རྡོ་རྗེ་རིན་ཆེན། (སྐྱ་རེངས།)
མི་རིགས་ནི་རྒྱལ་ཁབ་ཐོར་བས་ཉམས་པ་མ་ཡིན་པར།
རིག་གནས་བཙོང་བས་ཉམས་པ་ཡིན།
——ཐོག་མའི་གཏམ་དུ།
• སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལས་འཕྲོས་པའི་བོད་མི་རིགས་ཀྱི་གནད་དོན་ཞིག
ཉེ་སྔོན་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གིས། རང་གི་མི་ཚེའི་ལོ་རྒྱུས་ ‘ཀ་ལོན་སྦུག་གི་ཐུག་བཟོ་བ’ (कालेबुङ) ཟེར་བའི་དེབ་ཅིག་དཔར་སྐྲུན་གནང་རྗེས། དྲ་ཐོག་དང་མི་མང་བོ་ཞིག་གིས་སྙོག་གཏམ་འདྲ་མིན་ལབ་ཀྱིན་འདུག་པ་མཐོང་ཞིང་ཐོས། སྤྱིར་ན། ལོ་རྒྱུས་སྨྲ་བ་དངོས་གནས་པ་ཞིག་ཡིན་ན། ལོ་རྒྱུས་ཀྱི་དྲང་བདེན་གྱི་ཆེད་དུ། རང་གི་རྒྱལ་བློན་གོང་མ་དང་། ཡབ་མེས་ཚོའི་ངོ་གདོང་ལ་མཆིལ་མ་འདོར་ཕོད་མཁན་ཞིག་ངེས་པར་ཡིན་དགོས་ནའང་། དགོད་བྲོ་བ་ཞིག་ལ། ང་རྒྱལ་དང་རང་རློམ་གྱིས་སྙིང་གང་བའི་བླུན་པོ་སྐོར་ཞིག་གིས། ཕུན་དབང་དང་འཇུ་ཆེན། གུང་ཐང་ཚུལ་ཁྲིམས་ལ་སོགས་ལྷ་རུ་མཐོང་ནས། རྒྱལ་ལོ་དོན་གྲུབ་ཁོ་ན་འདྲེ་རུ་མཐོང་བ་ནི་ཅི་འདྲའི་ཡ་ང་ཞིང་སྐྱུག་ལོག་པ་ཞིག་རེད་ཨང་།
མི་བུ་དེ་དག་གིས་ཆེན་པོ་ཞིག་ཤེས་མདོག་སྟོན་གྱིན་འདུག་མོད། དོན་གྱིས་སྤྱོད་ཚུལ་དེས་ཁོ་བ་ཚོས་ཅི་ཡང་ཤེས་ཀྱིན་མེད་པ་དང་། རང་ཉིད་ཀྱི་ནང་གི་བཙོག་པ་ཚང་མ་ལུས་ཕྱི་ལ་མངོན་པ་ལས་ཅི་ཡང་མ་ལགས་ཏེ། མདོར་ན། རྒྱལ་ལོ་དོན་གྲུབ་ཀྱི་ངོ་གདོང་ལ་ཐལ་བ་འདེབས་ན་གོང་གི་མི་ཆེན་དེ་དག་ཐེ་བའི་མང་བོ་ཞིག་གི་ངོ་གདོང་ལའང་ཐལ་བ་འདེབས་དགོས་པ་ལས་མ་འདས་ཤིང་། མ་གཞི་ནས་བོད་འདི་དང་། དེའི་ནང་ནས་ཡི་གེ་ཤེས་མཁན་དང་ཤེས་ཡོན་པར་སྒྲོག་པ་ཚོ། དེའི་ནང་ནས་ཀྱང་བཙན་བྱོལ་དུ་ཡོད་པ་ཚོ་དང་། དེའི་ནང་ནས་ཀྱང་རྒྱུད་བདག་མི་བཟང་བའི་སྐུ་དྲག་མི་དྲག་དང་། ལས་སྣེ་འཛིན་པ་བ་དག་ནི། དངོས་ནས་ངོ་ཚ་ཁྱི་དང་གོ་བ་བོང་བུ་ལས་ཀྱང་སྡུག་པའི་ཚོད་དུ་འདུག་སྟེ།
ཁོ་བ་ཚོས་སྔོན་མ་པན་ཆེན་སྐུ་འཕྲེང་བཅུ་བ་དང་། ཕུན་དབང་སོགས་ཀྱིས་ཐེ་བའི་བོད་ནང་གི་མགོ་ཁྲིད་དང་ཤེས་ཡོན་པ་རྒན་པ་སྐོར་ཞིག་ནི། བོད་ཀྱི་ཞབས་འདྲེན་པ་དང་ནང་རུལ་བ་ཡ་མེད་རྐྱང་རྐྱང་དུ་བསྒྲགས་ཤིང་། ཐ་ན། དང་ཐོག་སྐུ་མདུན་བཙན་བྱོལ་དུ་ཕེབས་ནས་མི་རིང་བའི་མཚམས་སུ། བླ་མ་རྫུན་མ་དང་རྒྱལ་བཙོང་བ་ཞེས་དམོད་པ་རེད་པས། ཅི་འདྲའི་ངོ་ཚ་ཁྲེལ་མེད་ཅིག་རེད་ཨང་།
ཉེ་བའི་ལོ་ངོ་འདི་དག་གི་ནང་དུ། གློ་བུར་དུ་ཤེས་མིན་ཚང་མས་གཟའ་བྱུང་བ་བཞིན། ཁོང་ཅག་ལས་ལྷག་པའི་བོད་ལ་བཀའ་དྲིན་ཆེ་བ་དང་། བོད་ཀྱི་ལ་རྒྱ་དང་སྙིང་སྟོབས་ལྡན་མཁན་ཞིག་ཧ་ལམ་མགོ་ནག་བོད་ལ་ད་སྔ་མ་བྱོན་པ་དང་། ཕྱིས་སུ་འབྱོན་མི་ནུས་པའི་ཚོད་དུ། ཁ་ཐོགས་ཚད་ཀྱིས་རང་ཉིད་ལ་ཡ་མཚན་པའི་རྟོག་པ་ཞིག་སད་མདོག་དང་ཤེས་མདོག་གིས་བཤད་ཅིང་བཤད་མུས་སུ་མཆིས་སོ།།
