ཨ་རིག་འགྱུར་མེད །
གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཉེ་འགྲམ་ནས་མགོ་བཙུགས་ཏེ། མི་སྣ་བཞིས་ “བོད་ནང་ཞི་བདེ་དང་རང་དབང་ཆེད་དད་པའི་གོམ་བགྲོད།” ཅེས་པའི་ཟླ་གཅིག་རིང་གི་ཞི་བའི་གོམ་བགྲོད་ཅིག་མགོ་བཙུགས་སོང་།
དེ་རིང་སྟེ་ཕྱི་ཚེས་ ༩ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ སྟེང་བོད་རིགས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་དང་ཧི་མ་ལ་ཡའི་རུ་རྒྱུད་ཀྱི་སྤུན་ཟླ་གཉིས། ཕྱི་གླིང་བ་གཅིག་བཅས་ཀྱིས་ཟླ་གཅིག་ལ་ཉེ་བའི་རིང་གི་ཞི་བའི་གོམ་བགྲོད་ཅིག་མགོ་འཛུགས་བྱས་ཡོད་པ་དང་། ཐེངས་འདིའི་གོམ་བགྲོད་འདི་གནས་མཆོག་རྡོ་རྗེ་གདན་ནས་སར་ན་དང་ཝ་རཱ་ནཱ་སི། རྩ་མཆོག་གྲོང་། ལི་བི་ནི་བཅས་སུ་གོམ་བགྲོད་བྱ་རྒྱུ་ཡིན་འདུག
གསར་འགོད་པས་ཐེངས་འདིའི་གོམ་བགྲོད་མགོ་འཛུགས་མཁན་སྲོང་བཙུན་གདོང་རྒྱུད་བུ་མོ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་སུ་བཅར་འདྲི་ཞུས་པར་ཁོ་མོས་བརྗོད་དོན། ང་ཚོས་ཐེངས་འདིའི་ལས་འགུལ་འདི་སྤེལ་དགོས་པའི་རྒྱུ་མཚན་གཙོ་བོ་ད་བར་དུ་བོད་ནང་དུ་ཆབ་སྲིད་བཙོན་པ་མང་བོ་ཞིག་གིས་བོད་ཀྱི་ཆེད་དུ་སྲོག་དོར་བ་དང་། བོད་ཀྱི་ཆེད་དུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པར་མ་ཟད། ལོ་ངོ་ཕྱི་ནང་འདིར་གཞིས་ལུས་སྤུན་ཟླ་བཅུ་ཕྲག་ལྷག་གིས་རང་ལུས་མེར་སྲེག་བཏང་སྟེ། བོད་དོན་ཆེད་དུ་སྐུ་སྲོག་བློས་གཏོང་གནང་བར་རྒྱབ་སྐྱོར་དང་། ཁོང་རྣམས་ལ་སྨོན་ལམ་བྱེད་པའི་ཆེད་དུ་ཡིན་ཞེས་དང་། ཡང་ཁོ་མོས་ཐེངས་འདིར་ང་ཚོ་ཞི་བའི་གོམ་བགྲོད་བྱ་མཁན་ལ་མི་བཞི་ཡོད་པ་ལས་ངའི་མིང་ལ་རྣམ་རྒྱལ་སྒྲོལ་དཀར་དང་། འཇར་མན་ནས་ཡིན་པའི་སྐུ་ཞབས་ Joe Hamilton ། ལ་དྭགས་ནས་ཡིན་པའི་གྲྭ་དཀོན་མཆོག་ནོར་བུ་དང་མི་སྐྱ་བཀྲ་ཤིས་རྣམ་རྒྱལ་བཅས་ཡིན་ཟེར།
