བསྟན་འཛིན་དབྱངས་གསལ།
གཅིག འདས་པའི་གནད་དོན།
མི་གྲངས་འབུམ་གཉིས་མ་ཟིན་ཙམ་ལས་མེད་པའི་སྐྱབས་བཅོལ་བོད་མིའི་མི་ལོ་དྲུག་ཅུར་ཕྱིར་མིག་ཅིག་བལྟས་ན། ཚོགས་པ་བཅུ་གསུམ་གྱི་ནང་འགལ། ཆུ་སྒང་གསར་རྙིང་གི་དཀའ་རྙོག ཐཱེ་ཝན་བོད་སོག་ལས་ཁང་གི་རྙོག་དྲ། དབུ་མ་རང་བཙན་གྱི་འགལ་རྩོད། དོལ་རྒྱལ་བསྟེན་མིན་གྱི་ནང་དམེ། བཀའ་བརྒྱུད་ཆོས་ལུགས་པའི་ནང་འཁྲུག གསེར་རྟ་འཐེན་རྩོད་ཀྱི་ཕྱོགས་རིས། ཆོལ་ཁ་རིས་གཅོད་ཀྱི་ཕྱོགས་ལྷུང་། བློ་སྤེན་དཔུང་སྒྲིག་གིས་ནང་འཛིང་སོགས་ཀྱི་ནང་དུ་མགོ་ཡུ་འཁོར་ཡུན་རིང་དྲགས་པས།རྩ་བའི་བདེན་དོན་འཐབ་རྩོད་ལ་གྲུབ་འབྲས་ཆེན་པོ་མ་ཐོན། ནུས་པ་མཉམ་རུབ་ཀྱིས་མཐུན་སྒྲིལ་སྟོབས་ཅན་མ་བྱས། རིགས་ཀྱི་སྲོག་རྩ་སྐད་ཡིག་རིག་གཞུང་བཅས་ལ་སྦྱོང་སྤྱོད་སྤེལ་གསུམ་ཟབ་ནན་མ་བྱས། ༧གོང་ས་ཡིད་བཞིན་ནོར་བུ་མཆོག་གི་ཐུགས་རེ་དང་ལམ་སྟོན་ལ་ཉམས་ལེན་གནད་སྨིན་མ་བྱས། གཞིས་བཞུགས་བོད་རྒྱ་ཆེའི་མི་མང་གི་རེ་བ་དང་ཡིད་ཆེས་ལ་བདག་གཅེས་ཐུ་མོ་མ་བྱས། ཤེས་སྤྱོད་འགན་གསུམ་ལྡན་པའི་མི་རབས་གསར་པ་མང་པོ་སྐྱེད་སྲིང་མ་ནུས། རྒྱ་ནག་གི་སྟོབས་དང་ཞན་ཆར་གྲ་སྒྲིག་བསྐྱུར་ནས་ནང་འཁྲུག་གི་དུས་ཚོད་ཡག་ཤོས་མང་ཆེ་བ་ཟད་པ་སོགས་ཀྱི་དབང་གིས། འདས་ཚར་བའི་སྐྱབས་བཅོལ་བོད་མིའི་མི་ལོ་དྲུག་ཅུའི་འཐབ་རྩོད་ལ་གཏད་སོ་གང་ཡང་མེད་པའི་ཁ་ཕྱོགས་ཤིག་ལ་འགྲོ་ཉེན་ཆེ་བའམ། ཡང་ན་བོད་མི་རིགས་ཀྱི་མ་རྩ་གཙོ་བོ་གཞིས་བཞུགས་སྤུན་ཟླ་ཡོངས་ལ་དགོངས་དག་ཞུ་དགོས་པའི་ཚད་དུ་ཐོན་ཟིན་པ་མ་རེད་དམ། ཡིན་ན། འདས་པའི་ནོར་འཁྲུལ་ལ་ནོར་འཁྲུལ་དུ་ངོས་འཛིན་བྱས་ནས་མ་འོངས་པར། དེ་ལྟར་མི་འབྱུང་བའི་དམ་བཅའ་དང་ཆོད་སེམས་བརྟན་པོ་བརྟེན་རན་པའི་དུས་བབ་ཅིག་གལ་འགངས་ཆེ་བ་ཞིག་དང་། མདོར་རྩ་ནང་འགལ་ནང་རྩོད་ལས་ཕྱིར་ཐོན་རན་པའི་དུས་ཚོད་ཛ་དྲག་ཅན་ཞིག་རེད་ཨང་།
གཉིས། ད་ལྟའི་གནད་དོན།