ཕྱོགས་གཞན་ཞིག་ནས་བཤད་ན་ནི། དུས་སྐབས་འདིར་བོད་ལ་ཡོད་པའི་ཤེས་ཡོན་པ་དང་ལོ་རྒྱུས་སྨྲ་བར་སྒྲོག་པ་མང་ཆེ་བ་ནི། བོད་ཀྱི་རིག་གནས་བཙོང་མཁན་རྐྱང་ཡིན་པས། ཁོ་ཚོས་དེ་ལ་ “རང་གི་རིག་གནས་དང་ཆོས་ལུགས་འཛམ་གླིང་ལ་བརྒྱུད་སྒྲོག་བྱེད་པ” ཞེས་འབོད་ནའང་། ང་ཚོས་དེ་དག་ལ་ “རིག་གནས་བརྒྱུད་སྒྲོག་མཁན” ཞེས་འབོད་པ་ལས། “མི་རིགས་ཀྱི་རྒྱུ་རྫས་སྒེར་ཟ་མཁན་དང་། མི་རིགས་ཀྱི་བླ་སྲོག་བཙོང་ནས་རང་ཁ་གསོ་མཁན” ཞེས་བོས་ན། ཧ་ཅང་འོས་ཤིང་འཚམས་པའོ།།
གལ་སྲིད་མི་རབས་ཕྱི་མ་ཚོས་བོད་ཀྱི་ལོ་རྒྱུས་ལ་དུས་མཚམས་ཤིག་དབྱེ་བའི་དབང་དུ་བཏང་ན། ༡༩༥༩ལོའི་ཚུན་ཆད་ནས་བཟུང་སྟེ་དེ་རིང་གི་བར་ནི། རྒྱལ་ཁབ་ཉམས་ཤིང་མི་རིགས་ཁ་ཐོར་དུ་སོང་བའི་དུས་སྐབས་དང་། དེ་རིང་ནས་མ་འོངས་པའི་ལོ་ངོ་ཉི་ཤུའི་མཚམས་ནི། རིག་གནས་ཉམས་རྒུད་དུ་སོང་ཞིང་། མི་རིགས་ཀྱི་རྒྱུད་སྦགས་ཏེ་མཇུག་སྒྲིལ་བའི་དུས་སྐབས་ཡིན་ངེས་ཏེ། རྒྱུ་མཚན།
གཅིག བོད་ལ་མི་འབོར་ཉུང་བ་དང་དེའི་ཐོག་ཁ་ཐོར་དུ་གནས་པ། མཉམ་དུ་གནས་པ་དག་ཀྱང་མཐུན་སྒྲིལ་མེད་པ་དང་ནང་འཁྲུག་ཡང་ཡང་བྱེད་ཀྱིན་པ།
གཉིས། རྒྱ་ནག་སྲིད་གཞུང་གི་ཆབ་སྲིད་ཀྱིས་ནམ་ཡང་བོད་འདི་རྩ་མེད་དུ་གཏོང་བའི་ཐབས་དང་བཀོད་པ་སྣ་ཚོགས་པ་ཞིག་སྤེལ་གྱིན་པ།
གསུམ། བོད་དུ་གནས་པའི་བོད་མི་མང་བོ་ཞིག་འབྲོག་ས་དང་ཞིང་ས་ནས་གྲོང་ཁྱེར་དུ་གནས་སྤོས་ཏེ། བུ་ཕྲུག་མང་བོ་ཞིག་གིས་བོད་ཀྱི་རིག་གནས་གཏིང་ཟབ་མོ་ཞིག་ཕར་ཞོག བོད་སྐད་གཙང་མ་ཞིག་ཀྱང་བཤད་ཤེས་ཀྱིན་མེད་པ།
བཞི། རྒྱ་གར་ན་བཙལ་བྱོལ་དུ་ཡོད་པའི་བོད་མི་མང་ཆེ་བ་ཞིག་གི་བུ་ཕྲུག་རྣམས་ཀྱིས། བོད་སྐད་བོད་ཡིག་ཙམ་ཞིག་འབྲི་ཀློག་ཤེས་ནའང་། དེས་མི་རིགས་ཤིག་གི་སྐད་ཡིག་དང་རིག་གནས་རྒྱུན་འཛིན་བྱེད་པ་ལ་རྔོ་གང་ཡང་མི་ཐོགས་པས། ཤེས་དང་མ་ཤེས་གང་ཡང་མེད་དོ།།
ལྔ། ཕྱི་རྒྱལ་ཁག་ཨ་རི་དང་ཨོ་གླིང་། ཡོ་རོབ་ཁག་ཏུ་ཡོད་པའི་བོད་ཀྱི་བུ་ཕྲུག་ཧ་ལམ་བརྒྱ་ཆ་བརྒྱ་ནས་དགུ་བཅུ་གོ་དགུས། བོད་ཀྱི་ཆེས་མ་མཐའི་སྐད་དང་ཡི་གེ་ཙམ་ཡང་ཤོད་མི་ཤེས་པ།
དྲུག ད་ལྟ་བོད་དུ་ཡོད་པའི་ཤེས་ཡོན་པ་དང་རིག་གནས་པ་མང་ཆེ་བ་ནི། རང་གི་རིག་གནས་ཕྱི་ལ་བཙོང་མཁན་ཡིན་པ་ལས། ནང་འདྲེན་བྱེད་མཁན་ཤིན་ཏུ་ནས་དཀོན་པ། (འདིའི་སྐོར་ཁོ་བོའི་ “མི་རིགས་ཤིག་ཉམས་རྒུད་དུ་འགྲོ་བའི་དུས་སྐབས” ཅེས་པའི་རྩོམ་ཡིག་ནང་གསལ།)
བདུན། སྤྱིའི་ཆ་ནས་བོད་མི་ཡོངས་དཔེ་ཀློག་དང་ཤེས་ཡོན་པ་ལ་མི་དགའ་བ་དང་། དེང་རབས་ཀྱི་དངོས་པོ་ལ་དགའ་བ་ལས་རིག་གནས་ལ་མི་དགའ་བ།
བརྒྱད། ན་གཞོན་ཕོ་མོ་མང་བོ་ཞིག་མི་རིགས་གཞན་དང་གཞན་ལ་གཉེན་བསྒྲིགས་ཏེ། མི་རིགས་ཀྱི་རྒྱུད་སྦག་གིན་པ་མ་ཟད། མང་བོ་ཞིག་གིས་དེ་ནི་གཟི་བརྗིད་ཅིག་ཏུ་མངོན་གྱིན་པ། (མི་སྒེར་ཞིག་ལ་མཚོན་ན་དེ་ནི་རང་དབང་དང་ལུགས་མཐུན་ཞིག་ཅི་ལ་མིན་མོད། འོན་ཀྱང་། མི་རིགས་ཤིག་གི་ངོས་ནས་དེ་ནི་གནད་དོན་ཞིག་ཡིན།)
དགུ། བོད་མི་བྱིངས་ད་དུང་མུན་འཐོམས་དང་ཡིག་རྨོངས་ཡིན་རྐྱེན། རང་གི་མི་རིགས་དང་རིག་གནས་ཉམས་ནས་འཆི་བཞིན་ཡོད་ནའང་། སྔར་བཞིན་ཤེས་མེད་ཚོར་མེད་དུ་ཉེན་འཚབ་མེད་པར་གནས་པ།
