Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་ལོ་ཞེ་དགུར་མྱངས་པའྀ་བོད་མིའི་སྐྱིད་སྡུག་གི་སྤྱི་བཤད།

Posted on 2008-06-09 By དབང་ཕྱུག་ 2 Comments on མི་ལོ་ཞེ་དགུར་མྱངས་པའྀ་བོད་མིའི་སྐྱིད་སྡུག་གི་སྤྱི་བཤད།

རྨེ་སྲིབ་ནོར་བུ།
སྤྱི་ཟླ་གསུམ་པའི་ཚེས་བཅུ།
ལོ་རྒྱུས་ཀྱི་བཞུར་རྒྱུན་ཁྲོད། ང་ཚོའི་མི་རིགས་ཀྱི་འཕེལ་རིམ་དང་རྒྱལ་ཁབ་ཀྱི་གཟི་བརྗིད་ནི་རྡོ་རིང་གི་བརྐོས་ཡིག་ལས་གསལ་ལ། ཤེས་རིག་གི་མཛེས་སྡུག་ལས། ང་ཚོའི་མི་རིགས་ཀྱི་རྣམ་དཔྱོད་དང་རྣམ་དཔྱོད་ཀྱིས་བསྐྲུན་པའི་རིག་པའི་དཔལ་ཡོན་མངོན་པར་བཀྲ་ཡང༌། ཡོ་འཁྱོམ་ཆེ་བའི་ཆབ་སྲིད་ཀྱི་རླུང་འཚུབ་ནང༌། ང་ཚོའི་རྒྱལ་ཁབ་འཛམ་གླིང་ཐོག་རྨེག་མེད་དུ་བཏང་བའི་ཉི་མ་ནག་པོའི་དུས་ཚིགས་ཏེ། ང་དགུ་ལོའི་སྤྱི་ཟླ་གསུམ་པའི་ཚེས་བཅུ་རེད།
ཉི་ནག་གི་དུས་རབས་འདི་ཤར་བའི་དུས་དཀྱིལ་ཙམ་ལ་རང་ཉིད་ཁ་བའི་ལྗོངས་སུ་སྐྱེ་འཚར་བྱུང་བས། དམར་དམག་གིས་བསྐོར་བའི་བོད་ཡུལ་དང༌། མེ་སྒྱོགས་འོག་གི་འཚོ་བ་ལ་རང་ཉིད་ཆུང་དུས་ནས་གོམས་འདྲིས་ཡོད་སྟབས། སྟོང་ལོ་བརྒྱད་པར་བྱུང་བའི་ཕ་ཡུལ་གྱི་དོན་རྐྱེན་ཐོས་སྐབས་གཞིས་ལུས་སྤུན་ཟླའི་མནར་གཅོད་དང་མྱ་ངན་གྱི་འཚོ་བ་གློག་བརྙན་ཇི་བཞིན་མིག་ལམ་དུ་ཤར་བྱུང༌།
བཙན་གནོན་པ་དག་གི་འབོད་ཚིག་ཏུ། ཁྱོད་ཤི་ང་གསོན་གྱི་འཐབ་རྩོད། ཅེས་པ་དེས་ངས་ནམ་ཡང་བཤད་འདོད་པ་དང་འབྲི་འདོད་པ་དེ་སློང་འདྲེན་བྱས་བྱུང༌། དེ་ནི་བོད་རྒྱའི་ལོ་རྒྱུས་ཁྲོད་བག་ལ་ཉལ་བའི་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་དེ། ནད་རོ་རྙིང་པ་ཞིག་ཡང་བསྐྱར་འགོ་བརྩམས་པ་རེད།

