བདེ་པོ་འཚོ།
གནམ་འོག་གི་སྒུལ་ཤུགས་ཆེན་པོ་
གོ་ལའི་འཐེན་ཤུགས་ལས་ཆེ་བའི་ཁྱེད་ཀྱི་ནུས་སྟོབས་དྲག་པོས་
ངུར་སྨུག་གི་སྡེ་རྣམས་དབེན་པའི་གནས་ནས་དཀྲོགས་ཤིང་
སྙན་ངག་པའི་ཚོགས་རྣམས་སྨྱུ་གུ་དང་རིང་དུ་བྲལ་ནས་
ཁྱེད་ཀྱི་རྗེས་སུ་ཁ་གདངས་ཤིང་དབུགས་ཧད་ཧད་དུ་བསྙེགས་པ་ནི་
མཐོང་མ་མྱོང་བའི་མི་ཡུལ་གྱི་འཁྲབ་སྟོན་ཞིག་དང་འདྲ་ཨང་
ཁྱེད་ཀྱིས་
ཕོ་མོའི་བརྩེ་དུང་གི་རིན་ཐང་བརླག
གྲོགས་པོའི་མཛའ་བརྩེ་ཡི་ཕྱི་ཐག་བཅད་
ཕ་མའི་བཀའ་དྲིན་ལ་བསམ་ཤེས་ཡལ་དུ་བཅུག
ཁྱེད་ཀྱི་ཕྱིར་དུ་
མི་རིགས་ཀྱི་ལ་ཞེན་བརྗེད་འགྲོ་ལ་
རིག་གཞུང་གི་རྩ་བ་སྐམ་ཞིང་སྐད་ཡིག་གི་ཚེ་སྲོག་ཤོར་
ཐ་ན་རང་ཉིད་སུ་ཡིན་པ་དང་གང་དུ་ཡོད་པ་ཡང་བརྗེད་འགྲོ་བས་
ཁྱེད་ནི་དྲན་ཤེས་ཀྱི་རང་དབང་ཉམས་པའི་ནད་དང་
རིག་སྟོབས་ཀྱི་བློ་མིག་སྦྲིད་པའི་དུག་ཏུའང་ངེས་ཨང་
ལོ་ངོ་འདི་དག་གི་རིང་ལ་
མང་པོ་ཞིག་གི་ཁ་ཕྱོགས་ནུབ་ཕྱོགས་སུ་ཕྱོགས་ཤིང་
རང་ཉིད་ལྷ་ཡི་ཞིང་ཁམས་སུ་སླེབས་པའི་སྣང་བ་ཡམ་ཡོམ་གྱིས་བཟི་སྟེ
སྐྲ་སེར་སྤྲེའུ་ཁྱུ་ཞིག་གི་མཇུག་མར་འཇུས་ནས་ངེས་མེད་ཀྱི་མི་ཚེར་རྫོགས་ཚིག་འགོད་བཞིན་
རང་ཉིད་གཏན་ཏུ་བརླགས་ཟིན་པ་དེ་ཡང་བརྗེད་འདུག་པ་མ་ཡིན་ནམ།
ཡང་ལ་ལ་ཞིག་གིས་
རང་གི་རྒྱལ་ཁབ་དང་མི་རིགས་བཙོངས་ཤིང་
དྲིན་ཆེན་གྱི་གདོང་ལ་མཆུ་ཞག་གི་མདའ་མོ་འཕེན་གྱིན་
ཤེས་རིག་གི་ནང་དོན་ནག་ནོག་ཏུ་བཟོ་བའི་སྐྱོ་གར་འཁྲབ་ཀྱིན་ཡོད་ཨང་
ཁྱེད་ཀྱིས་བསླངས་པའི་འདོད་རྔམས་དེའི་དབང་གིས་
ཁྱེད་ལ་དུང་བའི་བསླུ་བྲིད་དེའི་རྐྱེན་གྱིས།
ཁྱེད་ཐོབ་ན་་
དྲང་བདེན་གྱི་བློ་མིག་ཞར་ནས་འགྲོ་ལ་
ཁྲེལ་གཞུང་གི་བསམ་པ་ཞུམ་ནས་འགྲོ་
སྒལ་ཚིགས་ཀྱི་མདུད་པ་ཡང་རིམ་གྱིས་གྲོལ་འགྲོ་བ་ནི་