བཅུ། ཆེས་འཇིགས་སུ་རུང་བ་ཞིག་ནི། མི་རིགས་དང་རིག་གནས་ཧ་ཅང་ཉེན་ཁའི་གནས་སུ་གྱར་ཡོད་ནའང་། ངེས་དོན་གྱི་ཤེས་ཡོན་པ་དང་འཐུས་སྒོ་ཚང་བའི་བསམ་བློ་བ་ཞིག་གིས། དེ་ལ་སྣ་འདྲེན་དང་ལམ་སྟོན་བྱེད་ཐུབ་ཀྱིན་མེད་པ་དེའོ།།
གོང་གི་འདི་ལྟ་བུའི་མི་རིགས་ཤིག་དང་དེའི་རིག་གནས་ཉམས་པའི་ཕྱི་རྐྱེན་ནང་རྐྱེན་མང་བོ་ཞིག་ཚང་ནས་ཡོང་གི་ཡོད་ཕྱིན། བདག་གིས་བློས་དཔོག་ཚད་བྱས་ན། ང་ཚོ་མུ་མཐུད་དུ་འདི་ལྟར་ཕྱིན་ཚེ། མ་འོངས་པའི་ལོ་ངོ་ཉི་ཤུའི་རྗེས་སུ། བོད་ཀྱི་མི་རིགས་དང་རིག་གནས་མ་ལུས་ཟད་ནས་ཤུལ་འབུད་རྒྱུ་ཡིན་པ་ཐག་གིས་ཆོད་དོ།།
ཕྱི་ལོ་༢༠༡༤ ལོར་བདག་གིས་དཔེ་དེབ་ཅིག་དཔར་བསྐྲུན་བྱས་པ་ཡིན། དེའི་ཁ་བྱང་ལ་ ‘འཆི་གསོན་གྱི་གདམ་ག’ཟེར། བདག་གིས་མིང་དེ་འདྲ་ཞིག་གདགས་པས་རྒྱུ་མཚན་ནི། རིག་གནས་ཤིག་གི་འཆི་གསོན་ནི་མི་རིགས་ཤིག་གི་འཆི་གསོན་ཡིན་པས། དེ་ལ་ཇི་ལྟར་གདམ་ག་བྱ་མིན་ནི་ང་ཚོ་ལ་རག་ལས་ཡོད་རྐྱེན། དེང་ང་ཚོའི་མི་རིགས་ནི་འཆི་གསོན་གྱི་གདམ་གར་ཐུག་ཡོད་པས། ང་ཚོས་ངེས་པར་མནོ་བསམ་གཏོང་བའི་དུས་ལ་བབས་ཡོད་པས་དབང་གིས་སོ།།
• མཁས་དབང་མཁར་རྨེའུ་བསམ་གཏན་ལས་འཕྲོས་པའི་བོད་ཀྱི་རིག་གནས་ཀྱི་གནད་དོན་ཞིག
ཉེ་བའི་བོད་ཀྱི་ལོ་རྒྱུས་སྨྲ་བའི་ཁྲོད་དུ་ངེས་དོན་གྱི་ལོ་རྒྱུས་སྨྲ་བ་ཞིག་ལྷག་པ་ནི། མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཤིང་། ཁོང་གིས་བོད་ཀྱི་ལོ་རྒྱུས་ཀྱི་གཏིང་སར་ལག་པ་བསྙབས་ཏེ། བོད་ལའང་ལོ་ངོ་སྟོང་ཕྲག་མང་པོའི་ཡར་སྔོན་དུ། སངས་རྒྱས་པའི་ཆོས་ལས་གཞན་པའི་ཆོས་དང་འཇིག་རྟེན་པའི་རིག་གནས་ཁེ་གཙང་བ་གྱ་ནོམ་པ་ཞིག་བདོག་པར་འབད་པས་སྒྲུབ་ཀྱིན་ཡོད་ནའང་། སངས་རྒྱས་པའི་ཆོས་ཁོ་ན་མཆོག་དང་བླ་རུ་མཐོང་བའི་མི་བུ་སྐོར་ཞིག་གིས། བོད་ལ་དགའ་མདོག་དང་ཆོས་ལ་དད་མདོག་གིས། མཁར་རྨེའུ་བསམ་གཏན་ནི་བོན་ཁོ་ན་ཕྱོགས་སུ་འཁྱེར་པའི་རྒད་པོ་ཞིག་གོ་ཞེས་སྨྲ་ཡི་འདུག་མོད། དེ་ནི་ཅི་འདྲའི་གླེན་བཤད་ཅིག་ཏུ་མི་འགྲོ།
མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཁོང་གིས་བོན་གཙིགས་སུ་བཟུང་ནས་བཤད་ཅིང་སྒྲུབ་དོན་ནི། སངས་རྒྱས་པའི་ཆོས་བོད་ལ་མ་བསླེབས་པའི་སྔ་རོལ་ནས། བོད་ལའང་གདོད་མ་ནས་དང་གནའ་སྔ་མོའི་དུས་ནས། དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀྱི་རིག་གནས་ཡོད་པ་དེ་ཉིད། ཕྱིས་སུ་སངས་རྒྱས་པའི་ཆོས་དར་ཤུགས་ཆེ་དྲག་ནས། ཡོད་ཚད་དེའི་གསེང་དང་སྦུབས་སུ་འདྲེས་ཤིང་ཉོག་ཏེ། ང་ཚོ་ཕྱི་རབས་པ་ཚོས་ངོས་མི་ཟིན་པ་དང་། ཟིན་ཡང་བོན་ཞེས་ལོག་པ་བ་ཞིག་ཏུ་འདོད་པའི་བོད་རང་གི་རིག་གནས་དེ་ཉིད། ཕྱིར་གསོན་དུ་འཇུག་པ་དང་། བསྐྱར་དུ་དེ་ལ་ངོས་ཟིན་གསར་བ་ཞིག་དང་རིན་ཐང་དོན་མཐུན་ཞིག་ཡོང་ཕྱིར་ཡིན་པ་ནི། ཁོང་གི་གསུང་རྩོམ་དག་ལས་ཤེས་ནུས་པ་ལགས་སོ།།