གོམ་བགྲོད་པ་འདི་བཞི་བོར་ཁ་སང་༸གོང་ས་མཆོག་དང་དམིགས་བསལ་མཇལ་ཁ་རེག་ཡོད་པ་ལྟར། གསར་འགོད་པས་རྣམ་རྒྱལ་སྒྲོལ་དཀར་ལགས་སུ་དེའི་སྐོར་དྲིས་པར། ཁོ་མོས་བརྗོད་དོན། ང་ཚོར་ཁ་སང་མཇལ་ཁ་རེག་སོང་། ༸གོང་ས་མཆོག་གིས་དཔེ་མི་སྲིད་པའི་ཐུགས་མཉེས་པོ་གནང་གི་འདུག་ལ། ང་ཚོར་ལས་འགུལ་འདི་སྤེལ་བར་བསྔགས་བརྗོད་གནང་བར་མ་ཟད། གཟུགས་པོའི་འཕྲོད་བསྟེན་ལ་གཟབ་དགོས་པའི་བཀའ་སློབ་ཡང་ཕེབས་སོང་ཟེར།
ཡང་གྲྭ་དཀོན་མཆོག་དར་རྒྱས་ལགས་ཀྱིས་ཐེངས་འདིའི་ང་ཚོའི་གོམ་བགྲོད་འདིར་ཁྱོན་ཟླ་གཅིག་འགོར་སྲིད་པ་རེད་ཅེས་ཚོད་དཔག་གནང་གི་འདུག་ལ། དེ་རིང་སྟེ་ཉིན་དང་པོ་ལེ་བར་ ༢༥ ཙམ་ལ་གོམ་བགྲོད་བྱ་འཆར་ཡོད་འདུག
ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་ཐེངས་འདིའི་གོམ་བགྲོད་བྱེད་དགོས་པའི་སྐོར་ལ་བོད་དབྱིན་གཉིས་ཐོག་ཡིག་ཆ་ཞིག་འགྲེམ་སྤེལ་བྱས་པའི་ནང་། ང་རང་བཙན་བྱོལ་རང་དབང་ལུང་པར་འཚར་ལོངས་བྱུང་ཞིང་། བླ་ན་མེད་པའི་༸གོང་ས་མཆོག་གི་ཐུགས་རྗེའི་གཟི་བྱིན་འོག་ཤེས་ཡོན་གྱི་གོ་སྐབས་ཐོབ་པའི་བོད་རིགས་མི་རབས་གསུམ་པ་ཞིག་ཡིན་པས། བོད་རྒྱལ་ཁབ་དང་མི་རིགས་ལ་བཀའ་དྲིན་ཅན་གྱི་སྔོན་བྱོན་སྐྱེས་ཆེན་རྣམ་པ། ཉེ་ལམ་རང་ལུས་མེར་སྲེག་གཏོང་མཁན་རྣམ་པ་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས། ལྷག་པར་དུ་ཡབ་དམ་པ་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ་མཆོག་རྒྱའི་བཙོན་ཁང་ནང་མི་ལོ་ཉི་ཤུ་ལྷག་རིང་དཀའ་སྡུག་གིས་འཚོ་བ་མྱངས་པའི་བརྒྱུད་རིམ་དག་ལ་བསམ་སྟེ། བཀའ་དྲིན་རྗེས་དྲན་དང་། ཁོང་རྣམ་པའི་རྗེས་འབྲང་མི་རབས་གསར་པ་ཚོ་ད་ལྟའི་བར་གསོན་ཡོད་ལ་དུས་ནམ་ཡང་གསོན་ངེས་ཡིན་ཞེས་རྒྱ་གཞུང་ལ་བརྡ་ལན་དང་རང་ཉིད་ཀྱིས་དམ་བཅའ་བཟུང་ཡོད་ཅེས་དང་།
ཡང་ཡིག་ཆ་དེའི་ནང་བཀོན་དོན། རྒྱུ་མཚན་དེར་བརྟེན་ཐེངས་འདིའི་དད་པའི་གོམ་བགྲོད་འདི་ནི་༸གོང་ས་མཆོག་གི་དགོངས་བཞེད་སྒྲུབ་པའི་གོམ་བགྲོད་ཅིག་དང་། བོད་བསྟན་སྲིད་སླད་རང་སྲོག་འདོར་པར་གནོད་འགྱོད་དང་ཕྱི་ཤོལ་མེད་པའི་ཡབ་ཆེན་དམ་པའི་རྗེས་སུ་འབྲང་པའི་གོམ་བགྲོད། བོད་མིའི་དཀའ་སྡུག་གི་བྱུང་བ་བརྗོད་པའི་གོམ་བགྲོད། རང་དབང་ལ་ཕྱོགས་པའི་གོམ་བགྲོད། སྙིང་ནས་བོད་ཀྱི་དཔའ་བོ་དཔའ་མོ་དག་རྗེས་སུ་དྲན་པའི་གོམ་བགྲོད། གཞིས་བྱེས་མཉམ་འཛོམས་ཡོང་བའི་གོམ་བགྲོད་བཅས་ཡིན།