དང་པོ། དྲག་པོའི་བཙན་འཛུལ་དང་ཁ་གཏད་གདོང་ལེན་གྱི་འཐབ་རྩོད།

དུས་རབས་ཉི་ཤུ་པའི་དུས་དཀྱིལ་ཙམ་དུ་མེ་སྒྱོགས་དང་མེ་མདའི་ཁ་ནས་མེ་ལྕེ་མཆེད་ཐེངས་ཤིག་དང༌། དམར་དམག་རྒྱུག་ཐེངས་ཤིག་གིས་ལོ་རྒྱུས་ཡུན་རིང་ལྡན་པའི་ང་ཚོའི་རྒྱལ་ཁབ་ཀྱི་དབང་ཐང་མཐར་སྐྲོད་བྱས་པ་དེ་ནི། གཅིག་ནས་ཉི་ཧོང་དམག་མིར་གཡུལ་འགོག་བྱས་པའི་དམག་བྱུས་ལག་བསྟར་གྱི་ཉམས་མྱོང་ཡོད་པ་དང༌། གཉིས་ནས་ཨུ་རུ་སུས་རོགས་སྐྱོར་ལས་ཐོབ་པའི་དམག་ཆས་འཕྲུལ་མཚོན་གྱི་ཆ་རྐྱེན་ཚད་མཐོ་ཡོད་པ། གསུམ་ནས་རྒྱ་ནག་གི་རྒྱལ་རབས་རིམ་བྱུང་གིས་བོད་ལ་བཙན་འཛུལ་བྱེད་ཐབས་ཀྱི་འཆར་བཀོད་ཞིབ་བྱུས་ཡོད་པར་བརྟེན་ནས། ཆོས་དང་ཞི་བདེའི་དཔལ་ཡོན་ལ་རང་དབང་གིས་སྤྱོད་སའི་གངས་ལྗོངས་དཀར་པོའི་ས་ཁྲའི་ཐོག་མེ་ཞགས་དམར་པོའི་འཁྱུག་འགྲོས་ནི་ཅི་འདྲའི་གདུག་རྩུབ་ཆེ་བ་ཞིག་རེད་ཨང༌། དཻའི་ཕྱིར་མིག་མངས་ཀྱི་་རྡེའུ་འཇོག་སྟངས་བཞིན་རྒྱ་དམར་གྱིས་བྱུས་བསྒྲིགས་ཞིབ་ཚགས་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་དྲག་པོའི་བཙན་འཛུལ་བྱས་ཤིང༌། མེ་སྒྱོགས་དང་འབར་རྫས་ཀྱིས་བཀད་གཏོར་བྱས་བའི་མཁར་ཆག་དང་དགོན་ཤུལ་གྱི་ཁོང་གསེང་ནས་རྨས་སྐྱོན་ཐེབས་པའི་བོད་རིགས་སྐྱ་སེར་རྣམས་འཛིན་བཟུང་དམར་གསོད་བྱས་པ་དང༌། མེ་མདའི་སྡིགས་སྐུལ་འོག་བོད་རྒྱ་ཁོངས་ཡིན་པའི་ཆངས་ཡིག་ལ་མིང་རྟགས་འགོད་དུ་བཅུག་སྟེ། འཛམ་གླིང་ལོ་རྒྱུས་དང་ས་ཁྲའི་ཐོག་བོད་རྒྱལ་ཁབ་ཆེན་མོའི་མིང་རིས་ནག་བསུབ་བཏང་བ་རེད། དྲག་པོའི་བཙན་འཛུལ་གྱི་ནག་ཉེས་སྦེད་ཐབས་སུ་བོད་ཞི་བའི་བཅིངས་འགྲོལ་བཏང་ཚུལ་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་བྱས་ཡོད།

