བསེ་ཚང་བློ་བཟང་དཔལ་ལྡན། (འོས་སྦྱོར།)
དེ་རིང་ཚོགས་འདུ་འདིར་ཕེབས་པའི་དབུ་ཁྲིད་རྣམ་པ་དང༌། ཞིང་ཆེན་ཕྱི་ནང་གི་སྐུ་མགྲོན་རྣམ་པ། བོད་ཡིག་སྡེ་ཁག་གི་དབུ་འཛིན་དང་དགེ་སློབ་ཡོངས་ལ་ངས་འདི་ནས་རྟེན་འབྲེལ་གྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ལ་སྐབས་འདིར་ཞུ་རིན་ཡོད་པའི་གཏམ་ཞིག་མེད་ཀྱང༌། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བཙུགས་ནས་ལོ་འཁོར་ལྔ་བཅུ་འཁོར་བ་དང༌། སློབ་གྲྭ་འདིའི་བོད་ཡིག་སྡེ་ཁག་ཚུགས་ནས་ཀྱང་ལོ་འཁོར་ལྔ་བཅུ་སོང་བའི་དགའ་སྤྲོ་གཉིས་འཛོམས་གྱིས་རྟེན་འབྲེལ་ཞུ་བའི་མཛད་སྒོའི་སྐབས་སུ་བྲེལ་བ་ཆེ་ཡང༌། དུས་ཚོད་འདི་ལྟ་བུ་ཞིག་བཀོད་སྒྲིག་གིས་མཁས་དབང་རྣམ་པ་དང་འགོ་ཁྲིད་རྣམ་པ་ལྷན་དུ་འཛོམས་ནས་གླེང་མོལ་བྱེད་ཐུབ་པའི་སྐལ་བ་བྱུང་བ་འདི་ལ་ང་རང་ཧ་ཅང་དགའ་སྤྲོ་ཆེན་པོ་སྐྱེས་བཞིན་ཡོད།
སྤྱིར་བོད་ཀྱི་རིག་གནས་ནི་གཏིང་ཟབ་ཅིང་རྒྱ་ཆེ་བ་ཞིག་ཡིན་ལ། ང་ཚོ་བོད་ཅེས་པའི་མི་རིགས་འདི་ཡང་རང་གི་རིག་གནས་ཀྱི་བསམ་བློ་དང་རྣམ་པའི་ཁྱད་ཆོས་ཀྱིས་མི་རིགས་ཧྲིལ་བོ་ཞིག་ཏུ་མ་འཐོར་བར་བསྡུས་ཏེ་ཡོད། མི་རིགས་གཞན་ལ་འཚོ་བའི་གོམས་གཤིས་ཀྱི་སྟེང་ནའང་མི་རིགས་དེའི་ཁྱད་ཆོས་སྲུང་འཛིན་བྱེད་ཐུབ་པ་ཡོད་ཀྱང་ང་ཚོ་བོད་རིགས་ནི་དེ་ཙམ་གྱིས་སྲུང་ཐུབ་པ་མི་ཡོང་སྟེ། ད་ལྟ་ཡང་བོད་ཅེས་པའི་མི་རིགས་ཤིག་ས་སྒང་འདི་ན་འདི་ལྟར་གནས་ཡོད་པ་ནི་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱིས་ཐོན་པའི་ནུས་པ་ཡིན། རང་རེའི་རྒྱལ་ཁབ་ལ་མཚོན་ནས་བཤད་ན། མི་རིགས་ང་དྲུག་ཡོད་པ་དེ་དག་ལའང་རང་སྐད་དང་ཡི་གེ་ནི་ལྡན་མིན་གཉིས་ཀ་ཡོད། འུ་ཅག་གནས་པའི་ནུབ་བྱང་ས་ཁུལ་ལ་མཚོན་ནའང་རང་སྐད་དང་ཡི་གེས་བསྡུས་པའི་རིག་གནས་ལྡན་པ་ལ་གྲངས་ཉུང་མི་རིགས་ལས་བོད་དང༌། སོག་པོ། ཞིན་ཅང་ཡུ་གུར་བཅས་ཡིན་ཞིང་། རིག་གནས་དེ་དག་རྒྱུན་འཛིན་དར་སྤེལ་དང༌། ཁྱད་པར་དུ་བོད་ཀྱི་རིག་གནས་རྒྱུན་འཛིན་ལ་དམིགས་ཏེ་བཆིང་གྲོལ་བྱས་རྗེས་ཀྱི་༡༩༥༠ ལོར་བོད་ཀྱི་རིག་གནས་སློབ་སྦྱོང་འཛིན་གྲྭ་ཞིག་བསྒྲུབས་པའི་རྨང་གཞི་དེའི་སྟེང་ནས་ད་ལྟའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་གཞི་རྒྱ་ཆེ་བ་འདི་ཙམ་དུ་རྒྱ་བསྐྱེད་བྱུང་བ་ཡིན།
འཆིང་གྲོལ་བྱས་ཚུན་ནས་བཟུང་ང་ཚོ་བོད་ཀྱི་རིག་གནས་ཀྱང་རྒྱ་ཆེ་བའི་མང་ཚོགས་ཀྱི་ཁྲོད་ནས་ཅུང་ཡར་རྒྱས་གོང་འཕེལ་གྱི་འགོ་ཚུགས་ཙམ་བྱུང་ཡང་གཡས་ལྷུང་གཡོན་ལྷུང་གི་བསམ་བློ་སོགས་ལས་འགུལ་རབས་དང་རིམ་པར་བྱུང་སྟེ་ཡང་བསྐྱར་བོད་ཀྱི་རིག་གནས་ཡར་རྒྱས་གཏོང་བའི་བྱ་བ་རྨང་ནས་མེད་པར་བྱས། དེ་གློད་ཙམ་བྱུང་སྟེ་མི་རིང་བར་སླར་ཡང་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་བྱུང་སྟེ་མི་རིགས་ཀྱི་རིག་གནས་ལྟ་ཞོག ཐ་ན་བོད་ཅེས་པའི་མིང་ཙམ་ཡང་གླེང་མི་ཕོད་པའི་ཚད་ཙམ་དུ་བྱུང་བ་ཡངས་གླིང་རྡོ་རྗེ་མཆོག་གིས་གོང་དུ་གསུངས་པ་ལྟར་ཡིན། ཐ་ན་སྐབས་དེར་བོད་མི་ཚང་མའི་མགོའི་ཅོ་ཏོ་ཡང་འབྲེག་དགོས་པའི་ཚད་དུ་སླེབས་ཤིང་གསར་བརྗེ་ལ་ཁ་གཡར་ནས་མི་རིགས་ཀྱི་ཁྱད་ཆོས་ཐམས་ཅད་ཉམས་སུ་བཅུག དེ་ལྟར་ལོ་ངོ་བཅུ་ཕྲག་ཙམ་རིམ་མཐུད་ཀྱིས་འགྱངས་པས་མི་རིགས་ཀྱི་རིག་གནས་རྩ་མེད་དུ་བཏང་ཚར་བ་ཡིན། དེའི་རྗེས་སུ་ཏང་ཀྲུང་དབྱང་གིས་དབུ་ཁྲིད་པའི་ཀྲུང་ཨུ་་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ནས་བཟུང་མི་རིགས་སྲིད་ཇུས་གཏན་ལ་ཕབ་ཅིང༌། མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་ཆོག་པའི་སྲིད་ཇུས་ལག་ལེན་དོན་ཐོག་འཁྱོལ་བར་བྱས་པ་ནས་རང་རེ་མི་རིགས་ཀྱི་བྱ་བཞག་སྤྱི་དང་རིག་གནས་ཀྱི་ལས་དོན་གོང་དུ་འཕེལ་བའི་འགོ་ཚུགས་ལ། ཁྱད་པར་དུ་བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་གསར་པའི་འོད་སྣང་འོག་མི་རིགས་ཀྱི་རིག་གནས་བྱ་བ་སྔར་ལས་གོང་འཕེལ་བྱུང་སྟེ་གཤོག་ཐོགས་ཀྱི་བྱ་རྒོད་ལ་གནམ་འཕང་གཅོད་པའི་གོ་སྐབས་སྦྱིན་པ་བཞིན་ད་ལྟ་གང་འདོད་དུ་འཕུར་ལྡིང་བྱེད་པ་འདི་ལྟར་རེད།