མང་བོ་ཞིག་གིས། ནང་པ་སངས་རྒྱས་པའི་ཆོས་ཕར་བཞག་པའི་ཤུལ་དུ། བོད་ལ་རིག་གནས་ཤིག་འཇོག་རྒྱུ་མེད་པར་འདོད་ཀྱིན་ཡོད། དེ་ནི་ཧ་ཅང་གི་འཇིགས་སུ་རུང་བ་ཞིག་རེད། འོ་ན། “དོན་གྱིས་དེ་འདྲ་ཞིག་ཡིན་ནམ” ཞེས་ན། གང་ནས་ཡིན་ཏེ། བོད་ལ་སངས་རྒྱས་ཆོས་ལུགས་མ་ཡིན་པའི་ལྷ་ཆོས་དང་། མི་ཆོས་ཀྱི་རིག་གནས་ཕུན་སུམ་ཚོགས་པ་མང་བོ་ཞིག་གནའ་སྔ་མོའི་དུས་ནས་ཡོད་པ་ནི། སྒྲུབ་བྱེད་ཀྱི་རིག་པ་དང་ལུང་མང་བོ་ཞིག་མི་དགོས་ཏེ། བདག་གིས་སྔོན་ཚུལ་ནས་བརྗོད་མྱོང་བ་བཞིན། “གང་དེའི་མི་རིགས་ལ་ལྷ་སྒྲུང་དང་ངག་རྒྱུན་གྱི་གཏམ་རྒྱུད་ཇི་ལྟར་རིང་ན། དེ་བཞིན་མི་རིགས་གང་དེར་དཔལ་ཡོན་དང་རིག་གནས་དར་མྱོང་བ་མཚོན་པར་མ་ཟད། མི་རིགས་དེ་ནི་རང་གི་ཐུན་མིན་གྱི་ལོ་རྒྱུས་དང་རིག་གནས་མངའ་བའི་མི་རིགས་ཤིག་ཡིན་པའང་ཤུགས་སུ་གྲུབ་པ་ཡིན” ཞེས་པ་ལྟར་རོ།།
ཡང་གཅིག་ན། བོད་ཀྱི་རིག་གནས་དང་བོད་ལ་དགའ་བས་ནི། བོན་ལ་དགའ་བ་དོན་གྱིས་མཚོན་ཏེ། དེ་མིན་པར་བོད་དང་བོད་ཀྱི་རིག་གནས་ལ་དགའ་མདོག་དང་། བོན་ལ་མི་དགའ་མདོག དེ་གནའ་བོའི་བོད་ཀྱི་ཆོས་ལུགས་ཙམ་དུ་ངོས་འཛིན་པ་ནི། ནོར་བའི་ནོར་བ་ཁོ་ན་ཞིག་སྟེ། བོད་ཀྱི་རིག་གནས་ནར་མ་བོ་དང་བོད་མ་ནོར་བ་ནི། བོན་གྱི་རིག་གནས་ལས་བདེན་དཔང་བྱེད་པ་ལས། སངས་རྒྱས་ཆོས་ལུགས་ལས་ནམ་ཡང་མི་བྱེད་པ་དང་། ངོ་ཚ་མེད་པའི་རང་ཅག་པ་སྐོར་ཞིག་ལས། སུ་གཅིག་གིས་ཀྱང་བོད་དར་སངས་རྒྱས་ཆོས་ལུགས་ནི། བོད་ཀྱི་རིག་གནས་ཀྱི་ཟུར་རྒྱན་ཙམ་ལས། དེ་ནི་རྨང་དང་གཏིང་རེད་གཏན་ནས་མི་ཟེར་རོ།།
མདོར་ན། ངོ་བསྟོད་དང་འུར་སྒྲོག་ལ་དགའ་བའི་ང་ཚོ་ནི། མི་རིགས་གཞན་གྱི་མཁས་པ་འགའ་དང་མི་བུ་རེ་ཟུང་ཞིག་གིས། རང་ཅག་གི་མི་གཤིས་ཡག་རབས་རྒྱན་རབས་དང་། རིག་གནས་ལ་རིན་ཐང་ཆེ་ཚུལ་གྱི་བསྟོད་ཚིག་ཉི་ཚེ་བ་རེ་བྱས་ཡོད་པ་དག་ལ། ཡིད་ཚིམས་ཤིང་དགའ་དྲག་ནས། རྐང་བ་ས་ལ་མི་རེག་ཅིང་མགོ་བོ་སྤྲིན་ལ་མི་ཐོགས་པར། རང་གི་མུན་ཁུང་གི་མལ་ས་ན་ཡ་མཚན་ཞིང་། ཧ་ལས་པའི་རྨི་ལམ་སྐྱིད་བྲོ་བ་རེ་གཏོང་བཞིན་ལྷག་འདུག་གོ།
ཡང་ཁ་ཅིག་གིས། “བོད་མི་རིགས་ནི་ཕྱི་དངོས་པོའི་དཔལ་ཡོན་གྱིས་དབུལ་ཡང་། ནང་བསམ་བློའི་ཆ་ནས་འཛམ་གླིང་ན་ཕྱུག་པོ་ཡིན” ཞེས་རང་སེམས་རང་གིས་གསོས་ཏེ། “བོད་མི་ཚོ་ནི་ག་དུས་ཡིན་ནའང་སེམས་པ་སྤྲོ་ལྷིང་ལྷིང་དང་། ངོ་གདོང་འཛུམ་ཀྲིག་ཀྲིག་ཏུ་ཡོད” ཅེས་གཞན་ལ་སྨྲ་ཡི་འདུག དོན་གྱི་བོད་མི་ཚོའི་སེམས་ཀྱི་སྐྱིད་སྣང་དེ་དང་ངོ་གདོང་གི་འཛུམ་མདངས་དེ་ནི། རང་ཅག་ནང་གི་རྟོག་པ་སད་དྲགས་ནས་དང་། བསམ་བློའི་དགོངས་པ་མཐོ་སོང་བས་ནི་གཏན་མ་ཡིན་པར། རང་ཅག་ཕ་ཤི་ཡང་བྲོ་འཁྲབ་པའི་དཔེ་བཞིན། ལྐུགས་དྲགས་ནས་དང་བླུན་ཆེ་བས་ཡིན་པ་སུས་མི་ཤེས་ཏེ། རྒྱལ་ཁབ་ཉམས། མི་རིགས་ཐོར། རིག་གནས་རྒུད་ནའང་། ད་དུང་ནང་འཁྲུག་དང་ཕྱོགས་རིས། མདོར་ན། ངན་སྐྱུག་ཏག་ཏག་གི་ལས་སྒྲུབ་ཀྱིན་གནས་ཤིང་འཚོ་བས་སོ།།
མཐའ་དོན། རང་རིགས་ནི་རང་ལ་མི་གསལ་རྒྱུ་ཅི་ཞིག་ཡོད་དེ། མུན་འཐོམས་དང་གཏུམ་སྦྱོད་ཅན། ནང་འཁྲུག་ལ་མོས་ཤིང་། ངོ་དགའ་སྤྲེལ་ལད་ཆེ་བ། རེ་སྟོང་དང་སྟོང་ལབ་ལ་དགའ་བའི་མི་རིགས་ངོ་མཚར་པ་ཞིག་ཡིན་པ་མི་གསལ་རྒྱུ་ཅི་ཞིག་ཡོད། ང་ཚོས་སྔོན་མའི་བཀའ་གདམས་པའི་དགེ་བཤེས་མཁས་པ་ཚོས་གནང་བའི་བསླབ་བྱ་དག་ལ་མཇལ་ཚེ། ཁོང་ཚོ་རང་ཅག་ལ་ཡིད་ཆད་དང་སྐྱོ་སྣང་གང་འདྲ་ཞིག་སྐྱེས་ཡོད་པ་གསལ་བོ་མཐོང་ཐུབ་ལ། དེ་ནི་ད་གཟོད་རང་གི་མིག་གིས་རང་ལ་བལྟས་པ་ཡིན་ཕྱིན། ངེས་པར་ཡིད་ལ་བཟུང་ནས་སེམས་སུ་ཉར་དགོས་པ་ཞིག་མ་ཡིན་ནམ་བསམ་གྱིན་འདུག་གོ།