གཉིས་པ། མི་རིགས་བྲན་བསྒྱུར་ལམ་ལུགས་ཀྱི་སྲིད་དབང་འཛིན་སྐྱོང་བྱེད་སྟངས།

བོད་ས་ཡིན་ཕྱིན་རྒྱ་ནག་གི་དམག་རྫོང་གིས་བསྐོར་ཡོད་ལ། བོད་མི་ཡིན་ཕྱིན་འཛམ་གླིང་ཐོག་གི་ཉེས་མེད་བཙོན་པ་ཡིན། བཅད་གཏུབ་ཆ་བགོ་བྱས་པའི་བོད་ཡུལ་གྱི་དུམ་བུ་རེ་རེ་རྒྱ་ནག་གི་ས་ཁུལ་རེ་རེའི་ཁོངས་སུ་བཅུག་ཅིང༌། རྒྱ་མི་ཡིན་ཕྱིན་དཔོན་པོ་དང་ལས་བྱེད་ཡིན་ལ་བོད་མི་ཡིན་ཕྱིན་ལས་ཁུངས་ནང་གི་ལས་གཡོག་དང་ཞིང་ཕྱུགས་ཐོན་སྐྱེད་བྱེད་པའི་བྲན་འབངས་ཡིན་པས་མི་རིགས་བྲན་བསྒྱུར་སྲིད་བྱུས་འོག་བོད་རིགས་རྣམས་ཤི་གསོན་མ་ངེས་པའི་སྡུག་བསྔལ་དང་དངངས་སྐྲག་ངང་འཚོ་བཞིན་ཡོད། ཞིང་ཕྱུགས་ཐོན་སྐྱེད་བྱེད་པའི་ཐོན་འབྲས་འབོར་ཆེན་རྒྱ་དམར་གཞུང་ལ་ཁྲལ་འབུལ་བྱེད་དགོས་པས། བྲན་འབངས་སུ་གྱུར་པའི་བོད་མི་རིགས་ལ་བཀྲེས་ལྟོགས་དང་འཁྱག་སྐོམ་གྱི་སྡུག་བསྔལ་ཡོངས་ཁྱབ་རང་བཞིན་ཅན་དང༌། ད་དུང་མུག་ཤི་ཐེབས་པའི་མི་འབོར་ཀྱང་གྲངས་མེད་ཡིན།