དེའི་ཕྱིར་ན། འདས་པའི་ཉམས་མྱོང་ནི་མ་འོངས་པའི་ཕྱོགས་སྟོན་བླ་ན་མེད་པ་དེ་ཡིན་པས། ཤོར་ཚར་བའི་ནོར་སྐྱོན་རྣམས་ལ་ངོས་ལེན་གཙང་མ་བྱས་ཐོག ད་ལྟ་རང་ནས་འཕྲལ་ཕུག་གཉིས་ཀར་རྔོ་མི་ཐོགས་ཤིང་། འདས་པའི་ནོར་སྐྱོན་རྣམས་མི་འདོད་པའི་ནད་བཞིན་རིང་དུ་སྤངས་ནས། ད་ལྟ་རང་ནས་འཆམ་མཐུན་གྱི་གོང་བུ་གཅིག་ཏུ་བསྒྲིལ་ནུས་ན། བོད་དོན་འཐབ་རྩོད་འདི་གཙོ་གནད་ལྟེ་བ་ལ་བཞག་ནས། ད་ལྟ་རང་ནས་ནུས་པ་མཉམ་རུབ་ཀྱི་ཁ་ཕྱོགས་གཅིག་ཏུ་སྤུངས་ཐུབ་ན། བོད་ཀྱི་སྟོབས་ཤུགས་ལ་མི་ཕན་ཞིང་། རྒྱ་གཞུང་གི་དགོས་མཁོ་ལྟར་སྒྲུབ་ཀྱིན་པའི་ནང་ཁུལ་འགལ་ཟླའི་འཁྲུག་རྩོད་ནས་ཕྱིར་བུད་དེ། ད་ལྟ་རང་ནས་གུ་ཡངས་དང་བསམ་ཤེས་ཀྱི་སྤྱི་གཞུང་ལམ་ཆེན་ཐོག་བསྐྱོད་ཐུབ་ན། ༧རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རེ་ཟབ་མོ་དང་རླབས་ཆེན་དགོངས་གཞིའི་ཐོག ད་ལྟ་རང་ནས་ཀ་ཀོར་མེད་པར་མདུན་བསྐྱོད་ཤར་སེ་བྱེད་ནུས་ན། གཞིས་བཞུགས་བོད་མི་ཡོངས་ཀྱི་རེ་བ་དང་ཡིད་ཆེས་དེ། ད་ལྟ་རང་ནས་སླར་གསོ་དང་གསོན་ཤུགས་ཅན་དུ་བསྒྱུར་ཐུབ་ན། སྐད་ཡིག་དང་དེར་བརྟེན་པའི་རིག་གནས་འཆི་གསོན་འདི་ངོས་འཛིན་ཡོད་པར་བྱས་ནས། ད་ལྟ་རང་ནས་བོད་ཀྱི་རིག་གནས་འདི་རྒྱུན་འཛིན་དར་སྤེལ་གཏོང་ཐུབ་ན། འབྱུང་འགྱུར་བོད་ཀྱི་རེ་བ་དེ།ད་ལྟ་རང་ནས་ཤེས་སྤྱོད་གཉིས་ལྡན་གྱི་མི་རབས་གསར་པའི་དཔུང་སྡེ་ཧྲ་ཏག་ཏག་ཅིག་སྐྱེད་སྲིང་ཐུབ་པ་ཡིན་ན། མདོར་ན་རྒྱལ་སྤྱིའི་འཕོ་འགྱུར་དང་རྒྱ་ནག་གི་བཟང་ངན་གྱི་འགྱུར་བ། ལྷག་པར་གཞིས་བཞུགས་བོད་མིའི་གནས་བབ་བཅས་ལ་རྒྱུས་ལོན་ཆ་ཚང་བ་བྱས་ནས། ང་ཚོས་ད་ལྟ་རང་ནས་གྲ་སྒྲིག་ག་རེ་བྱེད་དགོས་པ་རྣམས་དུས་ཐོག་ཏུ་བྱེད་ནུས་ན། བོད་ཀྱི་འབྱུང་འགྱུར་ལ་སྟོབས་ཤུགས་དང་རེ་བ། གྲུབ་འབྲས་བཅས་ཡོད་ན་ཐང་།
གསུམ། མ་འོངས་པའི་གནད་དོན།
