ཁ་བའི་འབྲོག་མོ།
སྡུག་གི་ཕ་མཐའ་མི་མངོན་དབྱིངས་ཤིག་སྟེ།།
ངལ་བའི་བགྲོད་པ་སོ་སོའི་ལུས་ཀྱིས་བསྟེན།།
འཇིགས་རུང་གནས་ན་འཕྲང་ལམ་ཕྲ་མོ་ཞིག།
ངལ་མེད་གནས་ལ་སོན་པའི་བློ་ཅི་ཡོད།།
རིན་ཆེན་ནོར་བུས་མཛེས་པའི་གཟུགས་པོ་འདི།།
གཅེར་བུའི་ཡ་མཐའ་ཟུག་པའི་གནས་གང་ཞིག།
ཚེ་རིང་ནད་མེད་འཚོ་བའི་གཟུགས་གཞི་འདི།།
གཅེར་བུའི་མ་མཐའ་ཟུག་པའི་གནས་གང་ཞིག།
རྩ་གསུམ་རྩོལ་བ་མེད་པའི་འཇིན་རྟེན་ན།།
སྡུག་གི་སྨྲེ་ངག་འདོན་པར་འོས་མ་ཡིན།།
ཤར་ཀྱིས་བསྐྱོད་པའི་ད་ལྟའི་བྱ་བྱེད་འདིས།།
རྨི་ལམ་རིང་མོར་འབྲས་བུ་སྨིན་པར་ཤོག།
2014.4.24
༼བཙོན་དུ་ཡོད་པའི་ཁྱོད་དྲན་པ།། ༽
ཞལ་ནང་ཡུམ་གྱི་འོ་དྲི་མ་ཡལ་གོང་།། བྱིས་པའི་རྩེད་ར་ནང་ནས་བཙན་གྱིས་ཁྲིད།། དགུང་ལོ་ཉེ་ལྔ་ཕེབས་པའི་དེང་རིང་ལ།། ག་ཡོད་མི་ཤེས་འདི་ནས་འཁྲུངས་སྐར་བསུ།།
ཉེས་མེད་ཁ་བའི་ལྗོངས་ཀྱི་གཅེས་ཕྲུག་ཁོང་།། ད་ལྟ་འཚོ་ཞིག་བཞུགས་པ་དོགས་གནས་ཡིན།། བཙན་འོག་ཡོད་ན་གོླད་ཐབས་སུ་ལ་ཡོད།། རྟེན་འབྲེལ་དཀར་པོ་ཞིག་གིས་འཁྲུངས་བསུ།།