གསུམ་པ། མི་རིགས་གཉའ་གནོན་རང་བཞིན་ཅན་གྱི་སྲིད་བྱུས།

བོད་མིའི་འདུ་ཤེས་དང་སེམས་ཁམས་ཀྱི་ཁྱད་ཆོས་མཚོན་པའི་རིན་ཐང་བྲལ་བའི་ཆོས་རིག་གི་གཞུང་ལུགས་འབོར་ཆེན་མེར་བསྲེགས་དང༌། དེ་རྒྱུན་འཛིན་གནང་མཁན་གྱི་མཁས་དབང་བླ་གྲྭ་གང་མང་དམར་གསོད་བཏང་ཞིང༌། གཞན་རྣམས་བཙོན་འཇུག་དང་བཙན་ཤེད་ཀྱིས་དམར་པོའི་ལྟ་གྲུབ་དང་ལེན་བྱེད་དུ་བཅུག་པ་རེད། བོད་མི་རིགས་ཀྱི་སེམས་ཁམས་ཀྱི་ཁྱད་ཆོས་ཀྱིས་མཚོན་པའི་མི་རིགས་ཀྱི་ཐུན་མིན་ངོ་རྟགས་ཁག་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ནག་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཤིང༌། སྤྱི་ཚོགས་ནང་རྒྱུན་སྤྱོད་ཀྱི་ཡིག་རིགས་ཀྱང་རྒྱ་ཡིག་ཡིན་པས་བོད་པ་ཡིན་ཕྱིན་གླེན་ལྐུགས་དང༌། རྒྱ་མི་ཡིན་ཕྱིན་ཤེས་ཡོན་ཅན་ཡིན་པའི་ངོས་འཛིན་མཐོང་ཕྱོགས་འཛིན་གྱི་ཡོད། ད་དུང་སྒྱུ་རྩལ་རྩོམ་རིག་གི་རང་དབང་ཁོར་ཡུག་ཀྱང་རྒྱ་དམར་གཞུང་གིས་སྒེར་སྡོམ་བྱས་ཏེ་ཆབ་སྲིད་བསམ་བློ་ཨང་དང་པོ་དང་སྒྱུ་རྩལ་ཚད་གཞི་ཨང་གཉིས་པའི་བཀག་རྒྱའི་འོག་༼ཨ་ལེའི་བརྩམས་སྒྲུང་་་་རྡུལ་འཚུབ་དྭངས་སོང༌།ལྟ་བུ༽ཉམ་ཆུང་དུ་གནས་བཞིན་ཡོད་པས། དྲག་པོའི་དམག་གི་བཙན་འཛུལ་ཙམ་མ་ཟད་བོད་མིའི་བླ་སྲོག་ཏུ་གྱུར་པའི་མི་རིགས་རིག་གནས་དག་གིས་ཀྱང་གཉའ་གནོན་རང་བཞིན་གྱི་སྲིད་བྱུས་འཁུར་དགོས་པ་ཡིན། དེ་ལྟའི་གནས་སྟངས་ནག་པོའི་ངོ་གདོང་གཡོ་ཚིག་གིས་དཀར་འགེབས་བྱེད་ཐབས་སུ་རིག་གནས་གསར་བརྗེའི་ལོ་བཅུའི་ཟང་ཟིང་གི་གོད་ཆག་ཅེས་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་དང་ཁྱབ་སྤེལ་བྱེད་ཀྱི་ཡོད། དུས་སྐབས་ཤིག་ལ་བོད་མིའི་ཆིག་སྒྲིལ་གྱི་གཞི་རྒྱ་ཆེ་བའི་ནུས་ཤུགས་འབྱུང་རྒྱུར་དོགས་ནས་ཕྱི་ཚུལ་ལྷོད་ཡང་གི་རྣམ་པ་ཙམ་བསྟན་ཏེ། ཆོས་དད་རང་དབང་གི་མིང་སྤྱི་ཙམ་སྤྲད་ནས་སྐྱེས་པ་རྣམས་གྲྭ་པ་རང་དབང་གིས་བྱེད་རྒྱུའི་གོ་སྐབས་སྤྲད་པ་དང༌། བུད་མེད་རྣམས་ཀྱི་སྐྱེ་སྒོ་བཙན་ཁྲིམས་ཀྱིས་བཀག་པའི་དགོས་དམིགས་ནི་བོད་མི་རིགས་རྩ་མེད་དུ་གཏོང་བའི་སྲིད་ལམ་ནག་པོ་ཞིག་གི་ནང་དུ་ང་ཚོའི་མི་རིགས་འདི་ངང་གིས་འཆི་རུ་བཅུག་པ་ལས། དོན་དམ་གྱི་ཆོས་དད་རང་དབང་མིན་པ་ནི་ྋགོང་ས་མཆོག་གི་སྐུ་པར་ཙམ་ཡང་བཤམས་མི་ཆོག་པ་འདིས་གསལ་པོར་མཚོན་ཡོད། བོད་ཀྱི་དགོན་སྡེ་གང་ཡོད་ཀྱི་ཆོས་ལུགས་བྱེད་སྒོ་མཐའ་དག་རྒྱ་དམར་གཞུང་གི་སྟངས་འཛིན་འོག་རྒྱལ་གཅེས་ཆོས་གཅེས་ཞེས་པའི་ཁྲིམས་འོག་ནས་ཆོས་བྱེད་མི་སྣ་ཚོ་གནས་དགོས་ཡོད། མི་རིགས་གཉའ་གནོན་གྱི་སྲིད་ཇུས་འོག་བོད་མིའི་དོན་དམ་སྐྱིད་སྡུག་གི་ཚོར་བ་ཞིག་དུས་ནམ་ཡང་སྨྲ་བརྗོད་བྱེད་པའི་རང་དབང་ཞིག་ཡོད་མྱོང་མེད།