ཆོས་ཉིད་ལ་དབང་ཤུགས་བཙན་པས། གལ་ཏེ་འབྱུང་འགྱུར་༧གོང་ས་མཆོག་ཡིད་བཞིན་ནོར་བུ་མཆོག་སྐུ་འཚོ་བཞུགས་མ་གནང་པའི་དབང་དུ་གྱུར་ཚེ། འཇིག་རྟེན་འདིའི་ཆེས་ཉི་མ་ནག་པོ་དེ་བོད་མིའི་མགོ་ཐོག་ཏུ་ཤར་སོང་བ་མ་རེད་དམ། དུས་དེ་ནས་བཟུང་རྒྱལ་སྤྱིའི་ཐོག་བོད་པའི་མཚན་སྙན་གྱི་དར་ཆ་དེ་བསྒྲེང་ནུས་མཁན་སུ་ཡོད་དམ། དེ་བས་ཀྱང་བོད་ཀྱི་རིག་གཞུང་གི་མགྲིན་ཚབ་པ་བྱེད་ཐུབ་མཁན་སུ་སུ་ཡོད་དམ། གཞིས་བཞུགས་བོད་མིའི་དད་སྟོབས་ཀྱི་རེ་བཞག་འབུམ་ཕྲག་མང་པོ་དེ་སུ་ལ་གཏད། འཛམ་གླིང་ཐོག་བོད་དང་བོད་མིའི་ཁྱད་ནོར་གྱི་དཔལ་ཡོན་དེ་སུ་ཡིས་འགྱོག་ནུས་སམ། བོད་ཀྱི་མ་འོངས་པར་མཚོན་ན། དྲི་བ་འདི་ཚོ་རང་ཤུགས་ཀྱིས་གལ་འགངས་ཆེན་པོ་ཞིག་མ་རེད་དམ། གཞན་ཡང་། ད་ལྟའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་སྣེ་ཁྲིད་པ་མང་ཤོས་ལ་མཚོན་ན། སྙོམ་སྒྲིག་དང་ཆ་མཉམ་དུ་ཁྲིད་ཐུབ་པའི་འཇོན་ནུས་མེད་པའམ། ཡང་ན་ཡོད་རུང་ཕྱོགས་རིས་ཀྱི་ནད་ཡམས་འགོས་དྲགས་པས། རང་ཉིད་སྤྱི་པའི་ཁ་ལོ་བ་ཡིན་པ་དེ་བསྐྱུར་འཇོག་བྱས་ནས། རིགས་རུས། སྐད་ཡིག སྐྱིད་སྡུག་གཅིག་གི་འབྲེལ་ཐག་གིས་བཟུང་བའི་རིགས་མཐུན་སྤུན་ཟླ་ནང་ཁུལ་ལ། འགལ་རྩོད་ཀྱི་ཕུང་བོ་བསམ་བཞིན་དུ་སྤུང་གིན་པ་ནང་བཞིན། མ་འོངས་འཐབ་རྩོད་ཀྱི་སྒྲིག་འཛུགས་ལ་རྐང་འཛིན་པ་རྣམས་དེ་ལྟར་མི་འགྱུར་བའི་གཏན་ཚིགས་ཡང་དག་ཡོད་དམ། མེད་ན། འབྱུང་འགྱུར་བོད་མིའི་འཐབ་རྩོད་ལ་རེ་བ་ག་འདྲ་འདུག་གམ། བོད་མིའི་མཐུན་སྒྲིལ་ལ་ནུས་སྟོབས་ཅི་ཙམ་ཡོད་རྒྱུ་རེད། གཞིས་བཞུགས་བོད་མིའི་བློ་གཏད་ཀྱི་མ་རྩ་གང་འདྲ་ཆགས་ཡོང་། མི་རབས་གསར་པའི་རང་ཚུགས་དང་ལངས་ཕྱོགས་ག་འདྲ་ཞིག་ཏུ་འགྱུར་རམ། ད་རུང་རྗེས་རབས་པ་རྣམས་དྲང་བདེན་གྱི་ཕྱོགས་སུ་བློས་གཏོང་ཕོད་པའི་ལར་ཞེན་གྱི་གདེང་སྤོབས་ག་འདྲ་ཡོད་དམ། གང་ལྟར།ད་ལྟ་ནས་ལག་ལེན་གྱི་ཁ་ཕྱོགས་མ་ནོར་བ་ཞིག་དང་འཆར་གཞི་ལྡན་པའི་མདུན་བསྐྱོད་ཅིག ཆིག་སྒྲིལ་གྱི་ས་བོན་བརྟན་བརླིང་ཞིག་འཛུགས་མ་ཐུབ་ན། མ་འོངས་པ་ནི་འབྲས་བུ་སྨིན་རྒྱུ་མེད་པའི་དྲི་ཚིག་རྐྱང་རྐྱང་ནང་ཐིམ་འགྲོ་སྲིད་པ་མ་རེད་དམ།