རིག་གསར་གྱི་ཚུན་ད་ལྟར་ཐུག་པའི་བར་དུ་ནུབ་བྱང་གི་ཕྱོགས་སུ་གཏོགས་པའི་བོད་རིགས་ཀྱི་ས་ཁུལ་ཀུན་ཏུ་སློབ་གྲྭ་འདི་གའི་སློབ་དཔོན་རྣམ་པའི་སྐུ་དྲིན་གྱིས་ཤེས་ལྡན་མི་སྣ་རབ་དང་རིམ་པ་ས་ཁྱབ་རྡོ་ཁྱབ་ཏུ་བསྐྱངས་ཏེ། ལས་རིགས་ཁག་གི་དགེ་རྒན་སོགས་རིག་གནས་ཡར་རྒྱས་ཀྱི་རྐང་འཛིན་དུ་གྱུར་པའི་མི་སྣ་མང་པོ་བྱུང་བའི་འབྲས་བུ་མིག་མཐོང་ལག་ཟིན་དུ་ཡོད་པ་ཐམས་ཅད་སྡེ་ཚན་འདིའི་དྲིན་ཡིན། དེ་ཐམས་ཅད་ཡང་དག་པའི་སྲིད་ཇུས་འདི་དང་ཁ་འབྲལ་ཐབས་མེད་དེ། ང་ཚོ་ཀན་ལྷོ་ལྟ་བུའི་ས་ཁུལ་ལ་མཚོན་ནའང་སྔོན་ཆད་བོད་ཡིག་སློབ་པ་ལ་བླ་བྲང་དུ་སློབ་གྲྭ་གཉིས་ལས་མེད་ཀྱང༌། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་ནས་བླ་བྲང་མ་ཟད་ཀན་ལྷོ་སྤྱི་ལ་མཚོན་ན་རྫོང་ཁག་སོ་སོར་བོད་ཡིག་སློབ་འབྲིང་རེ་ཡོད་པ་མ་ཟད། ཞང་ཁག་རེ་རེ་ན་སློབ་ཆུང་ཡོད་པས་ད་ལྟའི་དུས་སུ་ཕྱོགས་གང་སར་སློབ་གྲྭས་ཁྱབ་ཡོད་པ་ཚང་མས་མཁྱེན་གསལ་ལྟར་རེད། རྨང་གཞི་དེའི་སྟེང་༡༩༨༥ ལོར་ཀན་སུའུ་ཞིང་ཆེན་ནས་རྒྱལ་ཁབ་སློབ་གསོ་པུའུ་ལ་སྙན་ཞུ་ཕུལ་དོན་ལྟར་གོང་རིམ་ནས་ཀྱང་ཐུགས་ཁུར་ཟབ་བཞེས་ཀྱིས་ཕེབས་སྒོ་ལྟར་གཙོས་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་ཞེས་ཀན་སུའུ་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཚང་མས་ནང་དུ་སློབ་གཉེར་བྱས་ཆོག་པའི་སློབ་གྲྭ་དེ་གསར་དུ་བཙུགས། དེའི་ནང་བོད་དང་ཧེ་རིགས་གཉིས་གཙོར་གྱུར་པའི་མི་རིགས་སོ་སོའི་སློབ་མ་རྫོང་ཁག་སོ་སོ་ནས་ཐོན་པ་ཉིས་སྟོང་བརྒྱད་བརྒྱ་ཙམ་གྱིས་སློབ་སྦྱོང་བྱེད་བཞིན་པ་དང༌། བོད་ཡིག་སྡེ་ཁག་གཙོ་བོར་གྱུར་པའི་སྡེ་ཁག་བདུན་ཡོད་པའི་སློབ་གྲྭ་གཞི་རྒྱ་མི་ཆུང་བ་ཞིག་གྲུབ་ཡོད་པ་འདི་ཐམས་ཅད་སྲིད་ཇུས་བཟང་བོའི་མི་རིགས་ཀྱི་རིག་གནས་དང་སློབ་གསོའི་བྱ་བཞག་གོང་འཕེལ་དུ་སོང་བའི་རྨང་གཞིའི་སྟེང་རིམ་བཞིན་བྱུང་བ་ཞིག་ཡིན།
བོད་ཀྱི་རིག་གནས་དང་སློབ་གསོའི་བྱ་བ་གོང་འཕེལ་དུ་སོང་ཡང་མི་རིགས་རང་སྟེང་ནས་རང་གི་སྐད་དང་ཡི་གེ་ལ་གཙིགས་ཆེན་བྱས་པའི་ཚད་ནི་མི་འདང་སྟེ། དཔེར་ན། ང་ཚོ་ཀན་ལྷོ་ལྟ་བུར་མཚོན་ན། པཎ་ཆེན་རིན་པོ་ཆེ་མཆོག་ཐེངས་དང་པོར་ཀན་ལྷོར་ཕེབས་ཏེ་མྱོང་ཚོར་བྱིན་པ་ནི། ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་དང་དཔའ་རིས་གཉིས་སུ་འདུ་བའི་བོད་རིགས་ས་ཁུལ་དུ་བོད་ཡིག་གི་ཆུ་ཚད་ཤིན་ཏུ་ཞན་པར་འདུག་པས་དེ་སེལ་བ་ལ་ཧུར་ཐག་བྱེད་དགོས་འདུག་ཅེས་གསུངས་མྱོང་བ་དང༌། དེ་བཞིན་དུ་ང་རང་གྱ་དྲུག་ལོར་པེ་ཅིན་དུ་ཡོད་པའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་སོང་སྐབས། ཞིང་ཆེན་དང་ཀན་ལྷོ་ཁུལ་གྱི་དབུ་ཁྲིད་པ་སོགས་ཀྱང་ཡོད་ས་ནས་ཁོང་གིས་གསུངས་པར། སྤྱིར་ཁྱོད་ནི་འདི་གར་ཡང་མཁོ་ཆེ། འོན་ཀྱང་ཀན་ལྷོར་འགྲོ་རྒྱུ་འདི་ལས་ཀྱང་གལ་ཆེ་བར་འདུག་པས་ཁྱོད་དེར་སོང་ལ་ཀན་ལྷོའི་བོད་ཀྱི་རིག་གནས་སློབ་གསོའི་བྱ་བ་འཆོར་མེད་ཀྱིས་དམ་འཛིན་བྱེད་རྒྱུ་དང༌། ལྷག་པར་དུ་ཅོ་ནེ་སོགས་ས་ཁུལ་འགར་བོད་ཡིག་བོད་སྐད་ཉམས་འདུག་པས་དེ་མྱུར་སྐྱོབ་ཀྱི་འགན་ཁྱོད་ལ་དཀྲི་ངེས་ཡིན། ཁྱོད་ཀྱིས་ངེས་པར་འགན་དེ་ཐེག་པར་གྱིས། རྗེས་ནས་ང་ཀན་ལྷོར་འབྱོར་ཚེ་ཐོག་མར་ས་དེ་དག་གི་སློབ་གསོའི་གནས་ཚུལ་ལ་བལྟ་རུ་ཡོང་ངེས་ཡིན་ཞེས་གསུངས་མྱོང༌།