བཞི་བ། མི་རིགས་བཤུ་གཞོག་སྲིད་བྱུས་ཀྱི་སྡུག་བསྔལ།

བོད་བཙན་པོའི་རྒྱལ་རབས་ནས་བཟུང་རྒྱལ་རབས་རིམ་བརྒྱུད་ནས་བསགས་པའི་རིན་ཐང་གཞལ་མེད་ཀྱི་དངོས་མཛོད་པོ་ཏཱ་ལ་གཙོར་བྱས་པའི་སྤྱི་སྒེར་གྱི་རིན་ཐང་ཅན་གྱི་དངོས་ནོར་ཡོད་ཚད་བཅོམ་འཕྲོག་བྱས་ཏེ་རྒྱ་ཡུལ་དུ་དབོར་འདྲེན་བྱས་ཤིང༌། རང་བྱུང་སྐྱེ་དངོས་དང་གཏེར་རྫས་ཡོད་ཚད་བསྔོག་འདོན་གྱིས་རྒྱ་ཡུལ་པེ་ཅིང་གཙོས་ངོ་མཚར་བཞེངས་སྟོབས་ཆེ་བའི་གྲོང་ཁྱེར་དང་གྲོང་བརྡལ་སོགས་འཛུགས་སྐྲུན་རྒྱ་ཆེར་བྱས་པ་རྣམས་བོད་ཀྱི་རང་བྱུང་དང་རྩོལ་བྱུང་གང་ཡིན་ལས་ཐོབ་པའི་ཇག་ཟས་དང་འཕྲོག་དངོས་ཁོ་ན་ཡིན་ལ། བཤུ་གཞོག་སྲིད་བྱུས་རྒྱུན་སྐྱོང་ལག་བསྟར་བྱས་པའི་བོད་ཡུལ་ནི། མཁར་ཤུལ་དང༌། དགོན་ཤུལ། གཤིན་ས་རྣམས་བྱེ་ཐང་དུ་གྱུར། ད་དུང་ཡང་ཡུལ་སྐོར་སྤྲོ་འཆམ་གྱི་ལམ་ཁ་དང༌། རྒྱ་ནག་དམར་གཞུང་གི་དཔོན་རིགས་སམ་དྲག་པོའི་དམར་དམག་འགྲོ་བསྐྱོད་ཀྱི་སྡོད་གནས་སུ་གྱུར་པའི་བོད་ས་གང་ཡིན་ལ་འཛུགས་སྐྲུན་ཅུང་ཙམ་བྱས་པ་ཕུད། བོད་ཡུལ་ས་ཁུལ་ཡོངས་ཀྱི་འབྲོག་སྡེ་དང་ཞིང་གྲོང་མང་ཕྱོགས་སུ་ལམ་གློག་ཆུ་གསུམ་གྱིས་མཚོན་བའི་གཞི་རྩའི་དཔལ་འབྱོར་གྱི་འཛུགས་སྐྲུན་རྒྱ་ནག་ནང་ལོགས་དང་བསྡུར་ན་ཆེས་རྗེས་ལུས་སུ་ཡོད།

