འཇིགས་མེད་ནུབ་པ།
འདྲ་པར་འདི་ངེད་ཀྱི་ལག་ཏུ་ལོ་གཅིག་གི་གོང་ཙམ་ལ་འབྱོར། འདྲ་པར་འདི་ག་དུས་བླངས་བ་ངས་སེམས་སུ་གསལ་བོ་ཞིག་མི་དྲན་མོད་། ཚོད་དཔག་བྱས་ན་ཕྱི་ལོ་༡༩༨༥ལོའི་གཡས་གཡོན་ཞིག་རེད་དྲན། རྒྱུ་མཚན། འདྲ་པར་འདི་ལེན་དུས་ང་ཕལ་ཆེར་ལོ་ན་གསུམ་ལ་སོན་ཙམ་ཡིན་པ་འདྲ། ད་དུང་། འདྲ་པར་འདི་ལེན་དུས་ང་ཚོར་གྱོན་གོས་གསར་བ་རེ་གཡོགས་ཡོད་པར་བལྟས་ན། ཕལ་ཆེར་ལོ་གསར་གྱི་སྔ་ཕྱི་ཞིག་ལ་འཁེལ་ཡོད་པ་འདྲ། ངེད་ཀྱི་ཨ་མས་གསུངས་ན། འདྲ་པར་འདི་ལེན་དུས་ང་དང་ངའི་མཚེ་མ་གཉིས་ངུས་བའི་རྐྱེན་གྱིས། ངེད་གཉིས་ཀྱི་ལག་ཏུ་ཤིང་ཏོག་རེ་བཞག་ནས་ངུ་ཁ་བཅད་པ་རེད་ཟེར། འོན་ཀྱང་། ངས་དེ་དག་གསལ་བོ་ཞིག་དྲན་གྱི་མི་འདུག ངེད་ལ་མཚོན་ན་འདྲ་པར་འདི་ཧ་ཅང་རྩ་ཆེན་ཞིག་ཡིན་པའི་ཚོར་སྣང་བྱུང་། འདྲ་པར་འདི་ཉུང་མཐར་ཡང་ལོ་ངོ་ཉི་ཤུ་རྩ་བརྒྱད་ཙམ་གྱི་རྙིང་བ་ཡིན་པ་མ་ཟད་འདྲ་པར་འདི་ངའི་མི་ཚེའི་ནང་གི་འདྲ་པར་ཐོག་མ་དེ་ཡང་རེད་།
ང་ཚོར་ཁྱོན་བསྡོམས་མིང་སྲིང་དྲུག་ཡོད་མོད་། ངའི་ནུ་མོ་འདྲ་པར་འདིའི་ཁོངས་སུ་མེད་། རྒྱུ་མཚན། ངའི་ནུ་མོ་སྐྱེས་དུས་འདྲ་པར་འདི་བླངས་ནས་ལོ་ངོ་བཅུ་ལྷག་ཕྱིན་ཚར་འདུག ལྷག་པར་དུ་། ནུ་མོ་སྐྱེས་ནས་ལོ་ངོ་གསུམ་ཙམ་ཕྱིན་པའི་མཚམས་སུ་ང་ཕྱི་ལ་ཐོན་པ་རེད་། དེར་བརྟེན། ང་ཚོ་མིང་སྲིང་དྲུག་ལྷན་དུ་ཡོད་པའི་འདྲ་པར་ཞིག་མེད་།
ང་ཚོའི་ཁྲོད་ཀྱི་རྒན་ཤོས་དེ་ངའི་ཨ་ཅེ་ཡིན། ཨ་ཅེའི་མིང་ལ་བཙུན་ཐར་སྐྱིད་ཟེར། མིང་འདི་ཐུན་མོང་མ་ཡིན་པའི་ཨ་མདོའི་མིང་ཞིག་ཡིན། ཕྱི་རྒྱལ་དུ་ཡོད་པའི་ངའི་གྲོགས་པོ་ཚོས་ང་ལ་ཁྱོད་ཀྱི་མིང་དེ་ཨ་མདོའི་མིང་དངོས་མ་ཞིག་མ་རེད་ཟེར་ནས་ཀུ་རེ་རྩེས་མྱོང་ལ། ངས་ཀྱང་རྟག་པར་ཁོང་ཚོར་ངའི་མིང་དེ་ཨ་མདོའི་མིང་དངོས་མ་ཞིག་མིན་རུང་། ངའི་ཨ་ཅེའི་མིང་དེ་ཨ་མདོའི་མིང་དངོས་མ་ཞིག་ཡིན་ཟེར་ནས་ལན་སྤྲོད་ཀྱི་ཡོད་།