གོམ་བགྲོད་འདི་ད་ལོའི་རྒྱ་གར་གནས་ཆེན་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་བའི་སྐབས་དང་བསྟུན། ཐོག་མར་རྡོ་རྗེ་གདན་ནས་མགོ་བཙུགས་ཏེ། རྒྱ་གར་དང་བལ་ཡུལ་བརྒྱུད་ནང་པའི་གནས་ཆེན་ཁག་དབར་ལ་གོམ་བགྲོད་བྱ་རྒྱུ་ཡིན་ཞིང་། གོམ་བགྲོད་སྐབས་གཙོ་བོ་མཆོད་འབུལ་དང་སྨོན་ལམ། བསགས་སྦྱངས། ངན་སློན་ལ་སྦྱིན་གཏོང་། འཆི་ངེས་སྲོག་བླུ་གཏོང་བ་སོགས་རྣམ་དཀར་དགེ་སྒྲུབ་གང་ཐུབ་བྱ་རྒྱུ་བཅས་ཡིན་ཞེས་གསལ་འདུག
དེ་རིང་རྡོ་རྗེ་གདན་ནས་ཁོང་རྣམ་པས་ཞི་བའི་གོམ་བགྲོད་མགོ་འཛུགས་སྐབས་མང་ཚོགས་རྣམས་ཀྱིས་ཁོང་རྣམ་པར་ཁ་བཏགས་གཡོག་པར་མ་ཟད། རེ་ཟུང་གིས་དངུལ་གྱི་ཞལ་འདེབས་སྤྲད་ཡོད་ནའང་། བུ་མོ་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་ཐེངས་འདིར་ངེད་ཅག་གི་ཞལ་འདེབས་བསྡུ་གི་མེད། ང་ཚོ་ལ་ཞལ་འདེབས་དགོས་པ་མ་རེད། དེ་ལས་བོད་ནང་གི་དཔའ་མོ་དཔའ་མོ་རྣམས་ཀྱི་ཆེད་དུ་སྨོན་ལམ་གནང་རོགས་ཞེས་རེ་སྐུལ་ཞུ་བཞིན་འདུག
—
མི་སྣ་བཞིས་ལུས་ཀྱི་གོམ་བགྲོད་མཛད་པར་བྱ་བ་ལམ་འགྲོ་འབྱུང་བར་ཡིད་སྨོན་དང་། ཡི་གེ་ཤེས་པ་དག་གིས་གཞན་བོད་སྐད་ཡིག་དོན་གཉེར་ཅན་རྣམས་ལ་བོད་ཡིག་སློབ་པ་དང་། བོད་ཡིག་ལ་དོན་གཉེར་མེད་པ་གཞན་དག་ལ་བོད་ཡིག་སྦྱོང་བར་སྤྲོ་བ་སྐྱེད་དུ་འཇུག་པ་ལ་བརྩོན་ན། གོམ་བགྲོད་དེ་བོད་ཀྱི་མི་རིགས་རིག་གཞུང་མི་བརླག་པའི་ཆེད་དུ། རྡོ་རྗེ་གདན་ནས་སཱར་ནཱཐ་དང་། བཱ་རཱ་ཎ་སི། རྩྭ་མཆོག་གྲོང་། ལུམ་མི་་ནི་བཅས་སུ་གོམ་བགྲོད་མཛད་པ་དང་མཚུངས་པར་འགྱུར་རོ།།
བོད་མི་བཞི་ཡིས་གོམ་བགྲོད་བྱས་པ་དང་། །
བོད་མི་བཞི་ལ་བོད་ཡིག་བསླབ་དང་མཚུངས། །
གནས་ཆེན་བཞི་ལ་གོམ་བགྲོད་གནས་སྐོར་དང་། །
བོད་རིགས་བཞི་ལ་བོད་སྐད་བསླབ་དང་མཚུངས། །
ཐུ་མའི་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །
ཁོང་རྣམ་པ་བཞི་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འཇུག་འབྲས་ཆེ་མིན་ལ་མ་ལྟོས་པར་དེ་ལྟ་བུའི་ལྷག་བསམ་དང་སྙིང་སྟོབས་ཡོད་པ་ཙམ་གྱིས་ང་ཚོ་སྤོབས་པ་སྐྱེ་དགོས་པ་རེད། ཐུགས་རྗེ་ཆེ་་་་་་་་སྙིང་ཐག་པ་ནས་་་་་་་་།
ལས་འགུལ་ལ་ཐུགས་རྗེ་ཆེ། ལམ་ཁར་བར་ཆད་མེད་པའི་སྨོན་ལམ་ཡོད། བཀྲ་ཤིས་བདེ་ལེགས། །
བུ་མོ་འདིས་ལོ་སྔོན་མའི་ནང་རྒྱ་གར་ཁྲིམས་ཐོག་ནས་རྒྱ་གར་མི་སེར་ཐོབ་ཐང་བླངས་སྐབས། ཁོ་མས་ཡབ་དམ་པའི་དགོངས་དོན་དང་བོད་ཀྱི་རྩ་དོན་བསྒྲུབ་རྒྱུ་སོགས་ལ་དགོས་པ་རྒྱུ་མཚན་ཞིག་གི་སླད་ལག་འཁྱེར་དེ་བླངས་པ་ལས། རང་ཉིད་བོད་པ་ཞིག་ཡིན་པའི་འགན་ནམ་ཡང་བློས་གཏོང་གི་མ་རེད་ལ། ཡིག་ཆ་ཞིག་གིས་བོད་པ་ཞིག་བོད་པ་མ་ཡིན་པ་དེ་བས་ཆགས་མི་སྲིད་ཅེས་བརྗོད་འདུག དངོས་ད་ལྟ་མཐོ་སློམ་འགྲིམས་བཞིན་པའི་སློབ་མ་ཞིག་དང་བུ་མོ་ཞིག་གི་ངོས་ནས་ལས་འགུལ་འདི་འདྲ་ཞིག་སྤེལ་བ་དང་། བསམ་བློ་གཏོང་སྟངས་ལ་བལྟས་ཡོང་ན། རེ་བ་ཆེན་པོ་ཡོད་པའི་བུ་མོ་ཞིག་རེད་འདུག ཁྱེད་ལ་རྒྱབ་སྐྱོར་དང་ལས་དོན་བདེ་ལེགས་ངང་འགྲུབ་པའི་སྨོན་འདུན་ཡོད། ཐུགས་རྗེ་ཆེ།
ལྷ་རྒྱ་རི་སྲས་མོ་རྣམ་རྒྱལ་སྒྲོལ་དཀར་དང་ཁོང་གི་རོགས་པ་རྣམས་ཀྱི་སྐུ་ལ་བར་ཆད་མེད་པའི་ཐོག་བྱ་བ་ལམ་འགྲོ་དང་། རེ་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཡོད།
ལྷ་རྒྱ་རིའི་དབུ་འཕངས་དགུང་ལས་མཐོ༎ རྟ་རག་པའི་རྒལ་གཞུང་གྲི་ལས་རྣོ༎
རྣམ་པ་བཞི་ལ་བཀྲ་ཤིས་བདེ་ལེགས་ཞུ། །
བོད་བཙན་པོ་སྲོང་བཙན་སྒམ་པོ་གདུང་རྒྱུད་ན་གཞོན་སྲས་མོ་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱི་ལྷག་བསམ་ལ་ཆེད་དུ་བསྔགས་བརྗོད་ཞུ། དེང་ནས་བཟུང་བོད་མིའི་བདེན་མཐའ་མ་གསལ་གྱི་བར་དུ་ནམ་ཡང་ལ་རྒྱའི་དཔུང་པ་གྱེན་མཐོར་སོང་སྟེ་བདེན་པའི་ངར་སྒྲས་རི་བོ་ཧིན་མ་ལ་ཡའི་ཐོད་ནས་བརྒལ་ཏེ་བོད་ས་ཡོངས་དང་འཛམ་གླིང་ཀུན་ལ་ཁྱབ་ཐུབ་པའི་ཡིད་ཆེས་དང་འབྲེལ་བའི་སྨོན་འདུན་ཀྱང་ཞུ།