དེ་བཞིན་དུ ༡༩༨༥ ལོར་པཎ་ཆེན་རིན་པོ་ཆེ་མཆོག་གིས་སི་ཁྲོན་གྱི་དཀར་མཛེས་དང༌། བོད་ལྗོངས་ཀྱི་ཆབ་མདོ། ཡུན་ནན་གྱི་བདེ་ཆེན་བཅས་ཀྱི་ཁུལ་དང་རྫོང་ཁག་སོ་སོར་རྟོག་ཞིབ་གནང་བར་ཕེབས་སྐབས་ས་གནས་སོ་སོར་བོད་རིགས་ལས་བྱེད་པ་དང་མང་ཚོགས། སློབ་གྲྭའི་དགེ་སློབ་བཅས་དམངས་ཚོགས་བསྡུས་ཏེ་མི་རིགས་ཀྱི་སྐད་དང་ཡི་གེ་གཅེས་སུ་འཛིན་རྒྱུའི་སྐོར་ལ་གསུང་བཤད་ནན་མོ་གནངས་མྱོང་བ་དང༌ཁྱད་པར་དུ་འགོ་ཁྲིད་པ་སྤྱི་དང་ནང་སྒོས་སུ་བོད་རིགས་ཀྱི་འགོ་ཁྲིད་པ་རྣམས་དམིགས་སུ་བཀར་ནས་སྐྱོན་བརྗོད་ཚ་ནན་གནང་དོན་ལ། བོད་རིགས་མང་ཚོགས་ཀྱི་རེ་བ་ཆེན་པོ་བཅངས་ཏེ་ཕན་ཐོགས་ཨེ་ཡོང་སྙམ་ནས་ཁྱོད་ཚོ་འགོ་ཁྲིད་དུ་བསྐོས་པ་ཡིན་ལ། ཁྱོད་ཚོ་བག་མེད་ཀྱི་ངང་དུ་འགྲོ་ན་འགོ་ན་འགོ་ཁྲིད་དུ་བཀུར་བར་དོན་ཅི་ཞིག་ཡོད། ཐམས་ཅད་མི་ཡིན་པ་འདྲ་བ་ལ་བོད་ཀྱི་འགོ་ཁྲིད་པ་དང་ལས་བྱེད་པས་གཞན་གྱི་དེ་འདྲ་མི་ནུས་པ་ཅི་ཡིན། རང་ལག་གི་ཅ་ནེ་དང་རྐུབ་སྟེགས་ཁོ་ནར་བསམ་སྟེ་མི་རིགས་ཀྱི་སྤྱི་དོན་མི་བསམ་ཞིང༌། བསམ་ཡང་མི་ཕོད་པ་དེ་རིགས་ནི་མི་ཐ་ཤལ་གྱི་གྲས་རེད་ཅེས་གསུངས་མྱོང་བ་དང༌།
ཡང༌། པཎ་ཆེན་རིན་པོ་ཆེ་ཆབ་མདོར་ཕེབས་ཏེ་ས་དེའི་མི་རིགས་སློབ་འབྲིང་དུ་ཞབས་སོར་འགོད་པའི་སྐབས་སུ་དགེ་སློབ་ཡོངས་ཀྱིས་ལུས་ལ་བོད་ལྭ་གྱོན་ཞིང་ངག་ནས་རྒྱ་སྐད་དུ་(热烈欢迎)ཞེས་བསུ་བ་བྱས་པར། དགའ་བསུ་ཞུ་ཞེས་བོད་སྐད་དུ་བསླབས་ཀྱང་སློབ་མ་བུ་མོ་གཉིས་ཀྱིས་ངོ་ཚ་བའི་རྣམ་འགྱུར་བསྟན་པས་ཁོང་རིན་པོ་ཆེ་ཐུགས་རྒྱལ་ཆེན་པོ་བཞེངས་ཏེ་དགེ་སློབ་ཡོངས་ལ། བོད་ཡིན་བཞིན་དུ་བོད་སྐད་མི་བཤད་པའི་ཐོག་བོད་སྐད་ངག་ནས་འདོན་པར་ངོ་ཚ་དགོས་པའི་ཚད་དུ་སླེབས་པ་ལ་བཀའ་བཀྱོན་ཕྱག་འབེབས་གནང་ལ་ཁད་ཙམ་གནངས་ཞིང་གསུངས་པར། ཁྱོད་ཚོས་རང་གི་མི་རིགས་ཀྱི་སྐད་ཆ་ངག་ནས་བཤད་རྒྱུར་ངོ་ཚ་བར་འདུག
ད་ལྟའི་བོད་པ་ནི་ཚད་འདི་ཙམ་དུ་སླེབས་པ་ཡིན་ནམ། དེ་ནི་བླུན་པོ་གང་ཡང་མི་ཤེས་པའི་རང་རྟགས་བསྟན་པ་ལས་གཞན་ཅི། ཁྱོད་ཚོ་བོད་ལ་མི་དགའ་ཡང་རང་ཉིད་བོད་པའི་རིགས་སུ་སྐྱེས་ཟིན་ནས་སྐྱེ་བ་ཕྱི་མར་བོད་དུ་མི་སྐྱེ་བའི་སྨོན་ལམ་ཙམ་གྱིས་བསམ་པ་མཚོན་པར་བྱེད་པ་ལས་གནས་སྐབས་འདིར་བོད་སྐད་འདོར་ག་ལ་རུང༌། འཛམ་གླིང་གི་མི་རིགས་གང་ཞིག་གིས་རང་གི་སྐད་ཆ་བཤད་རྒྱུ་དེ་ངོ་ཚའི་གནས་སུ་བརྩི་བར་འདུག་གམ།
ཁྱོད་ཚོས་རང་གི་བོད་སྐད་ངག་ནས་མ་བཤད། བོད་ཡིག་མ་བསླབས་ན་གཟི་བརྗིད་དུ་བརྩི་བ་དང༌། སྡུག་ལ་ཐུག་དུས་མ་གཏོགས་གཞན་གྱི་མཐོང་ལམ་དུ་ངས་བོད་སྐད་དང་བོད་ཡིག་མི་ཤེས་ཞེས་བརྗོད་ན་ཆེས་གཟི་བརྗིད་ཀྱི་གནས་ཤིག་ཏུ་བརྩི་བའི་གནས་སྐབས་འདི་འདྲ་གཞན་མིས་གོ་ན་ངོ་ཚ་དགོས་པ་ཞིག་མ་རེད་དམ་ཞེས་གསུངས་མྱོང་བ་དང༌། དེ་མཚུངས་སུ་ཡུན་ནན་བདེ་ཆེན་དུ་ཕེབས་སྐབས་བོད་པ་ཚང་མར་རྒྱ་མིང་རེ་འདོགས་པའི་སྲོལ་དར་བ་དེ་དང༌། ས་དེའི་སློབ་འབྲིང་ཞིག་ཏུ་བོད་ཡིག་འཛིན་གྲྭ་གཅིག་ཡོད་པ་མཐོང་ཆུང་བྱེད་སར་བརྩི་བའི་སྣང་ཚུལ་འདུག་པ་སོགས་ལ་སྐྱོན་བརྗོད་ནན་མོ་མཛད་པ་དང༌།
ཡང༌། ཡུན་ནན་མི་རིགས་སློབ་གླིང་དུ་ཕེབས་ནས་དེ་གར་བོད་ཡིག་སྡེ་ཁག་མེད་པར་དབྱིན་ཡིག་གི་སྡེ་ཁག་ཚུགས་ཡོད་པར་འོས་མིན་གྱི་དཔེ་རུ་པཎ་ཆེན་རིན་པོ་ཆེས་གསུངས་རྒྱུར་། པཎ་ཆེན་སྐུ་ཕྲེང་དགུ་པའི་ཞབས་འབྲིང་བས་རྒྱ་གར་ནས་བོད་ཡིག་མི་ཤེས་པར་དབྱིན་ཇིའི་སྐད་སྦྱང་འདོད་པ་ལ་གཞན་གྱིས་འཕྱས་མྱོང་བའི་དོན་དེ་དང་སྦྱར་ནས་སྐྱོན་བརྗོད་མཛད་གནངས་ཡོད་པ་རེད། ང་ཚོས་རང་རིགས་ལ་ཤ་ཞེན་སྙིང་ནས་ཆེ་བའི་པཎ་ཆེན་རིན་པོ་ཆེ་མཆོག་གི་དགོངས་པ་ལས་གོང་བསྟན་གྱི་ཟུར་ཙམ་ལ་བལྟས་ནའང་རང་གི་སྐད་དང་ཡི་གེ་གཙོ་བོར་གྱུར་བའི་རིག་གནས་དང་སློབ་གསོ་གལ་ཆེ་བའི་གནས་ལུགས་ནི་ཟུར་བསྟན་ལེབ་མཐོང་གིས་ཤེས་ཐུབ་པ་ཡིན།
སྤྱིར་ང་ཚོ་བོད་པ་ལ་བརྩོན་འགྲུས་མེད་པ་ནི་ད་ལྟའི་བར་གྱི་ཞན་ཆ་གཙོ་བོ་ཉག་གཅིག་ཡིན། དེང་སང་ཡང་རིག་གནས་སྦྱོང་མཁན་མི་ཉུང་བ་ཞིག་ཡོད་ཀྱང་དཔྱིས་ཕྱིན་པ་ཞིག་དང་གཏིང་ཟབ་མོ་ཞིག་སྦྱོང་མཁན་ཤིན་ཏུ་དཀོན་པོ་རེད། བོད་རང་གི་རིག་གནས་སྦྱང་རིན་མེད་པ་ཞིག་མིན་ཏེ། ད་སྐབས་འཛམ་གླིང་དུ་རྒྱ་ཆེ་ཞིང་གཏིང་ཟབ་མོ་འདུག་ཅེས་སྙན་གྲགས་ཆེན་པོ་ཡོད་པས་མི་ཅི་འདྲ་མང་པོ་ཞིག་གིས་ཚུལ་ཇི་ལྟར་གཏིང་ཟབ་ཅིང་རྒྱ་ཆེ་བའི་སྒོ་ནས་ཡུན་རིང་དུ་ཞིབ་འཇུག་བྱེད་འདོད་ཀྱང་རྫོགས་མཐའ་མེད་པའི་ཚོད་ཡིན། དེང་སྐབས་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པའི་ལྟེ་གནས་མང་ཡང་ཞིབ་འཇུག་གི་དོན་ཆེས་རགས་པ་ཞིག་ལས་གཏིང་ཟབ་མོ་ཞིག་ད་རུང་ཞིབ་འཇུག་བྱེད་ཐུབ་གིན་མེད། རིགས་པ་རྩིང་པོ་ལ་བརྟེན་ནས་དོན་རགས་པ་ཞིག་བརྗོད་པའི་ཞིབ་འཇུག་ཙམ་བྱས་པ་ལ་ཡིད་ཚིམ་ནས་ཁ་ཕོ་ནི་རི་བས་མཐོ་བར་འདུག དེ་ཚང་མའི་འབྱུང་ཁུངས་ཕུག་དེད་ན་བརྩོན་པ་ཞན་ཏེ་སྦྱང་བ་མཐར་མ་ཕྱིན་ཞིང་གཏིང་མི་ཟབ་པ་ལས་གཞན་མིན།
