རྟ་ནག་སྐལ་བཟང་ལུང་རིགས།
“བརྩེ་དུང་”ཞེས་པའི་ཐ་སྙད་ཀྱི་གོ་དོན་འཇོག་བྱེད་ཐད་ལ་སུས་ཀྱང་ལན་གསལ་བོ་ཞིག་ལྡོན་རྒྱུ་མ་རྙེད་སྐད། གཉུག་མའི་སེམས་གཤིས་སུ་ཏིལ་ལ་མར་བཞག་གིས་འདྲེས་ཤིང་སིམ་ནས་ཡོད་སྐད་ཀྱི་བརྩེ་དུང་ལ་རྩ་འབྲེལ་ཡང་འབྲེལ་ཞིག་འབྲི་བར་ཆ་བཞག་ན། བོ་དོང་པཎ་ཆེན་གྱི་བརྩམས་ཆོས་ཀུན་པོ་ལས་ཀྱང་རྒྱས་ཤིང་རྒྱས་པ་ཤིག་བྲི་རྒྱུ་ཨེ་ཡོད་སྙམ་པ་ཞིག་གདའ། བརྒྱ་ལ་དེ་ལྟར་བྱུང་དུ་མ་ཡོད་ནའང་། དག་ཡིག་གསར་བསྒྲིགས་ཀྱི་ཞེང་ལས་ཆེ་ཞིང་། བོད་རྒྱ་ཚིག་མཛོད་ཀྱི་རྔམས་ལས་དམའ་བ་ཞིག་ཅིས་ཀྱང་བརྩམ་ཆོག་ཆོག་ཡིན་པ་རེད།
དེ་ ལྟར་ཡིན་ཚོད་ཀྱང་“བརྩེ་དུང”ནི་རྟོགས་པ་རང་ཡན་གྱིས་ཤར་དུ་མ་ཡོད་ཚེ་འགྲེལ་ བཤད་གང་ཞིག་གིས་ཕན་དུ་མི་རེ་བའི་སྔགས་རྙིང་མའི་“འོད་གསལ་རྫོགས་པ་ཆེན་པོ” དང་འདྲ་ས་ཡོད་ལ། གཞི་དངོས་པོའི་གནས་ལུགས་རང་ཆས་སུ་ མ་རྟོགས་ཚེ་བསྟན་བཅོས་བམ་ཀློག་ཅིག་གིས་གསལ་ཁ་མི་སྟེར་བའི་རི་བོ་དགེ་ལུགས་ པའི་“སྟོང་ཉིད་རྟེན་འབྱུང”དང་མཚུངས་ས་ཆེའོ།།
ཉེ་ ཆར་དུམ་བུ་གསུམ་དུ་བགོས་ཏེ་བྲིས་པའི་བདག་གི་མུ་འབྲེལ་སྙན་ངག་ “མཛེས་མ་སྒྲོལ་མ་འདྲ་བོ་ཁྱེད་ཡིན” ཞེས་པའི་བརྗོད་བྱའི་ཁྱབ་ཁོངས་ཀུན་པོ་ཚུར་བསྐུམས་ཤིང་སྡོམ་བརྒྱབ་ནའང་“བརྩེ་ དུང་”ཞེས་པའི་ས་མཚམས་ཆུ་མཚམས་ལས་བརྒལ་འགྲོ་ས་དང་། བཟུར་འགྲོ་ས་མེད་པ་གང་ཞིག དེ་ཡང་སྨན་ཤར་མཛེས་མ་ཞིག་གི་སེམས་པའི་ལོག་མལ་ལས་ཁ་གར་འགྲོ་ས་མ་ཡོད་ པ་ནི་སྙན་དག་འདི་ལ་ཞུགས་དུས་ཀྱི་གནད་དུ་བཟུང་བའི་དམིགས་རྣམ་ཟང་མ་དེའོ།།
བདག་གིས་མཛེས་མ་སྙན་ངག་པ་གང་དེ་ལ་ཐད་ཀར་བཟུང་བའི་རིན་ཐང་ལྟ་ཚུལ་མཐོ་དྲགས་སོང་བའམ། འཕན་ཟེལ་གྱི་ཆ་ཅི་ཞིག་དང་གང་ཞིག་ཡོད་དུ་ཟིན་ཡང་། ཁོ་བོས་དངོན་སུམ་དུ་མཐོང་དུ་ཡོད་སོང་བའི་མི་ཡུལ་གྱི “ཏཱ་རེ་མ” དང་། “ཚངས་སྲས་མ”ནི་མོ་རང་ལས་གཞན་དུ་མ་ཡོད་ཙ་ན། སྙན་ངག་དེའི་བྱང་ཁོག་ཧྲིལ་བོ་“ཏཱ་རེ་མ” དང་། “ཚངས་སྲས་མ”ལས་ལོགས་སུ་གྱེས་མ་ཐུབ་པའི་རྒྱུ་མཚན་ཡང་དེ་ག་ཙམ་ཡིན་པ་རེད།