ངས་ཤེས་ཚོད་ལྟར་ན། ངའི་ཨ་ཅེ་སློབ་གྲྭར་འགྲོ་མ་མྱོང་། ཡིན་ན་ཡང་། ཁོ་མོ་རིག་པ་རྣོན་པོ་དང་ཁྱིམ་ལས་ལ་ཧུར་བརྩོན་ཅན་ཞིག་ཡིན། ལྷག་པར་དུ་། ང་ཚོའི་གྲོང་གསེབ་དུ་ངའི་ཨ་ཅེ་དབྱར་རྩ་དགུན་འབུ་བརྐོས་ན་ངར་གི་ཟེར་ནས་སྐད་གྲགས་ཀྱང་ཡོད་། སྐད་གྲགས་ཡོད་པའི་རྒྱུ་མཚན་ནི་ཁོ་མོས་དབྱར་རྩ་དགུན་འབུ་མང་པོ་རྙེད་ཀྱི་ཡོད་པས་རེད་། ད་དུང་། ཨ་མདོའི་སྐད་དུ་ལབ་ན་ཁོ་མོ་དགའ་ལུ་ཞིག་ཀྱང་ཡིན། དགའ་ལུ་ཟེར་ན་དགའ་ཆོག་ཆོག་གི་གཤིས་ཀ་ཅན་ལ་ཟེར། ཁོ་མོའི་སྒང་ན་ཁ་རུ་ཁ་ཐུག་གི་གཤིས་ཀ་ཞིག་ཀྱང་ཡོད་པ་མ་ཟད་ཁོང་ཁྲོ་ལངས་ན་ཕ་མ་གཉིས་ཀྱི་ལྷན་དུ་ཁ་རྩོད་བྱེད་པར་ཡང་འཛེམ་དོགས་དེ་ཙམ་མི་བྱེད་། ཁོ་མོ་ལས་ཀར་ཧུར་བརྩོན་ཆེ་བ་དང་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་མཁན་ཞིག་ཡིན་པས། ངའི་ཨ་ཕས་ཀྱང་ཁོ་མོར་བཀའ་བཀྱོན་མང་པོ་མི་གཏོང་།
ངས་སེམས་སུ་གསལ་བོར་དྲན་པ་ཞིག་ལ། ངའི་ཨ་ཅེ་འདྲེ་སྒྲུང་ལ་ཉན་རྒྱུར་ཧ་ཅང་དགའ། ངའི་གྲོང་གསེབ་ཏུ་ནུབ་ཚ་འཐུང་ཚར་བའི་རྗེས་སུ། ཁྱིམ་མི་རྒན་པ་དག་གིས་བྱིས་བ་ཚོར་གནའ་གཏམ་དང་འདྲེ་སྒྲུང་བཤད་པའི་སྲོལ་རྒྱུན་ཞིག་ཡོད་། ངའི་ཨ་ཅེ་འདྲེ་སྒྲུང་ཉན་རྒྱུར་དགའ་བ་མ་གཏོགས་འདྲེ་ལ་ཧ་ཅང་སྐྲག་མཁན་ཞིག་ཡིན། དཔེར་ན། འདྲེ་སྒྲུང་བཤད་ཚར་བའི་རྗེས་སུ་ཁོ་མོ་གཅིག་པོ་ཕྱི་ལ་འགྲོ་མི་ཐུབ། གལ་སྲིད་སྒོ་ཕྱི་ལ་གཅིན་པ་སོགས་གཏོང་དུ་འགྲོ་དགོས་ཚེ་ང་ཚོ་མིང་སྲིང་གཅིག་ཁོ་མོའི་རོགས་སུ་ངེས་པར་དུ་འགྲོ་དགོས། ངེད་ཚང་གི་ཨ་ཡེས་ལགས་ཀྱིས་གསུངས་ན། ངའི་ཨ་ཅེ་ཆུང་ཆུང་ཡིན་དུས་རྒྱ་ལྷ་འདྲ་བོ་ཞིག་ཡོད་ཟེར། རྒྱ་ལྷ་ཟེར་ན་ཅི་རེད་ཞེས་ངས་ཨ་ཡེས་ལ་དྲིས་མྱོང་། ཨ་ཡེས་ཀྱིས་ལན་དུ་ཨ་ཅེ་ཆུང་ཆུང་ཡིན་དུས་བྱིས་བ་ཧ་ཅང་སྙིང་རྗེ་མོ་ཞིག་ཡོད་ཟེར།