ད་སྐབས་ཕྱི་ནང་གི་རྒྱུ་རྐྱེན་དུ་མ་ཞིག་གིས་སྦྱང་བྱ་ཐམས་ཅད་བྱང་ཆུབ་ཏུ་འཇུག་རྒྱུ་དེ་ཧ་ཅང་ཁག་པོ་ཞིག་ཡིན་ནའང༌། འདི་བྱས་དང་དེ་སྦྱངས་ཞེས་སྟོན་རྒྱུ་གང་ཡང་མེད་པ་ཞིག་བྱེད་མི་རུང༌། རིག་གནས་དང་རྩོམ་རིག་གི་ཁོངས་སུ་འདུ་བ་གང་ཞིག་སྦྱང་ཡང་ཆེད་ལས་སམ་བྱེ་བྲག་གི་རིག་པ་ཞིག་སྦྱངས་པའི་འབྲས་བུ་ནི་མཐར་ཕྱིན་པ་ཞིག་ཡིན་ན་བཟང༌། ད་ལྟའི་དུས་སུ་རང་གིས་སློབ་ནུས་ན་སྐད་དང་ཡི་གེའི་བེད་སྤྱོད་ཀྱི་དབང་ཆའི་སྲིད་ཇུས་གཏན་ལ་ཕབ་ནས་རང་ལག་ཏུ་བཞག་འདུག་ལ། རང་གིས་མ་ནུས་ཚེ་རང་ཉིད་ལན་པ་ཡིན། མི་ལ་ལ་ཞིག་གིས་ད་སྐབས་ཀྱང་རང་གི་སྐད་དང་ཡི་གེ་སློབ་ཅིང་སྤེལ་རྒྱུར་མི་སྤོབས་པར་འདུག་ལ། མང་ཤོས་ཤིག་གིས་བོད་ཡིག་བསླབས་ན་མདུན་ལམ་མེད་ཟེར། དེ་རྣམས་ཀྱིས་བཤད་བཞིན་པའི་མདུན་ལམ་ཞེས་པ་ནི་དོན་གྱིས་རང་གཅིག་པུའི་འཚོ་རྟེན་གྱི་ཅ་ནེ་ཙམ་སྟོན་པ་ཡིན་པས་དེ་ཁོ་ནར་དམིགས་ག་ལ་རུང༌། ངས་རང་གི་སློབ་མ་རྣམས་ལའང་འདི་ལྟར་བཤད་དང་བཤད་བཞིན་ཡོད་དེ། ཁྱོད་ཚོ་ནི་ད་ལྟའི་བོད་ཀྱི་མི་རབས་གསར་པ་རེད། རིག་གནས་ཤེས་ཡོན་གྱིས་རྒྱུད་བརླན་པར་བྱས་པའི་མ་འོངས་པའི་བོད་ཀྱི་སྲོག་རྩ་རེད། དེ་བས་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་རང་གི་འཚོ་བ་ཙམ་དུ་ངོས་འཛིན་མི་རུང༌། གང་ནུས་ཅི་ལྕོགས་ཀྱིས་རང་གི་བྱ་བ་གང་ཡིན་ཡང་མི་རིགས་དང་དེའི་རིག་གནས་ཀྱི་ཆེད་དུ་དམིགས་རྒྱུ་འོས་འགན་ཡིན།
དེང་གི་དུས་འདི་ལ་བོད་ཀྱི་རིག་གནས་དར་སྤེལ་དུ་གཏོང་དགོས་ཟེར་ན་ནི་ཤིན་ཏུ་དཀའ་བའི་གནས་ཡིན་ཡང༌། ཧ་ཅང་ཉག་ཕྲ་བའི་གནས་སྐབས་འདིར་སྐྱོབ་ཐུབ་ཙམ་ལ་འབད་ན་དེས་ཀྱང་ཆོག་འོང༌། ད་ལྟར་བཞུགས་པའི་རྒན་རབས་ཀྱི་མཁས་པ་ལ་འགའ་རེ་ཡོད་ཀྱང་དེ་དག་གི་འགྲོ་དོན་ནི་རྫོགས་ལ་ཉེ་བས་དེང་ཕྱིན་བོད་ཀྱི་རིག་གནས་དེ་མི་ཉམས་རྒྱུན་འཛིན་བྱེད་ཐུབ་མིན་དང་འགན་དེ་འཁུར་མིན་ཁྱོད་ཚོ་ལ་རག་ལས་ཤིང༌། བོད་ཀྱི་རིག་གནས་ཀྱི་མ་འོངས་པ་ཡང་གང་འདྲ་ཞིག་ཏུ་འགྱུར་རྒྱུ་དེ་ཁྱོད་ཚོར་ཐུག་ཡོད། དོན་དེ་རྣམས་ལག་ལེན་གྱི་སྟེང་ནས་སྒྲུབ་མ་ཐུབ་ཚེ་དེང་ཕྱིན་བོད་འཕེལ་རྒྱས་སུ་འགྲོ་བ་ཕར་ཞོག ཐ་ན་ད་ལྟ་ནས་ཁངས་ཉི་མས་ཞུ་བ་བཞིན་དུ་རིམ་གྱིས་ཉམས་ཆག་ཏུ་འགྲོ་བཞིན་པ་མཁྱེན་གསལ་ལྟར་རེད།
སྐད་དང་ཡི་གེ་ནི་མི་རིགས་དེ་སོ་སོར་མི་འཐོར་བའི་སྡོམ་ཐག་ལྟ་བུ་ཞིག་ཡིན་ཏེ། མི་རིགས་གཞན་དང་ཐག་ཉེ་བའི་སར་གཞིས་ཆགས་པའི་བོད་ཀྱི་སྡེ་ཚོ་མི་ཉུང་བ་ཞིག་མི་རིགས་གཞན་དུ་གྱུར་དང་འགྱུར་བཞིན་པ་ནི་རིག་གནས་ཀྱི་སྟེང་ནས་གཞན་གྱི་རྗེས་མ་ཟིན་པས་འབྲས་བུ་དེ་བྱུང་བ་ཡིན། མི་མང་ཞིང་སྐད་དང་ཡི་གེ་མ་ཉམས་པའི་ས་ཁུལ་འགའ་ཞིག་ཏུ་གནས་ནས་ད་ལྟའི་བར་དུ་ནམ་ཡང་རང་ཚུགས་ཐུབ་པར་གནས་ཐུབ་ནའང༌། ཡུལ་འགའ་ཞིག་ཏུ་དེ་ལྟར་གནས་མི་ཐུབ་པ་ནི། མི་རིགས་གཞན་གྱིས་རང་སྐད་དང་ཡི་གེ ཡུལ་སྲོལ་བཅས་པ་འཕྲོག་སོང་བ་ཞིག་མ་ཡིན་པར། རང་ཉིད་རིག་གནས་ཀྱི་སྟེང་ནས་གཞན་རྗེས་མ་ཆོད་པས་དེའི་རྗེས་སུ་འབྲང་ཞིང་ལད་མོ་བྱེད་དགོས་བྱུང་བ་ལས་རིམ་བཞིན་བོད་ཀྱི་རང་རྟགས་ཉམས་པ་ཞིག་ཡིན་པ་མ་གཏོགས། གཞན་གྱིས་རྩོལ་བས་གློ་བུར་དུ་རང་ཉིད་གཞན་དུ་བསྒྱུར་ནུས་པ་ཞིག་མིན།