༢༠༡༥།༤།༣། ཉིན།
ཡག་པོ་ཚོར་སོང་།
ཡག་པོ་བྲིས་འདུག
གནད་འགག་རེ་འགའ་ཡག་པོ་བཤད་འདུག འོན་ཀྱང་རྒྱལ་ལོ་དཀར་འདོན་བྱེད་སྟངས་དེ་བཀའ་བཀྱོན་གྱིས་བཙན་སྒྲུབ་གནང་བ་མ་གཏོགས་རིགས་པས་ངང་སྒྲུབ་གནང་མི་འདུག་པ་འདི་ཅུང་ཕངས་པོ་བྱུང་། དག་ཆའང་་་་་་
ཐུགས་རྗེ་ཆེ། ཡག་པོ་དང་དྲང་པོ། ཚོར་བ་དང་ལྡན་པ། བོད་ཀྱི་རིག་གནས་ལ་བྲོ་དྲི་ཁ་བ་བྲིས་འདུག བདག་ལྟ་བུས་དེ་བདེན་པ་བདེན་རྐྱང་ཡིན་པར་ངོས་ལེན་ལོས་བྱེད། འོན་ཀྱང། ངའི་ཨ་མདོ་བའི་གྲོགས་པོ་ཚོས་ནམ་རྒྱུན་ཁ་ནས་ཤོད་བསྡད་ཡག་ཅིག་ཡོད་པ་ནི་(ཨ་རོ། བདེན་ད་བདེན་ནི། ད་ཤོད་ཚོད་མེད་ཀིན་ནི། ཨ་རོ། ཨ་ཨ་ཨ་ཨ་་་་་་)ཅེས་མགོ་བོ་ལྡིང་ལྡིང་གཡུག་ཙམ་གྱི་ངང་ཟེར་ཡག་དེ་ག་རང་རེད། བཅོས་སུ་མེད་པ་རེད། ཕྱིས་དྲགས་པ་རེད། འོན་ཀྱང་ཁྱེད་རང་སྒེར་གྱི་བོད་ཞེན་གྱི་དབང་གིས་ནང་སེམས་ཀྱི་ཚོར་བ་བཏོན་བཏང་བས། འཕྲལ་མར་ཉིན་ཤས་རིང་ལྷོད་སངས་སངས་འདྲ་ཅིག་འབྱུང་སྲིད། ཝ་ཡེ། མཚན་མོ་ཉལ་ས་རུ་ཨ་ལྕག་གིས་བཀའ་བཀྱོན་གཟེད་མ་སོང་ངམ། ཧ་ཧ་ཧ་་་་་་ སྐུ་རྩེད་ཡིན། དོན་དངོས་མ་བཤད་ན། བོད་ཀྱི་སྤྱི་ཚོགས་འདིའི་སྐུ་མདོག་ངོ་མ་དེ་འགྱུར་ཟིན་པ་རེད། ཕྱི་ནས་སྙིང་རྗེའི་རིག་གཞུང་ཟེར་བ་ཞིག་གདན་ཞུས་ཏེ་རང་གི་ཡིན་བསམས་ནས་བསྡད་ཡོད་ཡོད་ཁ་རེད། དབང་འཇིན་པ་ཚོས་མི་དམངས་ལ་མུན་འཐོམས་དག་སྣང་དུ་བསྒྱུར་རྒྱུ་ཡོད་རེད་ཅེས་གཏམ་ཉོག་རྐྱང་རྐྱང་བཤད་ནས་འཐོམས་ཞྭ་བཀོན་ནས་འགྲོ་བསྡད་གིན་ཡོད་རེད་དོ། མགོ་བོ་བཟིར་གིན་འཁྱིར་གིན་ད་དུང་དག་སྣང་ཟེར་ནས་འགྲོ་བསྡད་ཀྱིན་ཡོད་རེད་དོ། ཤེས་ལྡན་པ་ཚོས་སྔོན་མ་ནས་ཚོར་ཟིན་པ་རེད། མཁྱེན་ལྡན་ཚོ་ནི། མགོ་གནོན་གྱིན་བརྡུང་རྡེག་གཟེད་གིན་ཕོག་གིན་ཤི་གསོན་གཉིས་ཀ་མྱོང་གིན་བྱས་ནས་ཕེབས་པ་རེད། ད་ཁྱོད་བདེ་མོ་བྱོས། ང་གཉིས་ཅིག་ཐུག་སོང་ན་འཐེན་ཐུག་ཞིམ་པོ་གཅིག་འཐུང་། ཆང་ནི་ང་མི་འཐུང་། དགོངས་དག རྒྱགས་གཏམ་འདྲ་བཤད་ནས་བསྡད་ཆོག་གི་རེད། ད་རང་གིས་གང་ཐུབ་བྱོས། རིག་གནས་ཀྱི་དབུ་འཕང་བཏེགས། བོད་མི་རིགས་འདི་སྙིང་རྗེ་ལྡན་པའི་མི་རིགས་ཤིག་ཡིན་དུ་ཆུག་་་་་་་་རེད་ཡ་་་་་། ཧ་ཧ་ཧ་ཧ་་་་་་་་་་་་་་་་
བརྒྱད། ན་གཞོན་ཕོ་མོ་མང་བོ་ཞིག་མི་རིགས་གཞན་དང་གཞན་ལ་གཉེན་བསྒྲིགས་ཏེ། མི་རིགས་ཀྱི་རྒྱུད་སྦག་གིན་པ་མ་ཟད། མང་བོ་ཞིག་གིས་དེ་ནི་བཟི་རྗིད་ཅིག་ཏུ་མངོན་གྱིན་པ། (མི་སྒེར་ཞིག་ལ་མཚོན་ན་དེ་ནི་རང་དབང་དང་ལུགས་མཐུན་ཞིག་ཅི་ལ་མིན་མོད། འོན་ཀྱང་། མི་རིགས་ཤིག་གི་ངོས་ནས་དེ་ནི་གནད་དོན་ཞིག་ཡིན།)
ཟེར་འདི་ནི་གནད་དོན་ཞིག་ཡིན་པ་མ་ཟད་མི་རིགས་རྩ་མེད་དུ་འགྲོ་བའི་ཉེས་ཁ་ཞིག་ཀྱང་རེད།
༼མི་རིགས་ནི་རྒྱལ་ཁབ་ཐོར་བས་ཉམས་པ་མ་ཡིན་པར། རིག་གནས་བཙོང་བས་ཉམས་པ་ཡིན།༽