བོད་དང་བོད་མིའི་ཆེད་དུ། ལྷག་པར་དུ་བོད་ནང་གི་རང་ལུས་མེ་སྲེག་གཏོང་མཁན་ཚོའི་ཆེད་དུ་དང་། བོད་ནང་ཞི་བེད་རང་དབང་ཆེད་རྣམ་པ་བཞིས་གོམ་བགྲོད་གནང་པར་ཐུགས་རྗེ། གནས་ཚུལ་འདི་ལྟ་བུའི་གལ་ཆེན་པོ་བོད་ཀྱི་དུས་བབ་གསར་འགྱུར་ནང་མ་ཐོན་པ་ག་རེ་ཡིན་ན།
དུས་བབ་སྒོ་བརྒྱབ་འདུག་ཟེར།
ཁྱེད་ཅག་ལ་རྗེས་སུ་ཡི་རངས་ཞུ་བ་ཡིན།
མཛངས་མ་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱི་གཙོས་ཁྱེད་ཅག་ཚང་མར་བསྔགས་བརྗོད་དང་རྗེས་སུ་ཡོད་རང་ཞུ།
སྔོན་བྱོན་ཆོས་རྒྱལ་གོང་མའི་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ། དེང་སྐབས་བོད་མིའི་གནས་བབས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་དུ། འབྱུང་འགྱུར་བོད་མི་རིགས་དང་། བོད་མི་རིགས་ཀྱི་རྩ་དོན་མི་རབས་རྗེས་མས་རྒྱུན་སྐྱོང་ཆེད་དུ། རང་མི་རིགས་དང་། མི་རིགས་ཀྱི་རིགས་གཞུང་ལ་དུང་བ་དང་ལར་ཞེན་ཆེན་པོས་རང་དབང་དང་ཞི་བདེའི་གོམ་བགྲོད་འདི་གནང་བ་སེམས་གཏིང་ནས་ཡིད་རངས་དང་བསྔགས་བརྗོད་ཞུ།
༥༩ ལོར་ཡབ་དམ་པ་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོས་ཁ་རྗེ་དབང་ཐང་། ལུས་སྲོག་ལོངས་སྤྱོད་བཅས་པ། བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་དུ་བློ་བཏང་གིས་རྒྱ་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོལ་གདོང་ལེན་གནང་བས་མི་ལོ་ཉི་ཤུ་ལྷག་རྒྱ་དམར་གྱི་བཙོན་ཁང་དུ་དཀའ་སྡུག་ཚད་མེད་མྱང་བའི་ལྷག་བསམ་དང་སྙིང་སྟོབས། བོད་མི་རིགས་ཀྱི་མདུན་ལམ་དང་ཕུགས་བསམ་ལ་ཡིད་ཆེས་གདེང་འཇོག་ཅི་ཙམ་ཡོད་པའི་དགོངས་བཞེད་བུ་མོ་རྣམ་རྒྱལ་སྒྲོལ་གྱིས་ཡབ་དམ་པའི་བཞེད་ཇི་བཞིན་དགོངས་བསྐོང་རྒྱུར་སེམས་གཏིང་ནས་ཡིད་ཆེས་དང་། རེ་བ་ཡོད།།
བཞེད་དགོངས་ཇི་བཞིན་བསྐོང་
བླ་ན་མེད་པའི་བཙན་པོའི་གདུང་བརྒྱུད་ཀྱི་ཉམས་ཤིག་ཐོན་ཡོང་གི་འདུག
བུ་མོ་རྣམ་རྒྱལ་སྒྲོལ་དཀར་ནི་ང་ཚོ་བཙན་བྱོལ་བའི་ཁྲོད་མ་འོངས་པར་རེ་བ་ཡོད་པའི་མི་ཞིག་ཆགས་རྒྱུའི་རེ་བ་ཆེན་པོ་འདུག