ངའི་ཨ་ཅེ་ལས་གཞོན་པ་དེ་ངའི་ཕུ་བོ་རྒན་པ་ཡིན། ཁོང་གི་མཚན་དངོས་ལ་པད་མ་རྡོ་རྗེ་ཟེར། ཡིན་ན་ཡང་། ཁྱིམ་མི་རྣམས་དང་སྡེ་མི་ཚོས་ཁོང་ལ་བ་ལོ་ཟེར་ནས་འབོད་། ཁོང་གི་མཚན་དེ་པད་མ་རྡོ་རྗེ་ནས་བ་ལོ་ལ་ཇི་ལྟར་འགྱུར་བའི་སྐོར་དེ་ངས་གསལ་བོ་ཞིག་མི་ཤེས་མོད་། དེ་ཕལ་ཆེར་ངེད་ཚང་གི་གཉེན་ཉེ་ཚེ་འདས་ཟིན་པ་ཞིག་གི་མཚན་དང་འབྲེལ་བ་ཡོད་པ་འདྲ། ཁོང་ཧ་ཅང་རིག་རྒོད་ཞིག་ཡིན་པ་མ་ཟད་ཁོང་ལ་དྲང་གཤིས་ཀྱང་ཆེ། ཁོང་གཏོང་ཕོད་ཆེ་བ་ཞིག་ཀྱང་ཡིན། དཔེར་ན། གལ་སྲིད་ཁོང་ལ་སྟོད་གོས་གསར་བ་ཞིག་ཉོས་ཚེ། ཉིན་འགའི་རྗེས་སུ་ཁོང་གི་སྟོད་གོས་དེ་ང་ཚོའི་སྡེ་བའི་གསར་བུ་གཞན་ཞིག་གིས་རྒྱབ་ལ་སླེབས་ཡོད་། ཨ་མས་ཁོང་ལ་མཚམས་རེར་ཁྱོད་བྱིས་བ་རྒྱུ་བདག་མེད་མཁན་ཞིག་རེད་ཟེར་ནས་སྡུག་ཀྱང་སྡུག འོན་ཀྱང་། ཨ་མའི་བཀའ་བཀྱོན་དག་གིས་ཁོང་གི་གཏོང་ཕོད་ཆེ་བའི་གཤིས་ཀ་དེ་བསྒྱུར་བ་ངས་མ་མཐོང་།
ཁོང་ལ་རིག་པ་རྣོན་པོ་ཞིག་ཡོད་ན་ཡང་རིག་པ་དེ་དཔེ་ཀློག་སོགས་ཀྱི་སྒང་ལ་དེ་ཙམ་མི་གཏོང་། དེ་ལས་ལྡོག་སྟེ་ཁོང་ལུས་རྩལ་གྱི་རིགས་ལ་ཧ་ཅང་དགའ། ལྷག་པར་དུ་ལག་རྩེད་སྤོ་ལོ་རྩེད་རྒྱུར་དེ་བས་ཀྱང་དགའ། ཁོང་ལག་རྩེད་སྤོ་ལོའི་འགྲན་བསྡུར་མང་པོར་ཞུགས་པའི་རྐྱེན་གྱིས། རེབ་གོང་ཁུལ་དུ་ལག་རྩེད་སྤོ་ལོའི་ལྟད་མོ་བལྟ་མཁན་ཞིག་ཡིན་ན་ཁོང་ངོ་མི་ཤེས་མཁན་ཕལ་ཆེར་མེད་། ལོ་ཤས་ཀྱི་གོང་དུ་ང་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནས་རེབ་གོང་གི་གསར་བུ་འགའ་ལ་ཐུག་བྱུང་། ཁོང་ཚོས་ཀྱང་ངའི་ཕུ་བོ་བ་ལོ་ངོ་ཤེས་ཟེར། ཁོང་སློབ་ཆེན་གྱི་སྐབས་སུ་སློབ་གྲྭའི་ལུས་རྩལ་རིགས་ལ་གཟེངས་སུ་ཐོན་པའི་དབང་གིས། ང་ཚོའི་ཁྱིམ་གྱི་མ་ཁང་ནང་དུ་ཡོད་པའི་གཞོང་བ་དང་ཚ་དེམ་སོགས་མང་པོ་ཞིག་ཁོང་གིས་དགའ་རྟགས་སུ་བླངས་བ་ཤ་སྟག་ཡིན།
