ནས་ཕོངས་འདུག་པའི་སྤྲང་བོ་རྐྱང་རྐྱང་མ་ཡིན་ མོད། འོན་ཀྱང༌། སྤྱི་ཚོགས་སློབ་གསོ་དང་འབྲེལ་བའི་བྱ་འགུལ་ཅི་ཞིག་སྤེལ་ཚེ་དེ་ལ་རྒྱབ་སྐྱོར་ རམ་གཏོང་ཕོད་ཀྱི་ཕྱག་ཟུང་ཡངས་པོར་ཕྱེ་མཁན་ཞིག་གཏན་ནས་མེད་པའང་བྱ་འགུལ་དེའི་ རྒྱབ་ལྗོངས་རིན་ཐང་ངམ་འབྱུང་འགྱུར་དགེ་མཚན་སོགས་གཞི་ནས་མ་རྟོགས་པས་ལན་པ་ འདྲ། སྐབས་འདིར་ངས་འུ་ཚོའི་བཙན་བྱོལ་གཞུང་གི་ཚོགས་སྡེ་བྱེ་བྲག་པ་ཞིག་གི་འགན་ འཛིན་ག་གེ་མོས། ”ལས་ ཀ་ཞིག་བྱས་ཡོང་དུས་ཕྱར་གྲུ་མཉམ་འདེགས་མ་ཐོབ་པའི་དཀའ་ངལ་ཞིག་འཕྲད་ཡོང་གི་ འདུག་ལ། འབྲེལ་ཡོད་ཚོས་ལས་དོན་དེའི་རིན་ཐང་ཡག་པོ་ཞིག་མ་ཤེས་པ་ཡིན་དུས་རྒྱབ་སྐྱོར་ ཡང་ཐོབ་ཀྱིན་མི་འདུག”ཞེས་ སྡུག་སྐད་ཤོར་བ་ལའང་ངོ་མ་ཁག་མི་འདུག་སྙམ། ཉེ་བའི་ཡར་སྔོན་བོད་ནས་འབྱོར་བའི་འུ་ཚོའི་ཤེས་ལྡན་སེམས་ཤུགས་ཅན་རེ་ཟུང་གིས་ ཀྱང་སྤྱི་དོན་རང་ཕྲག་ལ་བཀལ་ཏེ་སྐད་ཡིག་སྲུང་སྐྱོབ་དང་སྤྱི་ཚོགས་སློབ་གསོའི་ དགོས་མཁོར་གཞིགས་པའི་དུས་དེབ་དང་ཚགས་པར་མི་ཉུང་བ་རེ་འགྲེམས་སྤེལ་བྱ་བའི་ དབུ་བསླངས་མོད། ལག་པ་བསྲིངས་འདོད་ཀྱི་ཕུ་རུང་ཐུང་ཞེས་པའི་དཔེ་ལྟར་ཁོ་ཚོར་རྒྱབ་སྐྱོར་རམ་ དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་བའི་བསམ་ཤེས་འབྱོར་ལྡན་པ་ཞིག་ལག་སོན་མ་ བྱུང་བས་ད་ལྟ་ཡོད་ཚད་འཆི་ལམ་དུ་འགག་ཟིན་པ་རེད། སྤྱིར་འུ་ཚོའི་མི་རིགས་སྤྱི་ཡོངས་ལ་སྨན་པའི་སྐད་ཡིག་སྲུང་སྐྱོབ་ཀྱི་འགན་བབ་ ནི་སྐྱ་སེར་རིས་མེད་ཀྱི་ཁུར་དུ་འཁྲི་ནའང་འུ་ཚོའི་གདན་ས་ཁག་གི་བླ་སྤྲུལ་དགེ་ བཤེས་ཚོས་སྐད་ཡིག་མི་མཁོ་ནང་ཆོས་མཁོ་བར་སྨྲ་སྟེ་དང་དོད་ཐུགས་སྣང་དེ་ཙམ་གནང་ གི་མི་འདུག་པས། མཚམས་འདིར་ངས་དེའི་རིགས་ཀྱི་བླ་སྤྲུལ་དགེ་བཤེས་ཚོར་ཆེད་དུ་དམིགས་ཏེ། ཁྱོད་ཚོས་ཕྱི་རྒྱལ་ཡུལ་གྲུ་མང་བོར་ཞབས་ཀྱིས་བཅགས་ཏེ་ནང་བའི་ཆོས་ཚོགས་འདྲ་ མིན་བསྐྱངས་ཤིང་ཆོས་ཀྱི་བྱེད་སྒོ་རྒྱ་ཆེར་སྤེལ་བའི་ཡོང་འབབ་བསྡུ་རུབ་ཀྱིས་ གདན་ས་གྲྭ་ཚང་ཁག་གི་ཁང་བརྩེགས་འགྲན་བསྡུར་གྱི་ལས་འཆར་དུ་གཏོང་བ་ལས་ཁ་ཡོད་ ལག་ཡོད་ཀྱི་སྤྱི་ཚོགས་སློབ་གསོའི་བྱེད་སྒོ་རྒྱ་ཆེ་བ་ཞིག་སྤེལ་ཐུབ་ན་ཕན་ རླབས་དེ་ལ་ཆེ་བར་མཐོང༌། ཞེས་བཤད་འདོད་བྱུང༌། མདོར་ན། དཔལ་འབྱོར་མ་གནས་ལ་ལག་ཐོགས་མི་དགོས་པའི་རང་རེའི་འབྱོར་ལྡན་མི་སྣ་སྐྱ་སེར་ སུ་ཡིན་རུང་མི་རིགས་སྤྱིའི་མདུན་ལམ་ལ་འགན་བབ་ཁུར་ལེན་གྱིས་སྐད་ཡིག་སྲུང་ སྐྱོབ་དང་སྤྱི་ཚོགས་སློབ་གསོའི་དགོས་མཁོ་ཁོ་ནར་དམིགས་ཏེ་སྤྱི་ཚོགས་ཀྱི་ མིའི་དགའ་ཁ་འཁྱེར་ཕྱོགས་དང་མཐུན་པའི་གྲགས་ཅན་གསར་འགྱུར་འདྲ་མིན་དང་ཡ་མཚར་ དངོས་བྱུང་ཅི་རིགས། གཞན་སྤྱི་ཚོགས་སྐུལ་འདེད་ལ་ནུས་ཤུགས་སྐྱེན་པའི་གྲགས་ཆེའི་རྩོམ་ཡིག་སོགས་ ཕྱོགས་བསྡུས་ཀྱིས་དཔར་སྐྲུན་འགྲེམས་སྤེལ་བྱས་ཏེ་རིན་མེད་བལྟ་ཀློག་བྱེད་དུ་ འཇུག་པ་སོགས་ཀྱིས་མཚོན་པའི་སྤྱི་ཚོགས་སློབ་གསོའི་བྱེད་སྒོ་ངོས་ཟུར་ཅི་རིགས་ ནས་འཐུས་ཚང་གནད་སྨིན་དུ་ལག་བསྟར་བྱ་རྒྱུ་ནི་གལ་མི་ཆུང་ངོ༌། དེ་ལྟར་ང་ཚོས་སྤྱི་ཚོགས་དང་སློབ་གསོ། དཔལ་འབྱོར་བཅས་ཁ་བསྡོངས་ཏེ་གོང་བརྗོད་སློབ་གསོའི་བྱེད་ཐབས་དག་ལག་ལེན་མཐའ་ འཁྱོལ་བྱས་ན་ད་གཟོད་ང་ཚོས་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་རིམ་ཁྲོད་དུ་གོ་གནས་ ངེས་ཅན་ཞིག་འཛིན་ཐུབ་ལ། མི་རིགས་འཚོ་གནས་ཀྱི་ཁོར་ཡུག་ཡངས་པོ་ཞིག་ཀྱང་བསྐྲུན་ཐུབ་པར་འདོད་དོ།།