ཕས་བོད་ཡིག་མ་བསླབས། བུས་བོད་སྐད་ཀྱང་རྩིས་མེད་དུ་བཏང༌། ཚ་བོས་རང་སྐད་གང་ཡིན་མ་ཤེས་པའི་མཐའ་མར་བོད་རིགས་ལས་ཟུར་དུ་བུད་པ་དེས་མི་རིགས་ཧྲིལ་བོ་ཡང་དེའི་ལམ་ནས་འགྱུར་འགྲོ་བ་ཡིན། ཧེ་རིགས་ལྟ་བུར་མཚོན་ན་རྒྱ་རིགས་ཀྱི་ནང་དུ་མི་རབས་དུ་མར་གཞིས་ཆགས་ནས་ལོ་ངོ་བརྒྱ་སོང་ཡང་གཞན་དུ་འགྱུར་རྒྱུ་མ་རེད་། དེ་ནི་ཁོ་ཚོ་མི་རིགས་ཀྱི་ཐུན་མིན་ཡུལ་སྲོལ་གོམས་གཤིས་ཀྱིས་བསྡུས་ཏེ་རྒྱུན་རིང་དུ་གནས་ཐུབ་ངེས་རེད། འོན་ཀྱང་རང་རེ་བོད་ལྟ་བུར་མཚོན་ན་ཡུལ་སྲོལ་ཙམ་གྱིས་ཡུན་རིང་དུ་བསྡུ་ཐུབ་རྒྱུ་མ་རེད། གལ་ཏེ་སྐད་དང་ཡི་གེ་གཙོ་བོར་གྱུར་པའི་རང་གི་རིག་གནས་ཉམས་ཚེ་རང་ལ་རང་རྐྱ་ཐུབ་ཅིང་ཐུན་མིན་གོམས་སྲོལ་ཞིག་མེད་པས་མི་རིང་བར་མི་རིགས་གཞན་ལ་རྒྱ་མཚོར་ཁངས་སིམ་པ་བཞིན་དུ་འགྱུར་རྒྱུ་ལས་འོས་མེད་ཁོ་ཐག་ཡིན། དེ་བས་རིག་གནས་ནི་ཧ་ཅང་གལ་ཆེན་པོ་རེད། གནས་སྐབས་འདི་ལྟ་བུ་ལ་བོད་ཀྱི་སློབ་མ་ཡོངས་ཀྱིས་རང་གི་འཚོ་ཐབས་ཙམ་ཁོ་ན་མི་བསམ་པར་རང་ནུས་གང་ཡོད་ཀྱིས་བོད་ཀྱི་རིག་གནས་ལ་སློབ་གཉེར་བ་བཟང་བོ་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེ་བར་སྣང༌།
ད་སྐབས་རིག་གནས་ལ་སྦྱངས་པ་བཟང་པོ་ཞིག་མ་བྱས་ཚེ་མི་རིགས་ཀྱི་བྱ་བ་ཅི་ཡང་ཡར་རྒྱས་སུ་འགྲོ་བཞིན་མེད་པ་དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་མཐོང་ལམ་དུ་གསལ་བོར་བཤམས་ཡོད། རིག་གནས་མེད་པར་མི་རིགས་ས་ཁོངས་རང་སྐྱོང་ཟེར་བ་ཡང་དོན་གྱིས་རྫུན་མའི་རང་སྐྱོང་ཙམ་ལ་ངོ་མའི་རང་སྐྱོང་བྱེད་ཐུབ་བཞིན་མེད་པ་དང༌། ལག་རྩལ་གསར་པ་གང་ཡང་སྤྱོད་ཐུབ་ཀྱི་མེད་ལ། ཐ་ན་སློབ་གྲྭ་ཆེ་ཁག་ནས་མཐར་ཕྱིན་པའི་ཤེས་ཡོན་པ་དག་ཀྱང་སློབ་གྲྭ་ཆུང་ངུ་རེའི་དགེ་རྒན་རེ་བྱ་བ་ལག་ཏུ་ཆུད་སོང་ཟེར་ནས་ཡིད་ཚིམ་ཚིམ་བྱེད་པ་ལས་དེའི་ཡན་དུ་རེ་བ་གང་ཡང་བྱེད་བཞིན་མེད། དེ་ཙམ་གྱིས་མི་ཡོང་སྟེ། རྨང་གཞི་དེའི་སྟེང་ད་རུང་རྒྱལ་ཁབ་ཕྱི་ནང་གི་ཚན་རིག་ལག་རྩལ་དང་གཞན་གྱི་རིག་གནས་ཕྱོགས་སོ་སོ་ནས་མཁས་པར་སྦྱངས་ན་རང་གི་མི་རིགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བ་སོགས་ལ་ནུས་པ་ཆེན་པོ་ཞིག་ཐོན་ཐུབ་ངེས་རེད། དེ་ལྟ་བུའི་ཕུགས་འདུན་དང་རེ་བ་རང་གིས་རང་ལ་འདོན་དགོས་པ་རེད།
འོན་ཀྱང༌། དེ་ལྟ་བུ་མེད་པར་སྒྱིད་ལུག་གིས་ཆོག་ཤེས་བསྟེན་ཅིང༌། སྤོབས་པ་དང་སྙིང་སྟོབས་མེད་པ། འགྲན་སེམས་དང་ཁོག་དཔུང་ལ་རྒྱ་མེད་པ་ནི་ད་ལྟའི་བོད་རིགས་ཀྱི་ལོ་ཆུང་ཕལ་མོ་ཆེའི་ཞན་ཆ་དང་སྐྱོན་ཆ་རེད། ད་རུང་བརྩོན་པ་མེད་པས་ལས་མཐའ་མི་འཁྱོལ་ཞིང༌། རང་ཉིད་ལ་རེ་བ་མི་མཐོ་བ། ནང་དུ་མཐུན་སྒྲིལ་མེད་ལ། ཕྲག་དོག་ཆེ་བའི་སྟེང་། ལག་ཆར་གྲི་དང་བསྐོར་དབྱུག་བཟུང་ནས་རྩིང་སྤྱོད་ཅི་རིགས་བྱེད་པར་དགའ་བ་སོགས་མི་རབས་མང་པོར་སློབ་གསོ་མ་བརྒྱུད་པའི་བླུན་རྟགས་དེ་ད་རུང་དཔའ་རྟགས་སུ་འཛིན་མཁན་མང་བ་དེ་མཚང་དུ་ཤེས་མཁན་དེ་བས་ཉུང་བ་ཡོད།
དེང་སྐབས་ནི་སྤྱི་ཚོགས་གསར་པ་རེད། མི་རབས་གསར་པའི་སློབ་མ་ཡ་རབས་ཤིག་ཡིན་ན་གཙོ་བོ་བཟང་དཔེ་གཞན་ལས་བླངས་ནས་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་དེའི་སྟེང་ནས་ལ་རྒྱ་བརྩོན་ལེན་བྱེད་དགོས་པ་ལས་ལུས་སྟོབས་ལ་བརྟེན་ནས་བུ་རྒོད་དུ་མི་འགྱུར་སྟེ། ལུས་སྟོབས་ནི་གཡག་ལ་འགྲན་བཙུགས་ན་རང་ཉིད་འབྲོ་བ་ལས་རྒྱལ་ག་ལ་ཐུབ། དེས་ན་ལུས་ལ་གྲི་རིང་བཏགས་ཤིང་འགྱིང་སྟབས་ཀྱིས་འགྲོ་བ་དེ་ནི་བླུན་རྟགས་ཚ་བ་ཁོ་ན་ཡིན། ཡོན་ཏན་ཅན་ནི་དེ་འདྲ་ཞིག་མ་ཡིན་ཏེ། ཀུན་སློང་བཟང་ཞིང་བྱ་སྤྱོད་ཡག་པར་མ་ཟད་སེམས་རྒྱ་ཆེ་ཞིང་མིག་རྒྱང་རིང་བ། རང་གིས་རང་ལ་རེ་བ་མཐོན་པོ་བཅངས་ཡོད་པ་དང་སློབ་སྦྱོང་སོགས་བྱ་བ་གང་གི་ཐད་ནས་ཀྱང་གཞན་དང་མི་འདྲ་བ་ཞིག་ཡིན་སྲིད་པ་རེད། ཁྱོད་ཚོས་རྒྱ་རིགས་ཀྱི་མཁས་པ་དང་སློབ་གྲྭ་ཆེན་མོ་གྲགས་ཅན་གྱི་སློབ་མ་བཟང་པོ་རྣམས་ལ་ལྟོས་དང༌། དེ་རྣམས་མཐོང་རྒྱ་དང་ཤེས་རྒྱ་ཆེ་བ་དང༌། སྒྲིག་ལམ་མེད་པ་ལྟ་བུའི་ཁོར་ཡུག་ཡིན་ཀྱང་སྤྱོད་ལམ་བཟང་བ་ཡོད་པ་ནི་རང་རྟོགས་ཀྱིས་སྒྲིག་ལམ་ཞེས་པ་བརྩི་ཤེས་པས་རེད། སྒྲིག་ལམ་དང་འགལ་ན་རང་གི་མཚང་དུ་འགྱུར་བ་དང༌། ཤེས་ཡོན་པ་ཞིག་ཡིན་ན་ཀུན་སྤྱོད་བཟང་དགོས་པ། སྒྲིག་ལམ་བརྩི་སྲུང་བྱས་ན་འབྲས་བུ་རང་ལ་བཟང་ཞིང༌། སྒྲིག་ལམ་ཞེས་པ་སློབ་སྦྱོང་ཐད་མེད་དུ་མི་རུང་བ་ཞིག་ཡིན་པ་ཤེས་པས་རེད།