ལྔ་བ། རྒྱ་རིགས་ཆེན་པོའི་རིང་ལུགས་ཀྱི་གཡོ་ཐབས་སྲིད་བྱུས།

རྒྱ་དམར་གཞུང་གི་མི་རབས་གསུམ་གྱི་རིང་བོད་ཡུལ་ཧམ་བཟུང་བྱས་པའི་ཉམས་མྱོང་ཁྲོད་ནས་འཚར་ལོངས་བྱུང་བའི་རྒྱ་དམར་སྲིད་དབང་སྒེར་སྤྱོད་པའི་གཅེས་ཕྲུག་ཧུའུ་ཅིན་ཐའོ་ཡིས། རྒྱ་དམར་གཞུང་གི་སྲིད་དབང་སྲ་བརྟན་གྱི་དགོས་མཁོའི་ཆེད་རྒྱ་རིགས་ཆེན་པོའི་རིང་ལུགས་སྲོག་ཏུ་བྱས་པའི་སྲིད་བྱུས་དང་བསམ་བློ་སྤེལ་གྱིན་ཡོད། བྱུས་བསྒྲིགས་འདིའི་ཁྱབ་ཁོངས་སུ་རྒྱ་ནག་སྐམ་ས་ཆེན་པོ་ཙམ་མ་ཟད་ཕྱི་རྒྱལ་ཡུལ་གྲུ་ཀུན་ཏུ་ཡོད་པའི་རྒྱ་རིགས་རྣམས་ཀྱང་ཚུར་འགུགས་བྱེད་ཐབས་བྱེད་ཀྱི་ཡོད། རྒྱ་རིགས་ཆེན་པོའི་རིང་ལུགས་ཀྱིས་གྲངས་ཉུང་མི་རིགས་ལ་འགོག་གནོན་བྱེད་པའི་ཕྱིའི་རྣམ་པ་ལ་མི་རིགས་འཆམ་མཐུན་ཞེས་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་བྱས་ཏེ། ནུབ་གླིང་ཡུལ་གྲུ་དག་ལ་དཔལ་འབྱོར་འབྲེལ་ལམ་བརྒྱུད་མིང་ཙམ་གྱི་གུང་ཁྲན་རིང་ལུགས་ཀྱི་མིང་གནས་རྐྱོང་གིན་ཡོད། མི་རིགས་འཆམ་མཐུན་ཞེས་པའི་ཡང་སྙིང་རྒྱ་ནག་ཧན་མི་རིགས་ཀྱི་དབང་འོག་ཏུ་བོད་རིགས་ཀྱིས་མཚོན་བའི་གྲངས་ཉུང་མི་རིགས་རྣམས་ཐོབ་ཐང་རྩོད་མེད་ངང་གནས་རྒྱུ་དེ་རེད། དེའི་ཕྱིར་མི་རིགས་འཆམ་མཐུན་ཞེས་པའི་སྲིད་བྱུས་དེས་འགྲོ་བ་མིའི་ཐོབ་ཐང་དང་རྒྱབ་འགལ་གྱི་སྒོ་ནས་གྲངས་ཉུང་མི་རིགས་ཀྱི་ཐོབ་དབང་བཙན་གནོན་བྱེད་བཞིན་ཡོད་ལ། མི་རིགས་འཆམ་མཐུན་ཞེས་པའི་སྲིད་བྱུས་ཀྱི་དོན་རྩ་ཡང་སྙིང་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཡིན་སྟབས་བོད་མི་རིགས་ཀྱི་ཚེ་སྲོག་མིང་བྱང་སྙན་པོ་འདིས་གཅོད་ཀྱིན་ཡོད།

དྲུག་པ། ཆ་མི་སྙོམས་པའི་ཁྲིམས་ལུགས་ཀྱི་འཇིག་རྟེན།