གསུམ་པ། མི་རིགས་འཚོ་གནས་ཀྱི་ཉེན་ཁར་འབྲེལ་བའི་དོན་གནད་གཞན་ཞིག་ལས་བརྩམས་ཏེ་མཇུག་བསྡུ་བ།
གོང་དུ་ངས་མི་རིགས་ འཚོ་གནས་ཀྱི་གཞི་རྩའི་དགོས་མཁོར་འབྲེལ་བའི་སྐད་ཡིག་སྲུང་སྐྱོབ་སྐོར་ཧ་ཅང་ མང་བོ་མང་བོ་ཞིག་གླེང་ཟིན་མོད། མཚམས་འདིར་སླེབས་དུས་ཡང་བསྐྱར་ངའི་སེམས་ངོར་མི་རིགས་འཚོ་གནས་ཀྱི་ཉེན་ཁར་ འབྲེལ་བའི་དོན་གནད་ཅིག་འཇིགས་ཡེར་ཡེར་སླེབས་འོང་བས་ངས་འདིར་མཇུག་བསྡུའི་ གཏམ་གླེང་གི་ཚུལ་དུ་དེའི་སྐོར་རགས་ཙམ་གླེང་འདོད་བྱུང༌། ད་སྐབས་འུ་ཚོའི་སྤྱི་ཚོགས་སྟེང་ན་ན་གཞོན་ཀླད་སྟོང་མང་བོ་ཞིག་གིས་ཕ་མེས་ཡང་ མེས་ཀྱི་ཤ་རུས་དང་མི་རིགས་ཀྱི་འཚོ་གནས་སོགས་ལ་ཅི་མི་སྙམ་པར་མི་རིགས་གཞན་དང་ གཉེན་སྡེབ་བྱ་བའི་གོམས་གཤིས་དྲན་མི་བཟོད་པ་ཞིག་བསྒོས་དང་བསྒོ་བཞིན་ཡོད་པ་ འདི་འདི་ལྟར་བདག་མེད་ལངས་ཤོར་དུ་ཕྱིན་ཚེ་ནམ་ཞིག་འུ་ཚོའི་བོད་མི་རིགས་འཚོ་ གནས་ཀྱི་སྲོག་དབུགས་རྦད་དེ་ཆད་རྒྱུ་ཡིན་པ་གདོན་མི་ཟ། དེ་བས་རང་རིགས་གཞོན་སྐྱེས་ཕོ་མོ་ཚོས་སེམས་ཤེས་གང་ཡོད་སྒོས་རང་གི་ནུས་པས་མི་ རིགས་སྤྱི་ཡོངས་ལ་སྨན་པའི་རླབས་ཆེན་ལས་དོན་གྱི་བྱས་རྗེས་ཤིག་འཇོག་མ་ཐུབ་ ནའང་རིགས་རྒྱུད་གཙང་མ་ཞིག་སྤེལ་ཏེ་རང་གི་མི་རབས་རྗེས་མར་ངོ་གནོང་མི་དགོས་པ་ ཞིག་བྱེད་རྒྱུ་ནི་ཁྱོད་ལ་ཕ་མེས་ཀྱིས་བསྐུར་བའི་འགན་འཁྲི་བཟློག་ཏུ་མི་རུང་བ་ ཞིག་ཡིན་པ་བརྗེད་མི་ཉན། ྋགོང་ས་མཆོག་གིས་བོད་ཀྱི་བུད་མེད་ཚོ་ཁག་ཅིག་ལ་བསྩལ་བའི་བཀའ་སློབ་དུ། ”ཁྱེད་ ཚོ་བུད་མེད་རྣམས་ནས་རང་གི་མི་རིགས་རྒྱུད་གཙང་འཕེལ་ཐབས་ཀྱི་འགན་འཁུར་བྱེད་ དགོས་པ་ནི་གལ་གནད་ཆེན་པོ་ཡིན། བཟང་ཚང་འབྲེལ་ཟིན་པ་རྣམས་སྨོས་མེད། བཟའ་ཚང་མ་འབྲེལ་བའི་བུད་མེད་ཚོས་རང་རིགས་གཙང་མའི་བུ་རྒྱུད་འཕེལ་ཐབས་བྱེད་པ་ ལས། གང་བྱུང་འཆལ་སྤྱོད་བྱས་ན་མི་འགྲིག མ་བོད་པ་དང༌། ཕ་མི་རིགས་གཞན་དག་ཡིན་པའི་བུ་ཕྲུག་མང་བོ་འཕེལ་རྒྱས་བྱུང་ན་བོད་མི་རིགས་གཏན་ བརླག་ཏུ་འགྲོ་བའི་ཉེན་ཁ་ཡོད།”ཅེས་ གསུངས་པ་བཞིན་མི་རིགས་གཞན་དང་གཉེན་བསྡེབས་དང་གང་བྱུང་འཆལ་སྤྱོད་བྱས་ན་རང་ གི་མི་རིགས་རྩ་བརླག་ཏུ་འགྲོ་ངེས་པའི་གནས་ལུགས་འདི་ཅིས་ཀྱང་ཐོག་མར་རྟོགས་ དགོས། འུ་ཚོའི་མེས་པོ་རིམ་བྱོན་གྱི་ཕ་ས་སྟེ་བོད་གངས་ཅན་གྱི་ཡུལ་དུའང་ལོ་རབས་དགུ་ བཅུ་བ་ནས་བཟུང་རྒྱ་ནག་གིས་སྔ་ཕྱིར་མདོ་ཁམས་ཡོངས་ལ་འཆར་ལྡན་བུ་སྐྱེས་ཀྱི་ལས་ འགུལ་རབ་དང་རིམ་པ་ལག་བསྟར་བྱས་ཏེ་མི་རིགས་འཕེལ་རྒྱས་ལ་ཚད་བཀག་རང་བཞིན་གྱི་ གནོན་ཤུགས་སྤྲད་དེ་དོན་དངོས་བོད་མི་རིགས་རྩ་མེད་དུ་འགྲོ་བར་མངོན་ལྐོག་ཅི་ རིགས་ནས་ཐབས་ཇུས་སྣ་ཚོགས་འཐེན་བཞིན་ཡོད་པ་སྨོས་མེད་ཐོག འདིར་ཧི་མ་ལ་ཡའི་ཚུར་རོལ་ན་ཡོད་པའི་འུ་ཚོའི་བོད་མི་ཚོས་ཀྱང་མི་རིགས་གཞན་དང་ གཉེན་བསྡེབས་ཀྱི་ཆོ་ག་སྤེལ་ཏེ་འདི་ལྟར་དུས་ཡུན་ལོ་ངོ་ངེས་ཅན་ཞིག་ཕྱིན་ཚེ་ ནམ་ཞིག་ང་ཚོ་འདས་པའི་རྒྱ་ནག་མཎ་ཇུ་མི་རིགས་ཀྱི་རྗེས་སུ་མི་འགྲོ་བའི་ངེས་པ་ གཏན་ནས་མེད་དོ། འདིའི་ཐད་དུའང༌། ྋགོང་ས་མཆོག་གིས། ”རྒྱ་ ནག་ཁྱོན་ལ་མི་ལོ་བརྒྱ་ཕྲག་གསུམ་ཙམ་རིང་དབང་བསྒྱུར་བྱེད་ཐུབ་པའི་མི་འབོར་ དང༌། སྐད་ཡིག་ཤེས་རིག་སོགས་ཐ་དད་པའི་མཎ་ཇུའི་མི་རིགས་རྣམས་ལ་རྒྱ་ནག་ཧན་མི་རིགས་ ཚོས་རིམ་བཞིན་གཉེན་སྒྲིག་རྒྱ་ཆེར་བྱས་པ་ལ་བརྟེན་ནས་ད་ཆ་མཎ་ཇུའི་མི་རིགས་ རྣམས་རྒྱ་ནག་ཧན་མི་རིགས་ནང་བྱེ་མ་ཆུ་སིམ་ལྟ་བུར་གྱུར་པ་དང༌། དེ་བཞིན་དེང་སང་བོད་དུ་ཡང་རྒྱ་མི་གུང་ཁྲན་ནས་བོད་མི་ཚོ་རྒྱ་མི་དང་གཉེན་ སྒྲིག་རྒྱ་ཆེར་བྱེད་བཅུག་སྟེ་ནམ་ཞིག་བོད་མི་རིགས་རྩ་མེད་དུ་གཏོང་རྒྱུའི་ ཐབས་བྱུས་བྱེད་བཞིན་པའི་གནད་དོན་འདི་དག་རང་ཅག་བོད་མི་ཚོས་ནམ་ཡང་མ་བརྗེད་ སྙིང་བཅངས་ཐོག མི་རིགས་ཀྱི་གནད་དོན་ལ་བསམ་ཤེས་ཀྱིས་རང་རིགས་གཙང་མའི་བུ་རྒྱུད་སྤེལ་རྐྱང་ བྱེད་རྒྱུ་རྩ་དོན་གལ་ཆེར་འཛིན་དགོས། ”ཞེས་ མིག་སྔའི་ལོ་རྒྱུས་ཀྱིས་དཔེ་མཚོན་སྦྱར་ཏེ་གསུངས་པའི་བཀའ་སློབ་འདི་དག་རང་ རེའི་ན་གཞོན་ཕོ་མོ་ཚོས་དམིགས་བསལ་དོ་སྣང་ཆེར་བསྐྱེད་བྱས་ཏེ་རིགས་རྒྱུད་གཙང་ མ་སྤེལ་རྒྱུ་ནི་རང་ཉིད་བོད་མི་ཞིག་ཡིན་པའི་མི་ཚེའི་རྩ་དོན་གཙོ་བོར་འཛིན་ དགོས།
མཇུག་མཐར། སྦྲང་དཀར་རྩམ་པས་གསོས་ཏེ་ནར་སོན་པའི་གངས་ཅན་ཨ་མའི་བུ་ཞིག་ཡིན་ཕྱིན་མི་རིགས་ འཚོ་གནས་ལ་དོ་ཁུར་ལྷུར་ལེན་གྱིས་ད་ལྟའི་ཁ་རལ་སྣ་རལ་དུ་སོང་བའི་མེས་པོས་ཤུལ་ བཞག་གི་སྐད་ཡིག་རིག་གནས་ལ་གཙོ་ཆེར་དོ་སྣང་བདག་སྐྱོང་བྱ་རྒྱུ་ནི་ཁོ་བོས་ རྩོམ་ཡིག་འདི་འབྲི་དགོས་པའི་ཐོག་མའི་རེ་བ་དང་ཀུན་སློང་ཡིན།
ཟུར་ལྟའི་ལུང་ཁུངས།
༡ ཤར་དུང་རི། ༡༩༩༨ལོའི་དུས་དེབ། ཤོག་ངོས་༧༣
༢ མུན་འཇོམས་ནོར་བུའི་འཕྲེང་བ། ཤོག་ངོས་༢༧༤
༣ རིག་པའི་ཟེགས་མ། ༢༠༠༢ལོའི་དུས་དེབ། ཤོག་ངོས་༡༣༣
༤ གོང་མཚུངས། ཤོག་ངོས་༡༣༣
༥ ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ། ཤོག་ངོས་༡༠༠
༦ རིག་པའི་ཟེགས་མ། ཤོག་ངོས་༡༣༣
༧ ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཀའ་རྩོམ་གཅེས་སྒྲིག ཤོག་ངོས་༦༢-༦༤
༨ ཤེས་ཡོན་ལམ་སྟོན། ཤོག་ངོས་༡༦༡
༩ རིག་གཞུང་གསར་བའི་དཔེ་ཚོགས་ཀྱི་མཚམས་སྦྱོར་གཏམ། ཤོག་ངོས་༣