སྤྱིར་སློབ་སྦྱོང་ལ་བརྩོན་པ་ཅན་ཞིག་ཡིན་ཚེ་སྒྲིག་ལམ་ཞེས་པ་ཞིག་ག་ལ་དགོས་ཏེ། ངས་གཙོས་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭའི་སློབ་མ་རྣམས་ལའང་འདི་ལྟར་བཤད་མྱོང༌། ཁྱོད་ཚོའི་ནང་གི་སློབ་གྲོགས་མི་ཉུང་བ་ཞིག་ལ་སྒྲིག་ལམ་གཉའ་ནས་ནོན་འོང་བ་ཞིག་མེད་མི་རུང་སྟེ། དགོས་པའི་སློབ་སྦྱོང་ནི་མི་བྱེད་པར། མི་དགོས་པའི་ཆང་འཐུང༌། རྡུང་རེས་བྱེད། གྲི་དང་བསྐོར་དབྱུག་བཟུང་ནས་གཞན་བརྡུང་རྒྱུའི་བསམ་བློ་ལས་ཀུན་སློང་བཟང་བོ་ཞིག་མེད། དེ་ལྟར་བྱེད་ག་ལ་རུང་སྟེ་རང་གི་ཁ་ལོ་རང་གིས་འདུལ་ཤེས་པ་ཞིག་དགོས། ང་ཚོ་བོད་ལ་སྐྱོན་དེ་ལྟ་བུ་ཡོངས་ཁྱབ་ཏུ་ཡོད་པ་ཞིག་ཡིན། རང་གི་མི་རིགས་ཀྱི་བྱ་བའི་ཆེད་དུ་ལུས་སྲོག་གཏོང་ཕོད་པ་གཅིག་ཀྱང་མེད། རྩྭ་ཉག་མ་འགའི་ཆེད་དུ་གཅེས་པའི་སྲོག་བཏང་བ་གང་མང་མང་རེད། གཞན་གྱི་ཕྱུགས་ཟོག་གིས་ཁྱོད་ཀྱི་རྩྭ་ཁམ་རེ་ཟོས་པར་ཅི་སྐྱོན། ཟོས་ཀྱང་མི་རིང་བར་སླར་སྐྱེ་ངེས་རེད། དེ་ལ་ཁོང་ཁྲོ་ཟ་རིན་མེད་ཀྱང་ཁོང་ཁྲོ་དང་ཞེ་སྡང་བཀག་ཀྱང་མི་ཁོག་པ་ཞིག་སྐྱེ་བར་གདའ། དོན་ཆུང་གི་ཆེད་དུ་གཅེས་སྲོག་གཏོང་བ་དེ་ལ་དཔའ་བོ་ཟེར་ཡང་དེ་ནི་དཔའ་བོ་ག་ལ་ཡིན་ཏེ་བླུན་རྟགས་ཁོ་ན་ལས་མ་འདས་སོ། །དེ་བས་ཁྱོད་ཚོ་ནི་ཤེས་ཡོན་ཅན་ཡིན་པས་སྐྱོན་ཡོན་སོ་སོར་འབྱེད་ཤེས་ལ། ཕྱིར་རང་རང་གི་ཕ་ཡུལ་དུ་སོང་ནས་དེ་ལྟ་བུའི་གནས་ཚུལ་འདུག་ན་ཁ་ཏ་སློབ་གསོ་གཏོང་འོས་པ་ཞིག་རེད།
འུ་ཅག་མི་རིགས་ཀྱིས་སྔོན་ཆད་ནས་ཡོད་པའི་རང་སྟེང་གི་ཞན་ཆ་དེ་ཡོངས་རྫོགས་བཅོས་བསྒྱུར་ལེགས་སྤེལ་མི་བྱེད་པར་དེང་ཕྱིན་ཡང་འདི་ལྟར་དུ་འགྲོ་རྒྱུ་ཡིན་ན་ཕྱོགས་གང་ན་ཡང་ཕམ་ཁ་མ་གཏོགས་གང་ཡང་ཡོང་སྲིད་རྒྱུ་མ་རེད། ད་ལྟའི་གནས་ཚུལ་ལ་བལྟས་ན་ཏང་གི་སྲིད་ཇུས་བཟང་ཡང་གཙོ་བོ་མི་རིགས་རང་གི་ནང་ལན་པས་མི་རིགས་སྤྱིའི་བྱ་བ་ཕར་ཞོག ཐ་ན་ནང་གི་མཐུན་སྒྲིལ་ཙམ་ཡང་མི་འོངས་པར་སྤུན་ཟླའི་བར་ཕྲག་དོག་དང་ནང་འཁོན་གྱིས་ཉིན་མཚན་འདའ་བར་ཡོད། ནང་འཛིང་དང༌། ཕྲག་དོག་གིས་རང་གིས་རང་ལ་གནོད་སྐྱེལ་བྱུང་པ་ཞིག་འདུག་ལ། རིམ་པ་མཐོ་གྲས་སུ་ཡོད་པའི་འགོ་ཁྲིད་པ་དང་མི་ཆེན་ཡིན་ཟེར་མཁན་མི་ཉུང་བ་ཞིག་གིས་ཀྱང་མི་རིགས་ལ་ཤ་ཚ་ཞིང་དེའི་བྱ་བ་རེ་གང་ནུས་ཅི་ལྕོགས་བྱེད་འོས་ཀྱང་སྒྲུབ་འདོད་དང་སྒྲུབ་སྤོབས་ཀྱི་བློ་མེད་པར། རང་གི་ཕན་ཁེ་ཙམ་རེ་གཉེར་བཞིན་པ་དང༌། མི་རིགས་ལ་ཤ་ཚ་ཞིང་ལ་རྒྱ་ཡོད་ཟེར་བའི་བོད་ཀྱི་ལས་བྱེད་པ་མང་པོ་ཞིག་གིས་ཀྱང་ཁ་ནས་མི་རིགས་ཞེས་མ་ཎི་འདོན་འདོན་བྱེད་པ་དེ་ལྟར་ཡང༌། ཐ་ན་རང་གི་བྱིས་པ་ཡང་བོད་ཡིག་སློབ་པའི་སྒོར་མི་འཇུག་པར་རྒྱ་ཡིག་སློབ་བཞིན་ཡོད་པ་ལྟ་བུ་ཁ་ཁོག་འགལ་བ་ལྟག་སྤྲོད་ཡིན་པ་ལ་མང་ཚོགས་ཀྱིས་འདི་ལྟར་བཤད་བཞིན་འདུག་སྟེ། ཁྱོད་ཚོས་མང་ཚོགས་དང་སློབ་མ་ལ་སློབ་གསོ་གཏོང་དུས་མི་རིགས་ཀྱི་ལ་རྒྱ་དང༌། མི་རིགས་ཀྱི་སློབ་གསོ། མི་རིགས་རང་གི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ཚུལ་ཤེས་མདོག་ཁ་མཁས་བྱེད་ནའང༌། དེ་ཁྱོད་རང་སྟེང་ལ་སྦྱར་ཚེ་བྱིས་པ་ཕོ་མོ་ཆེ་ཆུང་སུས་ཀྱང་བོད་ཡིག་སྦྱོང་རྒྱུ་ལྟ་ཞོག ཐ་ན་རང་སྐད་ཀྱང་ལེགས་པོ་བཤད་མི་ཤེས་འདི་གང་གིས་ལན་པ་ཡིན་ཞེས་འདྲི་བཞིན་འདུག་ན། དེ་ལ་ལན་ཇི་ལྟར་གདབ་དགོས་སམ།
ཀན་ལྷོའི་ས་ཁུལ་ནའང་གླེང་ཕྱོགས་འདི་ལྟ་བུ་ཞིག་འདུག་སྟེ། ཧོར་གཙང་ཤིང་སྒོའི་མན་ཆད་ལ་བུད་ཚེ་བོད་ཡིག་བཀོལ་ས་གང་ཡང་མེད་ཟེར་ཞིང་བོད་ཡིག་སློབ་པ་དོན་ཆུང་དུ་བརྩི་མཁན་མང༌། ལྷག་པར་དུ་ད་སྐབས་སློབ་མཐར་ཕྱིན་པའི་སློབ་མ་མང་པོ་ཞིག་བྱ་བ་རྙེད་དཀའ་བའི་གནས་ཚུལ་འོག་ཚང་མས་བོད་ཡིག་སློབ་འདོད་མེད་པར་མི་ཤེས་བཞིན་དུ་རྒྱ་ཡིག་ཁོ་ནར་འབད་བཞིན་འདུག