ཁོང་གིས་དཔེ་ཀློག་མང་པོ་མི་བྱེད་ན་ཡང་ཁོང་ཆུང་དུས་ནས་བོད་ཡིག་ལ་དགའ་མཁན་ཞིག་ཡིན། ཁོང་གིས་བོད་ཡིག་གི་དཔེ་དེབ་འདྲ་མིན་ཁྱིམ་ལ་འཁྱེར་ནས་ཡོང་བ་མ་ཟད་སྙན་ངག་སོགས་ཀྱང་མང་པོ་བྲིས་ཡོད་པ་ངས་མཐོང་མྱོང་། ང་རང་བོད་ཡིག་ལ་དགའ་བའི་རྒྱུ་མཚན་སྣ་མང་ཡོད་པའི་ཁྲོད་ཀྱི་གཅིག་ནི་ཁོང་གི་ཤུགས་རྐྱེན་དང་འབྲེལ་བ་ཡོད་པ་རེད་དྲན། ངས་བོད་ཀྱི་རྩོམ་པ་པོ་ལྗང་བུ་དང་ཚེ་རིང་དོན་གྲུབ་སོགས་ཀྱང་ཁོང་གིས་འཁྱེར་ཡོང་བའི་བརྩམས་ཆོས་དག་བརྒྱུད་ནས་ངོ་ཤེས་བ་ཡིན། ཁོང་ལ་བསམ་ཚད་ཁ་རུ་འདོན་པའི་གཤིས་ཀ་ཞིག་ཡོད་པ་མ་ཟད་མཚམས་རེར་ཁ་ཕོ་ཡང་ཅུང་ཙམ་རེ་སྒྲོག
ང་ཚོ་མིང་སྲིང་གཞན་དག་དང་མི་འདྲ་བར་ཁོང་ལག་བདེ་ཞིག་ཀྱང་ཡིན། ཁོང་གི་བོད་ཡིག་ཡིག་གཟུགས་ཧ་ཅང་ཡག ཁོང་ལག་བདེ་ཞིག་ཡིན་པ་དེ་ལྷན་སྐྱེས་ཀྱི་ཡོན་ཏན་ཡིན། སྦྱར་བྱུང་མིན། ལྷག་པར་དུ་། ངེད་ཀྱི་ཕ་རྒན་གྱི་རྒྱུད་ན་ཡོད་པའི་ལག་རྩལ་་མང་པོ་ཞིག་ཕུ་བོ་ཁོང་གི་རྒྱུད་ལ་འབྱོར་ནས་ཡོད་།
ངའི་ཕུ་བོ་འབྲིང་བའི་དངོས་མིང་ལ་མཁའ་འགྲོ་ཚེ་རིང་ཟེར། སྡེ་མི་དང་ཁྱིམ་མི་ཚོའི་ཁྲོད་ན་ཁོང་ལ་ཨ་ཁུ་ཟེར་ནས་འབོད་མཁན་ཡང་རེ་ཟུང་ཡོད་། ཁོང་ལ་ཨ་ཁུ་ཟེར་དོན་ནི། ངེད་ཚང་གི་ཨེ་ཡེས་ལགས་ཀྱིས་གསུངས་ན་ཁོང་ཆུང་ཆུང་ཡིན་དུས་། ང་ཨ་ཁུ་ཡིན། ང་ལ་སྒར་ཡོད་ལབ་གི་རེད་ཟེར། ཁྱོད་ཨ་ཁུ་ཡིན་ན་འུ་ཚོ་ཁྱོད་ཀྱི་སྒར་ལ་འགྲོ་ལབ་ན། ཁོང་གིས་ངའི་སྒར་རོང་བོ་ན་ཡོད་ཟེར་ནས་རེབ་གོང་རོང་བོ་དགོན་པའི་ཕྱོགས་སུ་མཛུབ་མོ་ཀེར་གི་རེད་ཟེར། ངེད་ཚང་གི་ཨ་ཡེས་དང་ཕ་མ་སོགས་ཀྱིས་ཁོང་གི་སྐྱེ་བ་སྔོན་མ་དེ་རེབ་གོང་རོང་བོ་དགོན་པའི་གྲྭ་བ་ཞིག་ཡིན་པར་ཡིད་ཆེས་བྱེད་། ངས་ཀྱང་ཆུང་ཆུང་ཡིན་དུས་དེ་ལྟར་བསམ་མྱོང་།
ཕུ་བོ་ཁོང་སྨྲ་བ་ཉུང་ཞིང་གླེང་མོལ་ཚང་མར་ཐེ་གཏོགས་བྱེད་མཁན་ཞིག་མིན། ཁོང་རིག་པ་རྣོ་བ་མ་ཟད་ཁོང་གི་སློབ་སྦྱོང་གི་གྲུབ་འབྲས་ཀྱང་ཡག