ཡང་གཅིག་བཤད་ན། སྙན་ངག་འདིའི་དུམ་བུ་དང་བོ་བདག་གི་དུས་བབ་ཟིན་བྲིས་སུ་བཀོད་ཚར་དུས། <ཁ་བརྡ>ཚང་གིས་པར་དང་སྙན་ངག་མཉམ་དུ་ཁྱེར་སོང་བ་མཐོང་ལ། <སེང་རྡོར>ཚང་གི་ཟིན་བྲིས་པ་ཞིག་གིས་ཀྱང་དྲངས་ནས་འགྲོ་སྟངས་དེས། བདག་གི་སྙན་གང་དེ་ལ་དགོས་ངེས་ཀྱི་རིན་ཐང་ཞིག་བཞག་སོང་བ་ཨེ་ཡིན་སྙམ་པའི་ཚོར་བ་དུང་དུང་བ་ཞིག་ཀྱང་ག་ལེར་བྱུང་སོང་། ད་དུང་ཚགས་པར་རྩོམ་སྒྲིག་པ་ཆེ་གེ་མོས “མཛེས་མ་སྒྲོལ་མ་འདྲ་བོ”སུ་ཡིན་དང་། སྙན་ངག་གང་གི་རྒྱབ་ལྗོངས་ཐད་ལ་ལན་ལྡོན་པའི་བཅར་འདྲི་ཆོག་མིན་ལ་ངོ་དེབ་བརྒྱུད་ནས་འབྲེལ་བ་བྱས་སོང་ཡང་། སྙན་ངག་མ་གང་ལ་མོས་མཐུན་ཡོད་མེད་ལ་མ་བལྟས་ན་མི་འགྲིག་པའི་ལན་གསལ་བོ་བཏབ་ནས་བཞག་ཡིན། དེ་ལྟ་དེ་ལྟར་བལྟས་དེ་སོང་ན་སྙན་ངག་གང་གིས་མི་སེམས་མང་དག་ཅིག་རྨང་ནས་བསྒུལ་འདུག་ཅེས་ལབ་ན་ཡང་། སྐྱོན་ཆ་དེ་ཙམ་མེད་པ་འདྲ་འོ།།
ད་དུང་བདག་གི་སྙན་ངག་གང་དེའི་ཞབས་མཆན་དུའང་། དྲ་འབུ་ཡིན་མིན་ཀུན་དང་། ངོ་ཤེས་ཡིན་མིན་ཀུན་གྱིས་“སྙན་ངག་འདིས་མི་སེམས་བསྲེགས་སོང་”དང་། “བྲིས་ནོ་ངོ་མ་ཡག་གི” ལྟ་བུ་དང་། ངོ་དེབ་ནང་གི་གྲོགས་པོ་རེ་འགས་ཀྱང་ “སྙན་ངག་དེ་ངོ་མ་ཡག་གི དུམ་བུ་བཞི་བ་ག་དུས་བྲི་རྒྱུ་ཡིན། བསྒུགས་ ནས་བསྡད་ཡོད”ལྟ་བུའི་སྐད་ཆ་སྙན་མོ་རེ་འགའ་ཡང་སྐད་དུ་འཇོག་སྲོལ་ལ་བལྟས་ན་ ཀློག་པ་པོ་དག་གི་སེམས་ཀྱི་ཟབ་ས་ལའང་སྙན་ངག་གང་དེས་མོད་མི་དམའ་བའི་ཚོར་བ་ཅི་ དགའ་ཞིག་བསྐྲུན་ཐུབ་འདུག་སྙམ་ན་སེམས་པ་དགའ་ལེ་སྤྲོ་ལེ་རེད།
ཁོ་བོ་ནི་སྙན་ངག་མ་གང་གི་དྲ་ངོས་ཀྱི་པར་རིས་ཙམ་དང་། དྲ་ཐོག་གི་སྐད་ངག་ཙམ་གྱིས་སེམས་གཏིང་ནས་འཁྲེན་པ་ནི་བདེན་པ་ལས། དངོས་སུ་ཐུག་སོང་བ་དང་། མཉམ་དུ་བསྡད་སོང་བ་ལྟ་བུའི་གཏམ་རྒྱུད་ཅི་ཡང་མེད་པས། སྙན་ངག་མ་གང་དང་འབྲེལ་བ་ཡོད་མེད་ཀུན་གྱིས་ཚོད་དཔག་གི་གཏམ་སྣ་མང་བསྒྲིགས་ནས་མོའི་སེམས་ཁམས་དང་། ཁོར་ཡུག་ཟང་ཟིང་དུ་མི་བསྒྱུར་བའི་རེ་བ་ཆབས་ཅིག་ཏུ་ཞུས་པ་ཡིན་ནོ།།