རྒྱ་ཡིག་བསླབས་ན་མི་བཟང་ཟེར་བ་ག་ལ་ཡིན་ཏེ་ང་ཚོ་ནི་རྒྱ་རིགས་གཙོ་བོ་ཡིན་པའི་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པའི་མི་རིགས་ཡིན་སྟབས་སུས་ཀྱང་ཕྱོགས་ཙམ་སྦྱོང་དགོས་པ་བདེན་ཡང༌། བོད་ཡིག་སྤང་འདོད་ཀྱི་བསམ་བློ་དེ་རྩ་བ་ནས་ནོར་སོང་བ་རེད། འུ་ཚོ་ཚང་མ་བོད་པ་ཡིན་པས་བོད་ཡིག་སློབ་དགོས་པ་བྱ་བ་ཙམ་གྱི་ཆེད་མ་ཡིན་པར་མི་རིགས་རང་གི་འོས་འགན་རེད། བྱ་བའི་ངོས་ནས་བཤད་ནའང་དཔེར་ན་ཀན་ལྷོ་ན་ཡོད་པའི་བོད་ཀྱི་ལས་བྱེད་པ་ཚང་མས་རང་གི་མི་རིགས་ཀྱི་སྐད་དང་ཡི་གེའི་སྟེང་ནས་ཟ་མ་བཟའ་བཞིན་པ་མ་གཏོགས། ཀན་ལྷོའི་བོད་པ་ཚང་མས་རྒྱ་ཡིག་བསླབས་མ་བསླབས་གང་གིས་ཀྱང་མི་རིགས་གཞན་དང་ས་ཕྱོགས་གང་ལའང་ནུས་པ་ཅི་ཡང་ཐོན་མི་སྲིད་དེ། ཀན་ལྷོ་རུ་རྒྱ་ཡིག་སློབ་མཁན་མང་ཡང་ད་ལྟའི་བར་དུ་པེ་ཅིན་སོགས་ནང་ལོགས་ཀྱི་ཞིང་ཆེན་གཞན་ཕར་ཞོག ཀན་སུའུ་ནང་གི་ལན་གྲུ་གྲོང་ཁྱེར་གྱི་ལས་ཁུངས་ག་གེ་མོས་ཀན་ལྷོ་ནས་རྒྱ་ཡིག་གི་སྦྱངས་པ་ཕུལ་དུ་ཕྱིན་པ་ཆེ་གེ་མོ་གདན་དྲངས་སོང་ཟེར་བ་ཞིག་ཧ་གོ་མ་མྱོང་ལ། དེ་འདྲ་ད་ལྟའི་བར་དུ་བྱུང་མ་མྱོང་ལ་དེང་ཕྱིན་ཡང་འབྱུང་མི་སྲིད་པ་ལྟ་བུ་རེད།
མི་རིགས་ཀྱི་ས་ཁུལ་ཞིག་ཡིན་ན་རང་གི་སྐད་དང་ཡི་གེ་གཙོ་བོར་སྦྱངས། དེ་ལ་བརྟེན་ནས་རང་གི་མི་རིགས་ཀྱི་བྱ་བ་གཙོ་བོར་སྒྲུབ་ན་ནུས་པ་ཐོན་ལ། བྱ་བའང་རབ་དང་རིམ་པར་ཡོད་ངེས་པ་མ་གཏོགས། ཡོད་ཚད་ལ་ལད་ཟློས་བྱས་ཏེ་འབྲས་བུ་ཞིག་ལྟ་ཞོག དོན་ཆུང་འབྲས་བུ་ཆུང་བའི་བྱ་བ་ཙམ་མ་གཏོགས་བསྒྲུབ་འདོད་ཀྱང་བྱ་བ་བཙལ་ན་མི་རྙེད་པ་རང་གིས་བྱས་པ་རེད། ཡོད་ཚད་གཞན་ལ་ལྟོས་ནས་རང་གི་སྐད་དང་ཡི་གེ་གང་ཡང་གཙིགས་སུ་མ་བཟུང་ན། ནམ་ཞིག་གི་དུས་སུ་མི་རིགས་ག་གེ་མོ་ཞིག་གི་ལག་གཡོག་ཏུ་རྒྱུག་ནས་རང་གི་ཁ་གསོ་དགོས་པའི་དུས་ཤིག་འབྱུང་ངེས་རེད། དེ་བས་ང་ཚོ་ནི་རང་གི་ས་གནས་ལ་ཞབས་འདེགས་ཞུ་བ་ལ་ཆེད་དུ་གསོ་སྐྱོང་བྱེད་བཞིན་པའི་ཤེས་ལྡན་མི་སྣ་ཡིན་སྟབས། རང་གི་མི་རིགས་དང་ས་གནས་ཀྱི་གནས་ཚུལ་དངོས་ལ་ཕན་ཐོགས་པའི་རིག་གནས་དེ་གཙོ་བོར་སྦྱངས་དགོས་པ་ཡིན།
ཡང༌། སྤྱི་ཚོགས་སྟེང་གི་མི་སྐོར་ཞིག་གིས་ད་ལྟ་བོད་ཀྱི་རིག་གནས་སྦྱངས་ན་མི་རིགས་ས་ཁུལ་གྱི་བྱ་བ་ཆེ་ཕྲ་གང་ལའང་ཕན་པ་ལས་གནོད་པ་ཆེ་ཟེར། དེ་ནི་རྩ་བ་ནས་ནོར་བའི་ལྟ་བ་ཞིག་རེད། རིག་གནས་སྦྱངས་ན་ཕན་པ་ལས་གནོད་པ་ཆེ་ཟེར་བའི་གླེང་ཕྱོགས་རྒྱལ་ཁབ་ཕྱི་ནང་གང་དུའང་ག་ལ་ཡོད། མི་རིགས་ཀྱི་བྱ་བ་གང་ཡིན་ཡང་མི་རིགས་དེའི་སྐད་དང་ཡི་གེ་ལ་མ་འབྲེལ་བ་ཞིག་མེད་པ་ལ། དེ་མ་བསླབས་པར་གནོད་སྲིད་པར་འདོད་པ་ནི་དེའི་འཁྲུལ་ཤེས་ཀྱི་འཆར་སྒོ་ཙམ་ལས་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་དེ་བདེན་པར་འཛིན་ག་ལ་སྲིད་དེ། མི་སྲིད་དོ། །
ད་ལྟའི་སྤྱི་ཚོགས་འདིར་བོད་ཀྱི་རིག་གནས་ཐད་ཀྱི་སློབ་སྦྱོང་དང་ཞིབ་འཇུག་གི་ཆུ་ཚད་སྔོན་ཆད་དང་བསྡུར་ན་ཇེ་ཞན་ཇེ་སྡུག་ཏུ་གྱུར་དང་འགྱུར་བཞིན་ཡོད། མི་རབས་འདིའི་སྔོན་ཙམ་དུའང་སྦྱངས་པ་ཕུལ་དུ་ཕྱིན་པའི་མཁས་པ་གང་མང་བྱོན་ཡོད། ད་སྐབས་སློབ་སྦྱོང་གི་མཐུན་རྐྱེན་འཛོམས་ཀྱང་དེ་ལྟ་བུ་འབྱོན་རྒྱུ་ཕར་ཞོག་སྦྱངས་པའི་ཡོན་ཏན་ཇེ་ཞན་ནས་ཇེ་ཞན་དུ་འགྲོ་བར་འདུག སྦྱངས་པ་སྣེ་ཙམ་ཟིན་རྗེས་ཡིད་ཚིམ་ཞིང་རང་རློམ་རི་བས་མཐོ་བ་ཞིག་བྱས་ཏེ་སྡོད་མཁན་མང༌། བོད་ཀྱི་རིག་གནས་ཀྱང་དེ་འདྲ་སྦྱོང་སླ་བོ་དང་སྔ་ཙམ་ནས་བྱང་ཆུབ་པར་འགྱུར་བ་ཞིག་ག་ལ་ཡིན། ལྷག་པར་དུ་མ་བསླབས་མ་སྦྱངས་པར་དེའི་སྐྱོན་ཡོན་ག་ལ་མཐོང༌། ང་ཚོས་རིག་གནས་ཚང་མ་ཕར་ཞོག་བོད་རང་གི་རིག་གནས་ཆ་ཚང་བྱང་ཆུབ་པ་ཞིག་སྦྱོང་རྒྱུ་ཤིན་ཏུ་དཀའ་བའི་གནས་ཡིན་པ་བདེན་ཡང༌། བོད་ཀྱི་སློབ་གྲྭ་ཆེན་མོ་བ་ཞིག་ལ་མཚོན་ན་རིག་གནས་སྤྱི་ལ་གོ་བ་རགས་ཙམ་དང༌། ཕྱེད་ཙམ་ལ་བློ་བསྐྱེད་འབྲིང་ཙམ། རང་གི་ཆེད་ལས་སམ་རིག་པ་བྱེ་བྲག་པ་ཞིག་གཏིང་ཟབ་མོ་སྦྱངས་པ་ཡོང་ཐུབ་ཐབས་ལ་འབད་པ་བྱེད་རིགས་པ་ལས། སྦྱངས་པའི་འབྲས་བུར་མི་ཤེས་པ་གང་ཡང་མེད་པ་བཟང་མོད། གཏིང་ཟབ་མོ་ཤེས་པ་གཅིག་ཀྱང་མེད་པ་ཞིག་ཏུ་གྱུར་ན་དེ་ལས་ཕངས་ཆེ་བ་ཞིག་གང་ན་ཡོད།