ཁོང་ལོ་ན་དྲུག་གི་སྒང་དུ་སློབ་གྲྭར་ཕྱིན་པ་རེད་ཞེས་ངའི་ཨ་ཕས་ཡང་ཡང་གླེང་། ཕལ་ཆེར་སྐབས་དེ་དུས་བོད་ནང་དུ་ལོ་ན་དྲུག་གི་སྒང་ནས་བྱིས་བ་ཞིག་སློབ་གྲྭར་ཕྱིན་ན་ཧ་ཅང་ཆུང་ཆུང་ལ་བརྩི། ཁོང་ཆུང་ཆུང་ཡིན་དུས་ནས་བསམ་བློ་ཞིབ་ཚགས་པོ་དང་གཏིང་ཟབ་པོ་གཏོང་མཁན་ཞིག་ཀྱང་ཡིན། ཕ་མ་གཉིས་ཀྱིས་ཀྱང་ཁོང་བྱིས་བ་བསམ་ཤེས་ཤིག་ལ་བརྩི། ཆུང་ཆུང་ཡིན་དུས་ཁོང་གིས་ང་ལ་མི་རོ་རྩེ་སྒྲུང་གི་ཁྲོད་ཀྱི་རོ་སྒྲུང་མང་པོ་བཤད་མྱོང་ལ། ངའི་མིང་སྲིང་ཚོའི་ཁྲོད་ནས་ང་རང་འདྲིས་ཆེ་ཤོས་དེ་ཡང་ཁོང་ཡིན།
ཁོང་གི་རྒྱུད་ན་སྤོ་ལངས་ཆོག་ཆོག་གི་གཤིས་ཀ་དེ་མེད་མོད་། གལ་སྲིད་ཁོང་སྤོ་ལངས་ན་ཁོང་གིས་རྒན་གཞོན་སོགས་ལ་དེ་ཙམ་མི་བརྩི། ཨ་མས་གསུངས་ན། ཉིན་ཞིག་ཁོང་གིས་ང་ཚོའི་སྡེ་བའི་ཁྱིམ་ཚང་ཞིག་གི་གཅེས་ཕྲུག་ཞིག་ལ་འགྲམ་ལྕག་སྤྲད་པ་རེད་ཟེར། ཁོང་གིས་ད་དུང་ཁྱིམ་ཚང་དེའི་བུད་མེད་རྒན་པ་ཞིག་ལ་ཁྱེད་ཚང་གི་ཞི་ལི་ང་ཚོའི་སྡེ་བའི་གཅེས་ཕྲུག་མ་རེད་ལབ་པ་རེད་ཟེར། ངས་དེ་དངོས་སུ་མཐོང་མ་མྱོང་། ད་དུང་ཁོང་སློབ་གྲྭ་ནས་ཕྱི་ལ་ཐེངས་འགར་བྲོས་མྱོང་། ཁོང་བྲོས་འགྲོ་ས་ནི་གཤེར་གཞོང་ཟེར་བའི་སྒྲུབ་སྡེ་ཞིག་ཡིན། སྒྲུབ་སྡེ་དེ་རུ་ངའི་ཨ་ཕའི་ནུ་བོ་གཉིས་གྲྭ་བ་ཡིན། རྒན་པའི་མཚན་ལ་བསྟན་པ་དང་གཞོན་པའི་མཚན་ལ་འཇམ་དབྱངས་བསྟན་འཛིན་ཟེར། ཨ་ཁུ་བསྟན་པ་ད་ལྟ་གྲྭ་བ་མིན།
ངའི་མཚེ་མའི་མིང་ལ་བདེ་སྐྱིད་མཚོ་མོ་ཟེར། ཁྱིམ་མི་རྣམས་ཀྱིས་རྒྱུན་དུ་མཚོ་མོ་ཟེར་ནས་འབོད་། ཁོ་མོ་ཧ་ཅང་ཁུ་སིམ་མེར་སྡོད་མཁན་ཞིག་ཡིན། ཁོ་མོས་སེམས་ལ་གང་བསམ་པ་དེ་ཁ་ནས་མི་འདོན། ཁོ་མོར་ཁྱིམ་མི་ཚོས་བཀའ་བཀྱོན་རེ་བཏང་ཚེ། ཁོ་མོས་མིག་ཆུ་འདོན་པ་མ་གཏོགས་སྐད་ཆ་མི་བཤད་། ཁོ་མོས་ཁྱིམ་དུ་སྐད་ཆ་མང་པོ་མི་བཤད་པ་མ་ཟད་ཕྱི་ལོགས་སུ་སྐད་ཆ་མང་པོ་མི་བཤད་། ཕལ་ཆེར་ང་ཚོའི་སྤུན་སྲིང་ཚོའི་ཁྲོད་ཀྱི་ཁུ་སིམ་ཤོས་དེ་ཁོ་མོ་ཡིན་རྒྱུ་རེད་དྲན།