༢༠༡༡། ༨། ༡༧། ཉིན་བྲིས།
ཨོ་སྙིང་རྗེ།ངན་པས་རང་བསྟོད་དང་རུལ་མས་བུ་བསྟོད་རེ་བྱས་ཏེ་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་མྱོང་ནས་སྡོད་ལོ།
ཧཧཧ རེ་བ་ཆེན་པོ་དེ་ག་དུས་འགྲུབ་རྒྱུ་རེད་ ཡ་དེ་ལས་སླ་མོ་ཞིག་གཏན་ནས་མ་རེད་ཡ། ཧཧ
ཁ་རྡུང་མ་གཏོང་། ཁྱེད་ཚོར་མིའི་ཚོར་བ་ལ་བརྩི་འཇོག་བྱ་རྒྱུའི་བློ་ཁོག་ཙམ་ཡང་མེད་པ་ཅི་རེད། དུས་རྒྱུན་དུ་དཀྱེལ་ཡངས་དང་དཀྱེལ་ཡངས། བློ་དཀྱེལ་དང་བློ་དཀྱེལ་ཟེར་ནས་མ་ཎི་བགྲང་བགྲང་བྱེད་པའི་སྐད་ཆ་དེ་ཚོ་དེ་རིང་གང་ཞིག་ལ་གཡུག་ཚར་བ་ཡིན།
ཧཧཧ བདག་ཉིད་བདག་གིས་བསྟོད་པའི་ལུགས་འདི་ཅུང་མཛེས་པར་བསམ
རྟ་ནག་གི་སྐད་ཆ༼ “བརྩེ་དུང”ནི་རྟོགས་པ་རང་ཡན་གྱིས་ཤར་དུ་མ་ཡོད་ཚེ་འགྲེལ་ བཤད་གང་ཞིག་གིས་ཕན་དུ་མི་རེ་བའི་སྔགས་རྙིང་མའི་“འོད་གསལ་རྫོགས་པ་ཆེན་པོ” དང་འདྲ་ས་ཡོད་ལ། གཞི་དངོས་པོའི་གནས་ལུགས་རང་ཆས་སུ་ མ་རྟོགས་ཚེ་བསྟན་བཅོས་བམ་ཀློག་ཅིག་གིས་གསལ་ཁ་མི་སྟེར་བའི་རི་བོ་དགེ་ལུགས་ པའི་“སྟོང་ཉིད་རྟེན་འབྱུང”དང་མཚུངས་ས་ཆེའོ།།༽བརྩེ་དུང་ཟེར་ན་བརྩེ་གདུང་དང་འདྲ། ངམ་ངམ་ཤུགས་ཤུགས་ཀྱི་སྡུག་བསྔལ་ཞིག་དྲངས་འོངས་པ་དེ་ལ་བརྩེ་གདུང་ཟེར། དེ་འདྲའི་རྟོགས་དཀའ་བའི་རྫོགས་པ་ཆེན་པོ་དང་སྟོང་ཉིད་དང་འདྲ་བར་བཤད་པ་ནི་སེམས་པ་ཐང་ཐང་མེད་པའི་བླ་བརྡོལ་རང་རེད། དཔེ་བཞག་ས་ནོར་བ་རེད།
ཁྱེད་ཅག་དྲ་འབུ་དག་གི་མདུན་ཐད་དུ་གནས་ལུགས་ནི་ནམ་ཡང་དུག་སྦྱར་མ་བཞིན་ཡིན་པ་ཁོ་བོ་ཅག་གིས་ཤེས་ནས་ཡོད་པས། རྩོད་བརྒྱབས་ནས་དུས་ཚོད་ཆུད་ཟོས་སུ་བྱས་ན་མི་བསམས་སོ།
རང་མ་གཏོགས་མི་མེད་སྙམ་པའི་ང་རྒྱལ་དང་གནས་ལུགས་ལ་གནས་ལུགས་ཡིན་པར་ངོ་མི་འཕྲོད་པའི་རང་ལྟ་མཆོག་འཛིན་འདི་གཉིས་ལ་ནམ་ཡང་རྒྱབ་རྟེན་མི་བྱ། དེ་མིན་ལྟ་སྤྱོད་འདི་ལྟར་སོང་ན་གནས་ལུགས་ཤིག་ནམ་ཡང་བརྙེད་མི་སྲིད་དོ།