༢༠༡༩།༠༩།༣༠
ད་ལྟའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱག་ལས་གནང་
སྟངས་ནས་མ་འོངས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཁ་
ཕྱོགས་ག་འདྲ་ཞིག་ཏུ་ང་་ཚོ་སླེབས་མིན་ད་ལྟའི་ཁ་མཆུ་ཨང་ཉི་
ཤུ་གིས་ཉན་ཞིབ་ནས་ཕྱོགས་གཏོགས་དང་འགོ་འདྲེན་ལ་འགན་
འཁུར་ཇི་ཡོད་མི་མང་མདུན་གསལ་སྟོན་བྱས་པ་འདིའི་མ་འོངས་
བཙན་བྱོལ་སྤྱི་ཚོགས་འདི་འཚོ་གནས་ཐུབ་པ་ལ་འགན་འཁུར་ཐུབ་
པའི་སྲིད་སྐྱོང་མཁས་དབང་ཟམ་གདོང་རིན་པོ་ཆེ་ལས་གཞན་དུ་རེ་བ་
རྫོགས་པ་མ་རེད་དམ།
བསམ་ཡོད་འདྲ་ཡོད་ན་བློ་ཚབས་སྐྱེ་འོས་པའི་སྐད་ཆ་ཡིན་ཀྱང་། འདས་པ་ནི་འདས་པ་ཡིན་པས་རྗེས་མ་དཔྱོད། མ་འོངས་པ་ནི་མ་འོངས་པ་ཡིན་པས་སྔོན་མ་བསུ། ད་ལྟ་བ་འདི་རང་གཙོ་ཆེ་ཡང་། འདི་ནི་དཀོན་མཆོག་གོང་དུ་ཕུད། དེ་མིན་ཁྱོད་དང་ང་ཐེ་བའི་བོད་མི་རེའི་ཁ་ནས། ཆིག་སྒྲིལ་དང་ཆིག་སྒྲིལ་ཟེར་ཡང་། སྐྱ་སེར་མཐོ་དམན་དྲག་ཞན་ཀུན་གྱི་སེམས་ཀྱི་གདིང་ན་ཕྱོགས་རིས་དང་། ཆགས་སྡང་གི་གནད་གཞི་ལྕི་མོ་ཞིག་ཡོད་པ་འདི་ལ་ཕན་པའི་སྨན་དེ་གླིང་གཞན་ཞིག་ན་ཡོད་ན་ལས། རང་ཅག་གནས་པའི་སའི་གོ་ལ་ཟེར་བ་འདིའི་ནང་མི་འདུག་ཅེས་བརྗོད་ན་འུད་མི་ཆེའོ། །
ཆིག་བསྒྲིལ་ཁ་ནས་བཤད་ནས་ཆིག་བསྒྲིལ་གཏོར།
གསར་གཏོད་ཁ་ནས་བཤད་ནས་ལྐོག་ཟ་ཐོན།
རང་ཁ་རང་གསོ་བཤད་ནས་རོགས་དངུལ་འོག་ཏུ་ཚུད།
ཆིག་བསྒྲིལ་གསར་གཏོད་རང་ཁ་རང་གསོ་ཧཧཧ།
༄༅། གཟིགས་དང་གཟིགས་དང་ཆོལ་གསུམ་བོད་མི་གཟིགས།།
ཤིང་ནགས་ནང་གི་ཤིང་ལོའི་གསེབ་ན་གཟིགས།
འདབ་ཆགས་དེ་ཚོའི་མཐུན་བྒྲིལ་དེ་ལ་གཟིགས།
ང་ཚོ་བོད་རིགས་སྤུན་ཟླའི་ནང།་ དེ་ལྟར་མཐུན་ན་ཅི་ཡང་སྐྱིད་པ་ལ།
ཆོལ་གསུམ་བོད་མིའི་མཛའ་མཐུན་གསེར་ཐག་ཆད་ནི་མི་རུང།
ཕ་ཡུལ་བཙན་འཕྲོག་དམར་པོས་། ཚུར་ལ་ང་ཚོར་བལྟས་ནས་བསྡད་ཡོད།