ཨ་མས་གསུངས་ན་ང་ཁོ་མོ་ལས་སྐར་མ་ལྔའི་སྔོན་ལ་སྐྱེས་བ་རེད་ཟེར། ང་ལ་མཚེ་མ་ཞིག་ཡོད་ཞེས་ངས་ཕྱི་རྒྱལ་གྱི་གྲོགས་པོ་རྣམས་ལ་བརྗོད་ཚེ། ཁོང་ཚོས་མཚར་སྣང་དང་ལྷན་དུ་། ཁྱེད་ཀྱི་མཚེ་མ་དང་ཁྱོད་གཉིས་ཀྱི་དབར་ན་འདྲ་བའི་ཆ་གང་འདྲ་ཡོད་དམ་ཟེར་ནས་རྒྱུན་དུ་འདྲི། ངས་ལན་དུ་། ཁོ་མོ་བུ་མོ་ཡིན། དེར་བརྟེན། ངེད་གཉིས་ཀྱི་གཤིས་ཀ་དང་གདོང་དབྱིབས་སོགས་གང་གི་ཆ་ནས་ཀྱང་མི་འདྲ་ཞེས་ལན་སྤྲོད་ཀྱི་ཡོད་། དོན་དངོས་སུ་ཡང་ངེད་གཉིས་ཀྱི་དབར་ན་མཚུངས་ཆོས་དེ་ཙམ་མེད་།
ངེད་གཉིས་ཆུང་དུས་མཉམ་དུ་སློབ་གྲྭར་བཏང་བ་རེད་། ཡིན་ན་ཡང་། ཁོ་མོ་སློབ་གྲྭར་འགྲོ་རྒྱུ་མི་དགའ། ཞོགས་པར་ངེད་ཚང་གི་ཨ་ཡེས་ཀྱིས་ངེད་གཉིས་གྲོང་ཚོའི་བྱིས་བ་གཞན་དག་དང་མཉམ་དུ་སློབ་གྲྭར་མངགས་ཚེ། ལམ་ཕྱེད་ཙམ་ནས་ཁོ་མོས་ང་སློབ་གྲྭར་མི་འགྲོ་ཟེར་ནས་ངུ་གིན་ངུ་གིན་ཁྱིམ་ལ་ཕྱིར་ལོག་འགྲོ་གི་རེད་། དེར་བརྟེན། ཁོ་མོ་སློབ་གྲྭར་མ་ཕྱིན་པར་ཁྱིམ་དུ་བསྡད་པ་རེད་། ང་ཆུང་ཆུང་ཡིན་དུས་ངའི་རྩེད་མོ་རྩེ་རོགས་ཁོ་མོ་ཡིན་ན་ཡང་། ཁོ་མོའི་སྐོར་ལ་ང་ལ་མང་པོ་འབྲི་རྒྱུ་མི་འདུག རྒྱུ་མཚན། ཁོ་མོའི་གཤིས་ཀ་དེ་ཧ་ཅང་ཁུ་སིམ་སིམ་ཞིག་ཡིན་ཙང་རེད་།
ང་ཆུང་ཆུང་ཡིན་དུས་བྱིས་བ་ཇི་འདྲ་ཞིག་ཡོད་མེད་ངས་མང་པོ་ཞིག་མི་དྲན་མོད་། ཨ་མས་གསུངས་ན། ང་ཆུང་ཆུང་ཡིན་དུས། ཇ་ཕོར་བ་གང་ཙམ་མ་བླུགས་ན་ང་ཁོང་ཁྲོ་ལངས་ནས་མིག་ཆུ་འདོན་གི་རེད་ཟེར། སྤྱིར་བཏང་ནས་བྱིས་བ་ཚོར་ཇ་ཕོར་བ་སྐེད་ཙམ་མ་གཏོགས་གང་ཙམ་བླུགས་ན་ཕྱི་ལ་ཕོར་ཉེན་ཆེ་རུང་། ང་ལ་ཇ་ཕོར་བ་སྐེད་ཙམ་བླུགས་ན་ངུ་གི་རེད་ཟེར། འདིའི་སྐོར་ངས་རབ་རིབ་ཞིག་མ་གཏོགས་མི་དྲན། ཨ་མས་ངའི་སྐྱེ་བ་སྔོན་མ་དེ་ཁ་ལ་ཆུ་མ་རེག་པར་བཀྲོངས་བ་ཞིག་མིན་འགྲོ་ཟེར། ད་དུང་ངའི་རྨོ་རྨོས་ང་ལ་དོམ་ཕྲུག་ཟེར། རྒྱུ་མཚན། ང་ཉལ་སའི་ནང་དུ་ལྷོད་ལྷོད་བྱས་ནས་མི་ཉལ་བར་འཕག་འཚག་མང་པོ་རྒྱག་གི་རེད་ཟེར།