༡༠ གོང་མཚུངས།
༡༡ ༢༠༠༢ལོའི་མདུན་སྐྱོད་ཀྱི་གོམ་སྒྲ། ཤོག་ངོས་༢༢
༡༢ ཤེས་ཡོན་ལམ་སྟོན། ཤོག་ངོས་༥༠༠
༡༣ ༢༠༠༥ལོའི་སྦྲང་ཆར་དེབ་དང་བོ། ཤོག་ངོས་༡༢༦
༡༤ ཤེས་ཡོན་ལམ་སྟོན། ཤོག་ངོས་༥༠༠
༡༥ བོད་ཀྱི་དུས་བབ། ༢༠༠༥།༧།༢༠
༡༦ མི་ཚེའི་མདུན་ལམ། ཤོག་ངོས་༡༠༩
༡༧ གོང་མཚུངས། ཤོག་ངོས་༡༡༡
གསལ་བཤད།
རྩོམ་ཡིག་འདི་ནི་ཕྱི་ལོ་ ༢༠༠༥ལོར་སྣ་འཛོམས་ཤེས་ཡོན་ར་བས་སྤེལ་བའི་ཡོངས་ཁྱབ་རྩོམ་འགྲན་གྱི་བརྗོད་གཞི་ རིགས་ཤིག་གདམས་གསེས་ཀྱིས་སྐབས་དེའི་འགྲན་རྩོམ་དུ་འབྲི་ཁུལ་བྱས་པ་ཞིག་ཡིན་ མོད། འོན་ཀྱང་།ལོ་དེར་འགྲན་རྩོམ་གྱི་ཆ་ཤས་ལེན་མཁན་རེ་ཟུང་ལས་མ་བྱུང་སྟབས་འཆར་ཅན་ གྱི་ལས་གཞི་དེ་དུས་དེ་ནས་བཟུང་མཚམས་འཇོག་བྱས་ཟིན་སྟབས་ཁོ་བོའི་རྩོམ་ཡིག་ འདི་ཡང་ད་བར་ཐོག་མའི་དམིགས་ཡུལ་ལྟར་ཀློག་མཁན་ཚོའི་སྤྱན་སྔར་འབུལ་འགྲེམས་ བྱེད་མ་ཐུབ་པར་འདི་མུར་ལྷག་དགོས་བྱུང་།
ཁོ་བོར་ཐུན་མིན་གྱི་གཤིས་ ཀ་ཞིག་ཡོད་པ་ནི་རང་ཉིད་ཀྱིས་བརྗོད་འདོད་པ་ཅི་ཞིག་བྲིས་ནའང་ཉིན་ཐོ་དང་ལྷན་ དུ་ཉར་ཚགས་བྱ་རྒྱུར་འདོད་པ་གཏན་ནས་མེད་པར་ཅིས་ཀྱང་ཀློག་མཁན་ཚོའི་སྤྱན་སྔར་ འབུལ་འདོད་པས་རྩོམ་ཡིག་འདི་དེ་རིང་འདིར་ཆེད་དུ་ཁ་བརྡ་དྲ་དེབ་ཏུ་འགྲེམས་ འབུལ་བྱས་པ་ཡིན།
མི་རིགས་འཚོ་གནས་ཀྱི་གཞི་རྩའི་དགོས་མཁོ་གལ་ཆེ་ཤོས་དེ་ཁྱེད་རང་གིས་བྲིས་མི་འདུག དེ་ནི་ཁ་ལ་ཟ་རྒྱུ་ཞིག་དགོས་པ་དེ་རེད། དེ་ཡང་སྤྱིར་བཏང་གི་ཟ་རྒྱུ་ཙམ་ཞིག་གིས་མི་འགྲིགས་པར་ཁ་ནས་བོད་སྐད་ཅིག་བཤད་ནས་ཁ་ལ་ཟ་རྒྱུ་ཞིག་ཡོང་དགོས་པ་དང་། ལག་ནས་བོད་ཡིག་ཅིག་བྲིས་ན་ལག་པར་ལག་ཡོང་ཞིག་ཡོང་དགོས་པ་དེ་རེད།
མདོར་དེད་ན་ཁ་ཡི་སྐད་དེ་གྲོད་ཁོག་ལ་སྦྲེལ་དགོས་པ་དེ་རེད། བོད་མི་རིགས་ཀྱི་འཚོ་ཐབས་དེ་བོད་མི་རིགས་ཀྱི་སྐད་དང་ཡི་གེ་ལ་ཐུག་པ་ཞིག་བྱུང་ན་བོད་མ་དགོས་རྒྱ་མི་དང་མི་རིགས་གཞན་པ་ཚོས་ཀྱང་བོད་ཡིག་བསླབ་གི་རེད།
རྒྱ་གཞུང་གིས་བོད་མི་རིགས་ཀྱི་གྲོད་ཁོག་དེ་རྒྱ་ཡིག་ལ་སྦྲེལ་བར་བརྟེན་བོད་མི་རིགས་ཀྱི་ཟ་སྐལ་འཐུང་སྐལ་ཉུང་ཤས་ཤིག་ཡོད་པ་དེ་ཚོ་ཕལ་ཆེ་བ་རྒྱ་ཡིག་ཤོད་མཁན་ཏེ་རྒྱ་མི་ཚོས་དྲ་ཕད་རེའི་ནང་བླུགས་དེ་མངོན་སུམ་དུ་ཁྱེར་འགྲོ་གི་ཡོད་པ་ང་ཕ་ཡུལ་ལ་ཕྱིན་སྐབས་མཐོང་སོང་། དྲ་ཕད་ནང་བླུགས་ནས་གཞན་གྱི་མཐོང་བ་བྱས་ནས་ཁྱེར་འགྲོ་གི་འདུག ཐ་ན་བོད་མོ་སྨད་འཚོང་མ་ཚོའི་ཐོབ་སྐལ་ཡང་རྒྱ་མོ་ཚོས་སྒེག་ཉམས་དོད་པོའི་ངང་ཁྱེར་འགྲོ་གི་འདུག་ཀྱང་ཐབས་ཤེས་ཅི།
ཤིས་ཚང་གིས་བཤད་པ་ནི་དངོས་གནས་བདེན་པ་རེད། མི་རིགས་ཤིག་འཇིག་རྟེན་འདིར་གནས་ཐུབ་མིན་
གཙོ་བོ་སྐད་ཡིག་ལ་རག་ལས་ཡོད་པ་གསལ་བོ་རེད། མི་རིགས་ཤིག་གི་སྐད་ཡིག་ཉམས་ཕྱིན་ཆད་མི་རིགས་
དེ་བརླག་ཚར་སོང་བ་ཡིན། དེས་ན་བོད་ཡིག་དང་བོད་སྐད་ལ་དོ་སྣང་ཡོད་པ་ཚོ་ཁེ་ཕན་ཅུང་ཕྱིན་པ་ཡིན་ན་
རང་པཞིན་གྱིས་བོད་ཀྱི་སྐད་ཡིག་ལ་དོ་སྣང་བྱེད་མཁན་ཇེ་མང་ལ་འགྲོ་བར་འདོད།
བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་དབྱིངས་ཞུགས་དུ་འཇུག་དགོས་ན་ཐོག་མར་བྱིས་པའི་སེམས་ཁམས་དབང་བསྒྱུར་བྱེད་པར་བརྩོན་དགོས། དེ་ལྟར་བྱེད་མ་ཐུབ་པ་ཡིན་ན་སྐད་ཆ་ཉན་མི་ཉན་ག་ཚོད་ཅིག་བཤད་ཀྱང་སྟོང་བ་ཡིན།
དྲ་གྲོགས་ཚོས་ངའི་རྩོམ་ཡིག་འདིའི་འཕྲོས་དོན་ནས་མུ་མཐུད་བགྲོ་གླེང་ལྷུག་སྩོལ་གནང་བའི་རེ་བ་བྱེད་བཞིན་ཡོད།
གླེང་དགོས་པ་གང་མང་ཞིག་ཉིད་ཀྱིས་ངལ་བ་ལྷུར་བླངས་ཀྱིས་གླེང་འདུག ཐུགས་རྗེ་ཆེ།