མི་རིགས་ནི་རང་གི་རྒྱལ་ཁབ་བཏོར་བས་ལོས་ཉམས་ལ། རང་གི་རིག་གནས་བརྩིས་མེད་དུ་བཏང་བས་ཀྱང་ཉམས་པ་ཡིན་ནོ། །
གནད་འགག་རེ་འགའ་ཡག་པོ་བཤད་འདུག འོན་ཀྱང་བོན་ཆོས་བོད་ཀྱི་རིག་གཞུང་ཡིན་ཚུལ་དང་་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ནི་་བོད་ཀྱི་ལོ་རྒྱུས་སྨྲ་བ་དག་མ་ཞིག་ཡིན་ཚུལ་སྒྲུབ་སྟངས་དེ་བཀའ་བཀྱོན་གྱིས་བཙན་སྒྲུབ་གནང་བ་མ་གཏོགས་རིགས་པས་ངང་སྒྲུབ་གནང་མི་འདུག་པ་འདི་ཅུང་ཕངས་པོ་བྱུང་།
༼མི་རིགས་ནི་རྒྱལ་ཁབ་ཐོར་བས་ཉམས་པ་མ་ཡིན་པར། རིག་གནས་བཙོང་བས་ཉམས་པ་ཡིན།༽
མི་རིགས་ནི་རྒྱལ་ཁབ་ཐོར་བས་ཉམས་པ་མ་ཡིན་པར། ཡོད་ཚད་གཞན་ལ་གཏུག་པས་ཉམས་པ་ཡིན་ནོ།
མི་རིགས་ནི་རྒྱལ་ཁབ་ཐོར་བས་ཉམས་པ་མ་ཡིན་པར། ཆོས་པས་ཆོས་ལོག་སྤྱོད་ནས་ཉམས་པ་ཡིན་ནོ།
མི་རིགས་ནི་རྒྱལ་ཁབ་ཐོར་བས་ཉམས་པ་མ་ཡིན་པར། རང་རིགས་རང་གིས་བརླགས་ནས་ཉམས་པ་ཡིན་ནོ།
མི་རིགས་ནི་རྒྱལ་ཁབ་ཐོར་བས་ཉམས་པ་མ་ཡིན་པར། ཆོས་ལུགས་ཆོལ་ག་རྩོད་ནས་ཉམས་པ་ཡིན་ནོ།
ད་ཧ་མི་གོ། བོད་ཀྱི་་རྒྱུས་འདི་མགོ་རྙོག་ཅན་ཞིག་དང། ལོ་རྒྱུས་འདི་ཚོའི་རྒྱབ་ལྗོང་ལ་། གཏེར་མང་པོ་ཞིག་སྡོལ་ཡོངས་བར་བསམ། ཡག་པོ་འདུག་ར་སྟག་གི་རྩོད་རྙོག་དེ་བོད་ཕུང་བའི་གཞི་མ་དང། རྒྱལ་ལོ་ཡང་དེའི་ནང་ལ་བཟང་ཕྱོགས་དང་ངན་ཕྱོགས་གཉིས་ཀར་འདུག་བསམ་། ཡིན་ན་ཡང་རྒྱལ་ལོའི་བོད་དོན་ཐོག་དཀའ་ལས་མང་པོ་ཞིག་གནང་བ་དང། ཡབ་སྟག་བྲག་སྲིད་གཞུང་ལྔ་ལམ་དུ་གཏང་བ་སོགས་ནི་བདེན་པར་གོ། གོང་ས་མཆོག་ལ་གནོད་པ་དེ་མ་བྱུང་བ་བོད་སྤྱི་ཡི་བསོད་ནམ་རེད་བསམ།
བོད་ཀྱི་ལོ་རྒྱུས་སྨྲ་བ་དག་ལ་དྲི་བ་ནི། སྒྲོགས་དང་། སྒྲོག་ལ་ཁྱད་པར་གང་ཡོད་དམ། བདག་གིས་བོད་ཀྱི་ལོ་རྒྱུས་གཏིང་ཕྱིན་པ་ཞིག་སྦྱངས་མེད་རུང་། བན་བོན་གཉིས་ཀའི་གཞུང་ལུགས་རྒྱ་གར་པ་དག་གི་གཞུང་ལ་བརྟེན་ནས་བོད་རིག་གནས་གོང་འཕེལ་བྱུང་བས། བན་དེ་རྣམས་ཀྱིས་རྒྱ་གར་མཁས་པའི་གཞུང་ལུགས་ལ་སྦྱངས་པར་མ་ཟད། བོན་གྱི་གྲྭ་པ་མང་པོ་བན་དེའི་གདན་ས་འབྲས་སྤུངས་སོགས་སུ་རྒྱ་གར་མཁས་པའི་གཞུང་ལུགས་ལ་སྦྱངས་པ་ཁོ་བོས་མཐོང་ཐོས་མངོན་སུམ་དུ་གྲུབ་པ་ཞིག་ཡིན་ནོ།
ལྷམ་སྒྲོག་དང་སྐད་སྒྲོགས་གཉིས།
རང་གི་ཡོད་ཚད་ཕྱི་རྒྱལ་ལ་བཏུག་པ་ནི་རང་གི་དེ་ཉིད་འཐོར་ཞིང་ཉམས་པའི་རྒྱུ་ཁོ་ནའོ། བོད་ཀྱི་ཡོད་ཚད་བོད་ཀྱི་ཡིན་པ་ལས་ཕྱི་ནས་མིན། ཨང་གསར་མ་གནང་རོགས། རང་གི་དད་ཡུལ་དེར་ཚད་མེད་པ་གུས་ཚུལ་གྱིས་ཐམས་ཅད་དེ་ཉིད་དང་འབྲེལ་བར་སྨྲ་བ་ནི་གཏན་ཚིགས་མེད་ཅིང་རྨོངས་དད་ཀྱི་ཤོད་ཚུལ་ཁོ་ན་ལས་མ་འདས། ད་ངེད་ཅག་བོད་རིགས་གཞོན་སྐྱེས་ཚོས་རང་གི་ཡོད་ཚད་རང་གི་ཡིན་པར་བསྒྲུབ་དགོས་སྨྲ་དགོས། རང་གི་དད་པ་རང་ཉིད་ཀྱི་དད་པ་རེད་གང་བྱས་ཀྱང་རུང་་་་འོན་ཀྱང་མི་རིགས་ཞིག་གི་ཡོད་ཚད་རང་གི་དད་པ་དེ་དང་འབྲེལ་དགོས་པའི་རྒྱུ་མཚན་མེད་ཅིང་དེ་ལྟར་སྨྲ་བ་ནི་བཅོལ་ཆུང་བའི་བསམ་མནོ་ལས་གཞན་གང་ཡང་མ་ཡིན། དཔེར་ན། བོད་སྨན་བཞིན་ད་ནི་སྡུག་སྐད་རྒྱབ་ཀྱང་ཕྱིས་དྲག། སླད་ཕྱིན་བོད་ཀྱི་ཡོད་ཚད་གཞན་ལ་མ་བཏུག་རོགས།
ཨུ་ཚུགས་ཀྱིས་རྒྱ་ལོ་དཀར་པོར་བསྒྲུབས་འདུག དེ་འདྲའི་ཡག་སོང་། འོན་ཀྱང་་་གློ་ལ་ཡོད་པའི་ཆུ་སྒང་དམག་སྒར་ནང་དམེས་མེད་པར་བཟོ་བ་དང་། ཚོགས་ཁག་བཅུ་གསུམ་གྱི་འགོ་གཙོ་གུང་ཐང་ཚུལ་ཁྲིམས་དམར་བསད་བཏང་། བཀའ་བློན་ཟུར་ཁང་དང་། གཡུ་ཐོག་སོགས་སྐུ་དྲག་མང་ཆེ་བ་ཕྱིར་ཕུད་བཏང་། འབྲུག་ཏུ་ཡོད་པའི་བོད་མི་རྣམས་ལ་དཀའ་ངལ་སྤྲད། ད་དུང་དེ་འདྲ་བ་ནང་དུ་ནང་དམེ་བརྒྱགས་པ་གྲངས་ག་ལ་ལང་
བོད་ལ་རྒྱ་མི་དང་པོ་འཁྲིད་མཁན་རྒྱ་ཡི་རྒྱག་ཁྱི་ཕུན་དབང་ཟེར་བ་དེ་མ་རེད་དམ་། འཇུ་ཆེན་དང་གུང་ཐང་ཚུལ་ཁྲིམས་དེ་ཚོ་མི་འཇོན་པོ་ཡིན་ལེ་འདའ་།། མི་དེ་ཚོ་གི་རྒྱལ་ལོ་དོན་འགྲུབ་ཀྱི་རྗེས་ནམ་ཡང་ཟིན་གྱི་མ་རེད་།
སྐལ་ཚེ། གུང་ཐང་ཚུལ་ཁྲིམས་ཚོགས་པ་བཅུ་གསུམ་གྱི་མགོ་གཙོ་མ་རེད། སྐད་ཆ་འདི་རིགས་ཅུང་གཟབ་ནས་བཤད་ན་བཟང་།
རྩོམ་གྱི་བརྗོད་བྱའི་ཁ་ཕྱོགས་ལ་ཡི་རངས་ཡོད།
ཡིན་ནའང་། ཆོས་རིག་ཕྱི་ལ་སྤེལ་བཞིན་པ་ལྐོག་ཚོང་ཡིན་ན། འགོ་བླ་ཆེན་ཁག་དང་། མཁས་དབང་ཁག་ཡིན་པས། ཚང་མར་ཚད་གཞི་གཅིག་འཛིན་དགོས་པ་ལས་འདི་ཅིག་ཅིག་ཡིན་པས་སྤེལ་ཆོག་པ་དང་། གན་མུག་མུག་ཡིན་པས་ལྐོག་ཚོང་དུ་འགྲོ་ཐབས་མེད་པ་འདྲ་བོ་རེད།
གང་ལྟར་དགག་སྒྲུབ་རྩོམ་ཡིག་སྤེལ་སྐབས་རང་མིང་བཀོལ་བ་ནི་ལོ་རྒྱུས་སུ་གནས་པའི་གོམ་པ་དང་པོ་ཡིན་པས། མིང་དངོས་དང་རང་ཉིད་ངོ་སྤྲོད་ལྷན་དུ་ཡོད་ན་དེ་བས་ཀྱང་གཟི་བརྗིད་ཆེ།
ཆ་ཚང་ཀློག་པ་ཡིན་ ངས་བྱས་ན་ཁྱེད་རང་སྨན་ཁང་ལ་ཕྱིན་ན་བསམ་པ་བྱུང་
བོད་ཀྱི་ཡི་གེའི་དག་ཆ་རྣམས་ཁ་ན་གང་འཐོན་པ་གཞིར་བཟུང་ཏེ་འབྲི་བ་མ་ཡིན་པར་བོད་མཁས་པར་བྲིས་པའི་དཔེ་ཆ་དག་ལ་བལྟས་ཏེ་ཁུངས་ཐུབ་བྱས་འབྲི་བ་དེ་རྒྱ་གར་ལ་བསྟུན་དགོས་མེད། བོད་ཀྱིས་གཟི་ཞེས་པའི་རིན་ཐང་ཅན་བཟོ་ཐུབ་པ་དང་། འབག་གྱོན་འཆམ་རྒྱབ་པ་ལ་སོགས་པ་རྒྱ་གར་ལ་བསྟུན་དགོས་པ་མ་ཡིན། འཁོར་བ་ནས་ཐར་བའི་ལམ་ལ་ངེས་པར་དུ་བཅོམ་ལྡན་འདས་དང་རྒྱ་གར་གྱི་པཎ་གྲུབ་་རྣམས་ཀྱི་གཞུང་ལ་སངས་རྒྱས་ཀྱི་རྗེས་འཇུག་རྣམས་ཀྱིས་ངེས་པར་བསྟུན་དགོས་པ་ཡིན།
བོན་གྱི་གཞུང་ལུགས་ལྟར་བདག་མེད་པ་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་རྟོགས་པའི་རིག་པ་ཕྱག་རྒྱ་ཆེན་པོ་རྣམས་ལ་གུས་བཀུར་ཞུ་དགོས་པ་ཡིན། དེ་མ་ཡིན་པ་དམིགས་བསལ་བོད་ཀྱི་ཐུན་མོང་མ་ཡིན་པ་་གང་ཡོད་འབྲི་བར་མཛད་ན་ཁོ་བོ་སོགས་བོད་རིགས་དག་ལ་ཕན་པར་འགྱུར། བན་བོན་གཉིས་ཀའི་ལུགས་ཀའི་ལུགས་ལ་སྲོག་ཆགས་བསད་དེ་ཡུལ་ལྷ་སོགས་ལགསོལ་ཀ་གཏོང་བ་སོགས་འགག་དགོས་སོ།
རྒྱ་ལོ་དོན་གྲུབ་ཡག་རབས་བཟང་རབས་བཤད་སྙིང་འདོད་པ་འདྲ་མོད། མག་མོག་ཅིག་ལས་བརྗོད་མི་འདུག མ་གཞི་དུས་སྐབས་རྙོག་དྲ་ཚ་བོའི་ནང་གི་མི་སྣ་རྙོག་དྲ་ཚ་བོ་དེ་ཚོ་དཀར་འདོན་བྱེད་རྒྱུ་ལས་སླ་བོ་ཞིག་ཡོད་མ་རེད་ལ། དཀར་འདོན་བྱས་ནས་དཀར་པོ་དཀར་རྐྱང་ཆགས་རྒྱུ་དེ་བས་ཀྱང་ཡོད་མ་རེད། རྒྱུ་མཚན་ནི། མི་ཞིག་ལ་མཚོན་ན་ཁོས་བྱས་བྱས་ཐམས་ཅད་ཡང་དག་པ་ཡིན་པའི་ངེས་པ་གཏན་ནས་མེད་པས་སོ།།