ལོ་རྒྱུས་ཀྱི་སྐྱོ་གར་དང་
བཟོད་དཀའ་བའི་སེམས་ནད་ཅིག་རེད་ཨང་།
དོན་ངོ་མ་ཁྱེད་ནི་ཡོད་ཚད་ཀྱི་ཚེ་སྲོག་འཕྲོག་མཁན་གྱི་གཤེད་མ་དང་
ཟུངས་ཁྲག་རྔུབ་མཁན་གྱི་འདྲེ་མོ་མགོ་དགུ་མ་དང་འདྲ་བས་
ང་ཚོའི་དབུགས་རྒྱུན་ཕྲ་མོའི་རྒྱུ་བ་རེ་རེ་ཁྱེད་ཀྱི་སྦར་འཇུ་བྱས་ཟིན་པས་
ང་ཚོ་གྲགས་འགུལ་ཙམ་ཡང་བྱ་མི་ཐུབ་ནི་
ངོ་མ་ཡིད་སྐྱོ་བ་ཞིག་རེད་ཨང་།
ཀྱེ་མ་ཀྱེ་ཧུད་བདག་གི་མི་ཡུལ་་་་་བདག་གི་ཁོར་ཡུག
བདེན་པ་དང་བློ་གྲོས་་་་་་བརྩེ་བ་དང་ལ་རྒྱ་ཡོད་ཚད་འདི་ལྟར་ཉམས་འགྲོ་བ་རེད་དམ།
མི་རིགས་དང་རིག་གཞུང་་་་་དཔལ་ཡོན་དང་རིན་ཐང་ཡོད་ཚད་འདི་ལྟར་རྫོགས་འགྲོ་བ་རེད་དམ།
༢༠༡༤/༡༡/༢
ཀུན་དགའ་ལ་མི་དགའ་མདོག་མདོག། ཧ་ཧ་ཧ།
ཀུན་དགའ་མེད་ན།
རྡ་ཤོལ་ནས་རྡ་སྟེང་ལ་རྔུལ་ཆུས་ཁྲུ་དགོས་བ་ཡོད་པ་ཨ།
ཀུན་དགའ་མེད་ན།
འབྲས་ངྷ་ལུ་མཉམ་དུ་སི་པན་ཟ་དགོས་བ་ཡོད་པ་ཨ།
ཀུན་དགའ་མེད་ན།
ཀུན་དགའ་རུམ་རྒྱུ་མེད་པར་ཉལ་སར་སྟོང་བར་ལྷོག་གི་ཡོད་པ་ཨ།
ཀུན་དགའ་མེད་ན།
སློབ་སྦྱོང་ཤི་མ་ཤི་བྱས་ནས་དཀའ་ལས་བྱེད་དགོས་བ་ཡོད་པ་ཨ།
ཀུན་དགའ་མེད་ན།
སུམ་ཅུ་དང་རྟགས་འཇུག་ཙམ་ལས་དགོས་ངེས་བའི་ཤེས་བྱ་ཞིག་ཐོབ་གི་མེད་པ་ཨ།
ཀུན་དགའ་མེད་ན།
བུ་ཕྲུག་ལ་མདུན་ལམ་སྟེར་ཐུབ་ཀྱི་མེད་པ་ཨ།
ཀུན་དགའ་མེད་ན།
དགོན་པ་ལ་སྐོལ་འཇོག་བྱེད་ཐུབ་གི་མེད་པ་ཨ།
ཀུན་དགའ་མེད་ན།
ཕ་མ་ལ་ཕན་ཐོག་གི་མེད་པ་ཨ།
ཀུན་དགའ་མེད་ན།
ཁྱིམ་ཚང་ལ་ལྟོ་རྒྱགས་ཚད་ཟ་ཡ་རག་གི་མེད་པ་ཨ།
ཀུན་དགའ་ལ་མི་དགའ་མདོག་མདོག། ཧ་ཧ་ཧ།
རྐྱལ་སྟོང་མ།
ཀུན་དགའ་མི་དགོས་ན། ཀུན་པོ་ཁྱོད་ལ་དགའ་ནི་མ་རེད། ཀུན་དགའ་ཚོལ། ཀུན་པོའི་ཆེད་དུ། རྫུ་བྱེད་ཀི་མ་འདུག། ལོ་གཅེས་མ། ངའི་སྐེ།