བོད་ཀྱི་རིག་གནས་ཀུན་སྦྱངས་པ་མཐར་ཕྱིན་རྒྱུ་ནི་ད་ལྟའི་སློབ་མ་ཞིག་ལ་མཚོན་ན་ཧ་ཅང་དཀའ་སྟེ། སློབ་ཆུང་སྐབས་ཀྱི་དུས་ཚོད་ཧྲིལ་བོ་ཚད་མ་རིག་པ་སྦྱོང་བའི་དུས་ཚོད་དུ་སྤྱད་ཀྱང་ཕྱོགས་ཙམ་མ་གཏོགས་སྦྱོང་མི་ཚར་བ་དང༌། ལོ་ཉེར་བཞིར་མ་སྦྱངས་ན་ཕར་ཕྱིན་ལ་གོ་བ་རགས་ཙམ་ཡང་ལོན་མི་ཐུབ་པའི་ཚོད་ཡིན་ན་སྦྱང་གཞི་མང་བའི་སློབ་གྲྭ་ཆེན་མོ་བ་ཞིག་ལ་མཚོན་ན་ལོ་གཉིས་གསུམ་གྱི་རིང་ལ་བོད་ཀྱི་རིག་གནས་ལས་ཆ་ཤས་ཙམ་ལས་སྦྱོང་ཐབས་མེད་ན། དེ་ཙམ་ཤེས་པས་ང་རྒྱལ་སྐྱེ་ག་ལ་རིགས་ཏེ། མུ་མཐུད་དུ་བརྩོན་པ་བསྐྱེད་དེ་མ་མཐའ་ཡང་རིག་གནས་ཆུང་བ་ལྔ་བོ་ལ་གོ་བ་བཟང་ཙམ་ལོན་པར་བྱ་རྒྱུ་གལ་ཆེ།
ད་སྐབས་ཁོ་ནི་རྩོམ་པ་པོ་དང་སྙན་ངག་པ་ཡིན་ཟེར་མཁན་གྱི་ནང་ན་སུམ་རྟགས་དག་གསུམ་གྱི་རྨང་གཞི་ཙམ་ཡང་མ་ཆགས་པར། ད་རུང་སྙན་ངག་འབྲི་བཞིན་འདུག བྲིས་པའི་ཚིག་ལ་བོད་སྐད་ཀྱི་ཁྱད་ཆོས་ཕར་ཞོག་ཐ་ན་ཡི་གེ་དག་ཆ་ཙམ་ཡང་ཐོན་མེད་ལ་ཀློག་ཀྱང་མི་ཤེས་པའི་ཚད་དུ་འདུག་ན་དེ་སྙན་ངག་ཏུ་ག་ལ་འགྲོ། རིག་གནས་སྤྱི་ཕར་ཞོག་ཆེས་རྩ་བའི་རྨང་གཞི་སུམ་རྟགས་དག་གསུམ་ཙམ་ལའང་སྦྱངས་པ་རྩིང་བོ་ཙམ་ལས་སོང་མི་འདུག་པ་ལ་ད་དུང་སྦྱངས་བརྩོན་མི་བྱེད་པར་ང་རྒྱལ་ནི་ཆེན་པོ་རེ་འདུག བརྩོན་པ་མ་བསྐྱེད་པར་ཡོན་ཏན་བཟང་པོ་ཞིག་ག་ལ་འབྱོར། ལོ་བཅུ་ཕྲག་འགའི་སྔོན་དུ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་དབུས་ནས་སློབ་གཉེར་གནང་སྐབས་རྩམ་པ་བཞེས་རྒྱུ་མེད་པར་རྩམ་ཁུག་ལ་སྣོམ་ཞིང་སློབ་གཉེར་གནངས་པ་དང༌། སེ་རའི་བླ་མ་དང་དགེ་བཤེས་ཀྱི་ནང་ནའང་བཞེས་རྩམ་མ་འབྱོར་བས་ལྷམ་གྱི་ཀོ་དམར་བཙོས་པ་ཟས་སུ་བཞེས་ཏེ་སྦྱངས་བརྩོན་མཛད་ཚུལ་ངག་རྒྱུན་དུ་ཡོད་པ་དེ་ལྟ་བུའི་སྙིང་སྟོབས་དང་བརྩོན་པ་མེད་ན་སྦྱངས་པ་མཐར་ཕྱིན་རྒྱུ་དེ་སླ་མོ་ཞིག་མ་རེད། དེང་སྐབས་བོད་དུ་ཡོད་པའི་སྤྲུལ་སྐུ་ཕལ་མོ་ཆེ་ཡང་ཆེས་ཐོག་མའི་སྐུ་རྣམས་འཚོ་བ་སོགས་གང་ཐད་ནས་ཆ་རྐྱེན་ཞན་པས་མཁས་པར་གྱུར་པ་ཤ་སྟག་ཡིན། ཆ་རྐྱེན་ཇེ་བཟང་དུ་གྱུར་པས་སྐུ་ཕྲེང་གཞུག་མ་རྣམས་ནི་སྔོན་མ་ལས་ཡོན་ཏན་ཇེ་ཞན་ནས་ཇེ་ཞན་དུ་གྱུར་བའི་རྒྱུ་གཙོ་བོ་ཡང་ཆ་རྐྱེན་ཇེ་བཟང་དུ་སོང་བ་ལས་བརྩོན་པ་ཇེ་ཞན་དུ་གྱུར་བ་དེ་ཁོ་ནར་ཐུག་ཡོད།
དེས་ན་སློབ་མ་རྣམས་ཀྱིས་འཚོ་བའི་ཆ་རྐྱེན་དེ་སློབ་སྦྱོང་གི་གྲོགས་སུ་འགྱུར་བ་ཞིག་ཏུ་བརྩོན་པ་བྱེད་དགོས། སློབ་གྲྭ་འདི་ལྟ་བུར་མཚོན་ན་ནུབ་བྱང་ཕྱོགས་ཀྱི་བོད་ཀྱི་ཤེས་ཡོན་ཅན་སྐྱེད་སྲིང་བྱེད་སའི་ལྟེ་བ་ཡིན་སྟབས། འདི་གའི་དགེ་སློབ་ཡོངས་ཀྱིས་རང་རང་གི་གང་བབ་འགན་ཁུར་དེ་ཧུར་བརྩོན་ཆེན་པོས་བསྒྲུབ་རྒྱུ་དང༌། དེའི་ཐད་ཀྱི་གནད་དོན་ལ་ཐུགས་བསམ་གཏོང་རྒྱུའང་ཤིན་ཏུ་གལ་ཆེན་པོ་རེད།
མདོར་ན་བོད་ཀྱི་ན་གཞོན་ཚང་མས་མི་རིགས་རང་གི་སྐད་དང་ཡི་གེ་སྦྱོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། གལ་ཏེ་སྐད་དང་ཡེ་གེ་སྤངས་ཚེ་མི་རིགས་ལ་བརྩེ་དུང་ཡང་ཞོར་དུ་མེད་འགྲོ་བས་སློབ་གསོའི་བྱ་བ་དེ་དོན་ཆུང་དུ་བརྩི་རུང་བ་ཞིག་རྩ་བ་ནས་མིན། དེང་ཕྱིན་ཡང་དེ་དང་འབྲེལ་བའི་བྱ་བ་ཆེ་ཆུང་གང་ཡང་འཆོར་མེད་དུ་འཛིན་རྒྱུ་དང༌། བོད་ཀྱི་སྐད་དང་ཡི་གེ་ནམ་ཡང་གཙོ་བོར་བཀུར་ནས་བརྩོན་པ་བྱེད་རྒྱུ་ངའི་རེ་བ་ཡིན། ཁྱེད་རྣམ་པར་ཞུ་འོས་ཀྱི་གཏམ་མང་ཡང་གྲ་སྒྲིག་མེད་པར་ཐེངས་འདིར་འགྲིག་མི་འགྲིག་གི་སྐད་ཆ་མང་པོ་ཞིག་བློ་ངོར་ཅི་འཆར་གང་བྱུང་གིས་སྙིང་གཏམ་ལྷུག་པོར་བརྗོད་པ་ལ་ལེགས་ཉེས་སྤང་བླང་བྱེད་འོས་ཀྱི་དོན་ཅི་ཡོད་ཁྱོད་ཚོས་རང་རང་གིས་དཔྱད་དེ་གང་དགྱེས་མཛད་པར་ཞུ།
ཚང་མས་གསན་པར་ཐུགས་རྗེ་ཆེ་ཞུའོ། །
(བསེ་ཚང་བློ་བཟང་དཔལ་ལྡན་གྱི་་གསུང་འབུམ་པོད་བདུན་པ་ལས།)
༅༅། བསེ་ཚང་བློ་བཟང་དཔལ་ལྡན་གྱིས་བརྩམས་གནས་འདི་ཧ་ཅང་ཡག་པོ་བྲིས་འདུག་
ཁྱོད་ཐུགས་རྗེ་ཆེ། འདི་འདྲ་བོ་རང་གི་སྐད་ཡིག་སྐོར་ལ་དཔྱད་རྩོམ་འདྲ་བྲིས་པ་ནི་མ་འོངས་
མི་རིགས་ལ་ངེས་པར་ཕན་པས་ད་དུང་དགོངས་པར་བཞག་རོགས།