སྤྱིར་ཁྲིམས་ལུགས་ནི། འགྲོ་བ་མིའི་ཀུན་སྤྱོད་ལེགས་བཅོས་དང་བསམ་བློ་དྲང་འཇོག་བྱེད་སྤྱད་ཀྱི་ཚད་ཐིག་ཅིག་ཡིན་སྟབས་མི་རྣམས་ཀྱིས་ཁྲིམས་ལུགས་རིན་པོ་ཆེ་ཞེས་ཀྱང་སྨྲ་སྲོལ་ཡོད། གང་ལྟར་ཁྲིམས་ལུགས་ཀྱི་ངོ་བོ་དང་ལག་ལེན་ཁྲོད་གཞུང་དམངས་གཉིས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཀྱིན་ཡོད་ལ། དེ་ལྟར་དུ་རྒྱ་ནག་ཧན་མི་རིགས་ཀྱི་གོམས་གཤིས་ཤེས་རིག་ལྡན་བའི་བཟང་སྤྱོད་ཀྱི་ལམ་དུ་བསྐོར་ཅི་ཐུབ་བྱེད་ཀྱིན་ཡོད། དེའི་ལྡོག་ཕྱོགས་སུ་ཡོད་པ་ནི། རི་ལུང་དབེན་ཐང་དུ་གནས་འཆའ་བའི་འབྲོག་པ་དང་ས་ཞིང་འདེབས་ལས་ལ་གཞོལ་བའི་བོད་རིགས་ཡིན། བོད་རིགས་རྣམས་རང་ཉིད་ཀྱི་སྒོ་ཕྱུགས་དང་མཉམ་དུ་འགྲོ་འཆག་ཉལ་འདུག་གིས་མི་ཚེ་བསྐྱལ་ན་ཁྲིམས་མཐུན་ཡིན་ལ་རང་དབང་ཡང་ཡིན། དེ་མིན་ལོ་རྒྱུས་དྲང་བདེན་གྱི་གནས་ལུགས་དང༌། རིག་གཞུང་འཕེལ་རྒྱས་ཀྱི་སྙིང་སྟོབས་རྒྱབ་ལྗོངས་སུ་བགྲངས་ནས་མི་རིགས་ཀྱི་ཐོབ་ཐང་གི་ཕྱོགས་སུ་གོམ་གང་མདུན་སྤོས་བྱས་ན་ཁྲིམས་མཐུན་མ་ཡིན་པས་སྲོག་ཁྲིམས་དང་བཙོན་འཇུག་ཉེས་ཆད་གཏོང་གིན་ཡོད། མི་རིགས་ཀྱི་བདེ་སྡུག་དང་མདུན་ལམ་ཆེད་དུ་ཚིག་གཅིག་ཀྱང་སྨྲ་འབྲི་ལ་རང་དབང་མེད་རུང་ས་ཁུལ་ཕྱོགས་རིས་ཀྱིས་བོད་རིགས་ནང་འཁྲུག་ཚབས་ཆེན་བྱུང་སྐབས། རྫོང་ཁག་སོ་སོས་མེ་མདའ་དང་འབར་རྫས་ཀྱིས་རོགས་སྐྱོར་བྱེད༼རྩྭ་ས་རྩོད་གླེང་སྐབས༽་ཀྱིན་ཡོད་ལ། དེ་ལྟར་དུ་བོད་རིགས་ནང་ཁུལ་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་ཛ་དྲག་གང་བྱུང་ལ་ཁྲིམས་ལུགས་ཀྱིས་དབང་སྒྱུར་མེད་པར་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་ཡོད།