ངས་བརྗེད་མི་ཐུབ་པའི་དོན་རྐྱེན་གཞན་ཞིག་ནི། ང་བྲག་དམར་སློབ་ཆུང་དུ་ཡོད་པའི་སྐབས་ཤིག་ལ་སྡོད་མ་ཚུགས་པར་གྲོགས་པོ་འགའ་དང་ལྷན་དུ་ཐ་མག་འཐེན། ངས་ཁ་ནས་ཐ་མག་གི་དྲི་མ་ཡལ་བའི་སླད་དུ་སྒོག་པ་ཟོས། ཁྱིམ་དུ་སླེབས་དུས་ཨ་ཕས་ངས་ཐ་མག་འཐེན་པ་ཤེས་ནས་ང་ལ་རྡུང་བར་བརྩམས། ངས་ཕུས་མོ་གཉིས་ས་ལ་བཙུགས་ནས་ང་ལ་མ་རྡུང་དང་ངས་ཁྱོད་ལ་ཕྱག་འཚལ་ལབ། བྱིས་བ་ཞིག་གིས་ང་ལ་མ་རྡུང་དང་ངས་ཁྱོད་ལ་ཕྱག་འཚལ་ལབ་པ་ཨ་ཕས་ཐེངས་དང་པོར་ཐོས་ཙང་ཨ་ཕ་ང་ལ་སྙིང་རྗེ་ནས་མ་བརྡུངས། ཨ་ཕས་རྗེས་སུ་དོན་རྐྱེན་དེ་གཉེན་ཉེ་ཚོར་ལབ་འདུག ང་ཡང་གད་མོ་ཤོར་རྒྱུ་དང་ངོ་ཚ་རྒྱུ་གཉིས་ཀ་བྱུང་།
ད་དུང་ང་ལོ་ན་བཅུ་ཙམ་ཡིན་དུས། ངས་འཆི་བ་ཟེར་བའི་སྐོར་ལ་བསམ་བློ་མང་པོ་བཏང་མྱོང་། འཆི་བ་ལ་འཇིགས་སྐྲག་གི་དབང་གིས་མཚམས་ལན་རེར་ང་མཚན་མོར་གཉིད་ཀྱང་མ་ཁུག ང་གཉིད་ཁུག་མ་ཐུབ་པའི་སྐབས་སུ་ངས་ཕུ་བོ་འབྲིང་བ་གཉིད་དཀྲོགས་ནས་ང་ལ་སྒྲུང་ཤོད་ལབ་མྱོང་། གཅིག་བྱས་ན་ཕུ་བོ་ཡང་དེ་ལ་དོ་སྣང་བྱུང་ཡོད་སྲིད་། གང་ལྟར། བྱིས་བའི་སྐབས་སུ་འཆི་བའི་སྐོར་ལ་བསམ་བློ་མང་པོ་འཁོར་མྱོང་བ་དེས་ངའི་མི་ཚེའི་ལྟ་ཚུལ་མང་པོ་ཞིག་ལ་ཕན་ཐོགས་ཅུང་ཙམ་བྱུང་ཡོད་པ་འདྲ།
ངའི་ནུ་མོའི་མིང་ལ་བདེ་སྐྱིད་སྒྲོལ་མ་ཟེར། ང་བོད་དང་ཁ་བྲལ་དུས་ཁོང་ལོ་ངོ་གསུམ་ལ་སོན་ཙམ་རེད་། ཁོ་མོའི་སྐོར་ལ་གཅིག་རང་གཅིག་དྲན་པ་ནི། ཉིན་ཞིག་ང་ཁྱིམ་ལ་ཡོང་ནས་ཕྱིར་སློབ་གྲྭར་འགྲོ་དུས། བདེ་སྐྱིད་སྒྲོལ་མ་ཡང་ངའི་རྗེས་ལ་དེད་ནས་ང་ཚོའི་གྲོང་གསེབ་ཀྱི་སྡོ་རྭ་ནང་ཟེར་བ་དེ་བར་དུ་སླེབས་སོང་། ངས་ཁྱོད་ཕྱིར་ཁྱིམ་ལ་ལོག་དང་བདུན་རྗེས་མར་ངས་ཁྱོད་ལ་ཧྥང་པིན་མེན་ཉོ་ནས་ཡོང་ལབ་ནས་མགོ་བསྐོར་བ་ཡིན། ཁོ་མོས་གདོང་ལ་འཛུམ་ཞིག་འཁྱེར་བཞིན་ཕྱིར་ཁྱིམ་ལ་ལོག་སོང་། བདུན་རྗེས་མར་ང་ཁྱིམ་དུ་ལོག་དུས་བདེ་སྐྱིད་སྒྲོལ་མས་ངའི་ཧྤང་པིན་མན་ལ་སྒུག་ནས་བསྡད་འདུག ངས་ཧྤང་ཕིན་མན་ཉོས་མེད་པས་སེམས་ལ་གནོང་ཞིག་སླེབས། ངས་རང་གི་ནུ་མོ་དྲན་དུས་དོན་རྐྱེན་དེ་ཡང་སེམས་ལ་འཁོར་ནས་ཡོང་།
ལོ་ངོ་ཉེར་བརྒྱད་ལྷག་འགོར་བའི་འདྲ་པར་འདི་ལག་སོན་བྱུང་ཙང་ངས་ཀྱང་མིང་སྲིང་ཚོའི་སྐོར་ལ་དྲན་ཐོ་ཆུང་ཆུང་འདི་བྲིས་བ་ཡིན། དྲན་ཐོ་འདི་ང་བོད་དུ་ཡོད་དུས་ཀྱི་དྲན་སྣང་དག་གཞི་ལ་་བཞག་ནས་བྲིས་བ་ཡིན། གང་ཡིན་ཞེ་ན། ང་དང་ངའི་མིང་སྲིང་ཚོ་དང་མ་ཐུག་པར་ལོ་ངོ་བཅོ་ལྔ་ལྷག་འགྲོ་གི་འདུག མ་འོངས་པར་ཕུ་ནུ་ལྷན་འཛོམས་བྱུང་མཚམས་སུ་ང་ཚོས་བསྐྱར་དུ་འདྲ་པར་ཞིག་ལེན་གི་ཡིན། འདི་ངའི་རྨི་ལམ་ལྟ་བུ་ཞིག་ཀྱང་ཡིན།
ཟུར་མཆན།
ཧྥང་པིན་མེན། (སྟབས་བདེའི་ཐུག་པ།)
སྤྱི་ལོ་༢༠༡༤ལོའི་ཟླ་བཅུ་གཉིས་པའི་ཚེས་༢༤ཉིན་བྲིས།
སྤྱི་ལོ་༢༠༡༥ལོའི་ཟླ་དང་པོའི་ཚེས་༥ཉིན་བསྐྱར་དུ་བཅོས།
དེང་སང་ད་མཛེས་མ་རིག་ན་འཆི་བ་མི་དྲན་མཁན་ཞིག་ཆགས་ཡོད་ལ།
བཀླགས། དཔེ་མེད་སྙན་པོ་བྱུང་།
ཆ་ཚང་ལོ་གསར་ཚེ་གཅིག་ལ་བཀླགས་པ་ཡིན།སྙན་མོ་བྱུང་། ངས་ཀྱང་ཆུང་དུས་ཀྱི་བྱིས་དུས་ཀྱི་འཚོ་བ་མང་པོ་ཞིག་བསྐྱར་དྲན་བྱུང་།
ལོ་གསར་ཚེས་པ་གཅིག་ལ་སྐྱོ་གདུང་དང་སྨྲེ་ངག་སྡུག་སྐད་མ་འདོན་རོགས། མི་རྟག་པའི་རང་བཞིན་རེད་འགྱུར་བ་ཅན་རེད་གང་ཡང་འགྱུར་ཆོག་གི་རེད་དེ་རིང་ཉིན་མོ་ངས་ཀྱང་དྲ་འབུའི་ཚུལ་དུ་མཆན་གཅིག་བཏབ་ཀྱང་དག་སྣང་སྦྱོངས་བསྡད་པ་ཡིན། དྲ་འབུ་ཚང་མ་ལ་ལོ་གསར་ལེགས་པོ་དང་བདེ་སྐྱིད་འབྱུང་བའི་སྨོན་ལམ་ཡོད། ལོ་གསར་རིང་ལ་ཁ་སྐྱུར་དྲི་འཐུལ་ལེར་བྱས་ཀྱང་འགྲིག་དེ་རིང་སྐྱིད་པོ་གཏོང་དགོས། དེ་རིང་སྐྱིད་ན་ཚེ་གཅིག་སྐྱིད། དེ་རིང་སྡུག་ན་ཚེ་གཅིག་སྡུག དྲ་འབུ་ཚོ་ག་ལེར་བཞུགས་ཡང་ང་ཡི་རྩེད་རོགས་འཐུང་རོགས་དེ་ཡི་ཊག་ཊག་ལབ་སོང།
འགའ་ཤིག་སྤོ་ལངས།
འགའ་ཤིག་སྤྲོ་ལངས།
འགའ་ཤིག་རྨོ་ལངས།
འགའ་ཤིག་བགད་མོ་བླངས།
དྲན་ཐོ་འདི་བཀླགས་པ་བཀྲིན་ཆེ།