མི་རབས་སྔོན་མ་ཚོ་དང་འདས་ཟིན་པའི་ལོ་རྒྱུས་ནང་བྱུང་བའི་བཟང་ངན་གཉིས་ཀ་བྱུང་ནི་ཚར་བ་རེད། ད་དེ་འགྲིག་མིན་དང་ཡག་སྡུག་བཤད་ཀྱང་དོན་མེད་རེད། དོན་ཚན་བཅུའི་ནང་རང་རིགས་ཉམས་རྒུད་འགྲོ་རྐྱེན་ཉེན་ཚབས་ཅན་གསུང་འདུག དེ་དག་ནི་ང་ཚོའི་ངེས་པར་གླེང་དགོས་པ་ཞིག་རེད་འདོད། བཙན་བྱོལ་ནང་བོད་མི་ཚོ་ཁ་འཐོར་ནས་ཡོད་པ། གཞོན་ནུ་མང་པོ་བོད་ཡིག་ལ་དོ་སྣང་མེད་པ་ཚང་མ་དངོས་ཡོད་རེད། འདིར་གཞིས་ཆགས་པའི་རང་རིགས་ཚོའི་སྐད་ཆ་བཤད་སྟངས་དང་བསམ་བློའི་འཁྱེར་སོ་ཚང་མ་གསར་འབྱོར་ཚོ་དང་མི་འདྲ། བོད་ནང་གི་རང་རིགས་ཚོ་དང་ལྷག་དུ་མི་འདྲ་བ་དངོས་ཡོད་རེད། ཕྱི་མིར་གཉེན་སྒྲིག་བྱེད་པ། ཕྱི་རྒྱལ་ཁག་ན་ཡོད་པའི་བོད་ཕྲུག་ཚོའི་བོད་སྐད་མི་ཤོད་པ་སོགས་དངོས་ཡོད་རེད། ཉེན་ཁ་དེ་དག་འགོག་ཐབས་ལ་བགྲོ་གླེང་བྱེད་དགོས་རན་དངོས་གནས་རེད། རང་རིགས་མཁས་དབང་དག་རིག་གཞུང་ཕྱིར་བཙོང་མཁན་རེད་ཟེར་བ་འདི་ཅུང་མི་འཐད། ཁོང་ཚོ་ནི་དངོས་གནས་བོད་འདི་རྒྱལ་སྤྱིའི་སྟེང་ངོ་སྤྲོད་བྱེད་མཁན་རེད། རང་རིགས་གཞོན་ནུ་ཚོའི་ལམ་སྟོན་ཡང་རེད། བོད་ཡིག་མི་ཤེས་མཁན་གྱི་བོད་རིགས་མཁས་དབང་ཟེར་བ་དེ་ཚོ་ད་ཆོ་མེད་རེད། དེ་ཚོའི་ནི་གཞན་ཡིག་ཅི་ཙམ་ཤེས་ཀྱང་ནང་འདྲེན་བྱེད་མི་ཐུབ། བོད་སྐད་ཡང་ཆ་ལེ་ཆོ་ལེ་མ་གཏོགས་བཤད་མི་ཐུབ། ཁོ་ཚོ་བོད་ཞེན་ཡོད་རྒྱུ་རེད།
འདས་པའི་ལོ་རྒྱུས་བྱུང་རབས་རྣམས་དྲང་པོར་ལེགས་ཉེས་གཉིས་ཀ་ཤོད་དགོས།
གོ་ལའི་མི་བྱས་པ་ཅན་ལ་མཇུག་འབྲས་དགའ་ཞིག་གཏན་ནས་མེད་པའི་དཔེ་མཚོན་ནི། སེམས་དཔའ་ཆེན་པོ་གྷན་རྡི་དང་མར་ཀྲིན་ལུ་ཐར་ཀིང་སོགས་ལྟ་བུ་ཡིན། ཁོང་ཚོས་མི་རིགས་དང་རྒྱལ་ཁབ་སོགས་གཞན་དོན་རྐྱང་པར་གཞོལ་ཏེ། རང་དོན་བརྗེད་རྐྱེན་སྒེར་གྱི་མི་ཚེར་བསམ་བློ་འཁོར་མ་མྱོང་ལ། མཇུག་འབྲས་ལའང་རེ་བ་གཏན་ནས་བྱས་མེད། བཙན་བྱོལ་གྱི་དེ་ལྟ་བུའི་མི་སྣ་འགའ་གླེང་ན། བཀའ་ཟུར་ཟམ་གདོང་བླ་མ་དང་བཀའ་ཟུར་རྒྱལ་དོན། དེ་བཞིན་བཀའ་ཟུར་རྒྱ་རི་ཚང་སོགས་ཡིན།
གསལ་བཤད། མར་ཀྲིན་ལུ་ཐར་ཀིང་ཅེས་པ་དབྱིན་ཡིག་ནང་༼Martin Luthar king༽
xxxxxམི་རིགས་ཉམས་པའི་རྒྱུ་ནི་མི་་ཁོ་རང་རེད།།རྟ་བ་རྟེན་འབྲེལ་ལ་མ་རྩིས་པའི་དཀའ་དྲིན་ལ་མི་རིགས་ཉམས་པ་རེད།།ཐུན་འབྲེལ་མེད་པའི་རྐྱོན་རེད།། འདོད་ཆགས། ཞེ་སྡང་དང་ཏི་མུག་གསུམ་མི་རིགས་ཉམས་པའི་རྒྱུ་མཚན་ཡིན་པ་རེད།། ཐུགས་རྗེ་སྙིང་ན་ཆེ་ཆེ།།སརྦ་མངག་ལམ།། ཀུན་ལ་་བདེ་ལེགས་སུ་འགྱུར་ཤིག།།
གྲོགས་པོ་རྡོ་རྗེ་རིན་ཆེན་གྱིས་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་དོན་ཚན་མང་པོ་དང་། ལྷག་པར་དུ་ཚོར་ཤུགས་ཆེན་པོས་གསུངས་པར་དགའ་བསུ་ཡོད། ཡིན་ན་ཡང་བོད་ཞེན་ཅན་རེ་ཟུང་གིས་སྐད་ག་ཚོད་བརྒྱབ་ཀྱང་དེང་སང་གི་དུས་འདིར་མང་ཆེ་བས་ཉན་འཇོག་བྱ་རྒྱུ་དཀའ་མོ་རེད།
དེ་ནས་བསོད་ནམས་རིན་ཆེན་མིང་ཅན་པས་ར་བཟི་བ་ཞིག་གིས་བྲིས་པ་ལྟ་བུ་མཆན་བུ་བཞག་འདུག ཕྱིན་ཆད་དག་ཆ་ལ་གཟབ་གལ། ངེད་གཉིས་མིང་གཅིག་པ་ཡིན་པའི་ཆ་ནས་བསླབ་བྱ་ཡིན།