མདོར་ན་རྒྱ་དམར་གྱིས་བོད་བཙན་བཟུང་བྱས་ནས་མི་ལོ་ང་བཅུ་ཙམ་འདིའི་རིང་བོད་པ་ཡིན་ཕྱིན་ཆེས་མཐོའི་གོ་གནས་ཀྱི་བདག་དབང་རག་མྱོང་མེད་པས་མི་རིགས་བྲན་བསྒྱུར་གྱི་སྲིད་བྱུས་ལམ་ལུགས་དང༌། མི་རིགས་ཀྱི་ཐོབ་ཐང་བཙན་འཕྲོག་བྱས་པའི་གཉའ་གནོན་གྱི་ལམ་ལུགས་དང༌། མི་རིགས་རང་ཉིད་ཀྱི་ས་དངོས་ཐོན་ཁུངས་ཀྱི་དཔལ་འབྱོར་བདག་དབང་མེད་པས་བཤུ་གཞོག་གི་སྲིད་བྱུས་སོགས་རུལ་སུངས་ཁོག་སྦས་བྱས་པའི་ཆབ་སྲིད་དྲག་རྩུབ་ཀྱི་འཁོར་ལོ་བསྐོར་གྱིན་ཡོད་ལ། ད་དུང་ཆབ་སྲིད་ནག་པོའི་འཕྲུལ་འཁོར་གྱི་ལྷུ་ལག་བཀྲ་བའི་བར་གསེང་ནས་ཆེས་སྐྱོ་གདུང་གི་གནས་སྟངས་ཤིག་མངོན་མེད་ངང་དུག་སྦྲུལ་བཞིན་འཁྱུག་བཞིན་ཡོད། དེ་ནི་བོད་མི་རིགས་ཀྱི་བསམ་བློའི་སྣེ་ཁྲིད་དང༌། རིག་གཞུང་རྒྱུད་འཛིན་གནང་མཁན་གྱི་བླ་ཆེན་དང༌། མཁས་དབང་རྣམས་ལ་ཟས་དུག་དང་སྨན་ཁབ་ཀྱིས་སྐུ་སྲོག་༼པཎ་ཆེན་སྐུ་གོང་མ། སྐྱབས་རྗེ་འཇིགས་མེད་ཕུན་ཚོགས། གུང་ཐང་རིན་པོ་ཆེ་སྐུ་གོང་མ་སོགས།༽འཕྲོགས་ཏེ་བོད་མི་མང་གི་ནུས་སྟོབས་འབུར་འཇོམས་བྱེད་ཀྱིན་ཡོད་པས། མུན་ནག་ཇག་བཅོམ་རང་བཞིན་ཅན་གྱི་སྲིད་ཇུས་ཀྱི་ལག་ནས་ང་ཚོའི་བླ་སྲོག་གི་སྣེ་མོ་གང་མང་ཞིག་ཤོར་ནས་སོང༌། ཡང་ཆུང་ས་ནས་བཤད་ན་དཔལ་འབྱོར་འཛུགས་བསྐྲུན་གྱི་ཕྱི་ཤུན་གྱོན་པའི་ཁྲོམ་རྭ་ན། བསླུ་བྲིད་ཀྱི་མཛེས་ཉམས་ངོམ་པའི་དངོས་པོ་གསར་པའི་ཁྱུ་ཚོགས་ཤིག་བོད་ཡུལ་གང་སར་དར་ཁྱབ་ཏུ་འགྲོ་བཞིན་པ་དེ་ནི་སྨད་འཚོང་ཁང་དང༌། ཆང་ཁང༌། ཤོ་རྒྱག་ཁང་སོགས་ཡིན། ཚོང་ཁང་དེ་དག་ཡོད་ས་རུ་བོད་རིགས་ན་གཞོན་མང་ལ། གཞོན་སྐྱེས་མང་ས་ན་འཁྲུག་རྩོད་མང༌། འཁྲུག་རྩོད་ཆེ་ས་ནས་རྨས་སྐྱོན་དང་མི་རོ་ཇེ་མང་ཡིན་རུང༌། དམར་གཞུང་གིས་ཁྲིམས་ལུགས་ཀྱིས་ལེགས་བཅོས་མེད་པར་སྣང་མེད་དུ་བཞག་ཡོད་པས༌། བོད་རིགས་གཞོན་སྐྱེས་རྣམས་ཤེས་རིག་གི་སྡིངས་ཆའི་ཐོག་སྣེ་འཁྲིད་དང་རྒྱུད་སྐུལ་གྱི་སློབ་གསོ་གཏོང་མཁན་སོགས་དཀོན་ཞིང༌། དཔུང་སྒྲིག་བྱས་ཏེ་ཁ་མཆུ་ཆག་སྒོའི་འཁྲུག་རྩོད་བྱེད་བཞིན་ཡོད་ལ། རྒན་རབས་བསམ་ཤེས་ཚོར་གྱོད་ཁ་འདུམ་འགྲིག་མི་ཡོང་བའི་སེམས་འཚབ་གྱི་སྡུག་བསྔལ་གྱིས་བོད་ཆོལ་ཁ་གསུམ་དུ་ཁྱབ་ཡོད། འདི་ལྟར་གསོན་ས་ནས་འཆི་ས་དང༌། སྐྱིད་ས་ནས་སྡུག་སར་བསྐྱོད་བྱེད་ཀྱི་སྒྲོམ་གཞི་ནག་པོའི་ཁྲོད་ནས་བོད་མི་མང་གིས་ཆེས་ཐབས་ཟད་འུ་ཐུག་གི་གདམ་ག་བྱས་པ་དེ་སྟོ་ལོ་བརྒྱད་པའི་ཞི་བའི་ངོ་རྒོལ་ཆེན་མོ་འདི་ཡིན།

སྣ་ཚོགས།

Post navigation

Previous Post: ང་ལ་ཉན་རོགས།
Next Post: འཆི་ཕོད་སྙིང་སྟོབས།

Comments (2) on “མི་ལོ་ཞེ་དགུར་མྱངས་པའྀ་བོད་མིའི་སྐྱིད་སྡུག་གི་སྤྱི་བཤད།”

  1. kalsang says:
    2008-06-10 at 2:47 am

    It seems to me a very deep research and good points.
    i envy you man
    Thanx

  2. Hello Misepnorbu la, says:
    2008-06-13 at 8:56 am

    Hello Misepnorbu la,
    I understood that you arts are very nice after I read them and I hope that you continue keep going to write and never give up the boy of snow lion!
    From the fire.

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (59)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (46)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (32)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme