ནག་ཆུ་ཀུན་དགའ།
ཁམས་འཛམ་བུའི་གླིང་འདི་འབག་བཙོག་གིས་བསླད་ན།།
གནས་གཙང་མའི་ཞིང་ཞིག་ང་ཚོ་ལ་མི་ལྷག །
རྫས་སྙིགས་མས་སྦགས་པའི་ནད་འབུ་ཡི་འཇིག་རྟེན།།
བུ་ཚ་བོར་འཇོག་པ་སྙིང་དབུས་ནས་བཟོད་དམ།།
གནས་ལྔ་རིག་བགྲོད་པའི་ལམ་བུ་དེ་བཀག་ནས།།
དམན་བུ་མོའི་ལང་ཚོ་ལྷས་ར་ལ་བསྟིམས་པ།།
ཤིང་ཙན་དན་སོ་བར་བསྒྱུར་བ་དང་འདྲ་བའི།།
ཤ་རུས་པའི་བརྩེ་དུངས་དེ་འདྲ་རང་ཨེ་ཡིན།།
སྦྲ་གཡང་ཁྱིམ་ཕྱུག་མོའི་ཕ་གཞིས་དེ་བསྐྱུར་ནས།།
ས་རྒྱ་སྡེའི་གྲོང་གི་ལམ་གསུམ་གྱི་མདོ་ལ།།
ཁ་ཝུ་ཆང་དབུ་བ་འཕྱུར་འཕྱུར་ངང་འཁྱོར་བ།།
ཕ་རྒོད་པོའི་རྒྱུད་པ་འཛིན་སྟངས་དེ་མིན་འགྲོ།། ་
རྒྱ་སྨད་ཚོང་བུ་མོའི་ལྟོ་བ་ལ་འབྱར་ནས།།
སྨན་བཅོས་ཐབས་བྲལ་བའི་ནད་ངན་ཞིག་ཁྱེར་ཡོང་།།
བོད་གདོང་དམར་རིགས་རྒྱུད་ཆུ་བོ་དེ་ཆད་ན།།
མིག་མཆི་མ་བསྙིལ་བའི་འགྱོད་སེམས་ཀྱིས་འདུམ་མམ།།
རྩ་འཇག་མའི་ན་ཁ་ཕྱུགས་ལྷས་ཙམ་དོན་དུ།།
གཉེན་ཕུ་ནུའི་དམེ་འཛིང་ཁྲག་དམར་གྱི་ཡོ་ལང་།།
ལྗོངས་མཐོ་སྒང་རྒུད་པའི་མི་འདོད་པའི་ཐན་ལྟས།།
རུས་ལར་ཞེན་མིག་གིས་ལྟ་བར་ཞིག་བཟོད་དམ།།
དབྱངས་གསལ་བྱེད་དྭངས་གཙང་འོ་མ་ཡི་བདུད་རྩིར།།
སྐད་སྣ་ཚོགས་སྦྲགས་མའི་ཁྲག་ཐིགས་ཤིག་བསྐྲུན་འདི།།
ཟས་དཀར་དམར་གང་གི་ཁུ་བ་ལ་མི་གཏོགས།།
འདྲེ་ཡི་དྭགས་བསྔོ་ཡང་མིད་པ་ལ་འགྲོ་འམ།།
འདྲེ་ཡི་དྭགས་པར་བསྔོ་ཡང་མྱིད་པ་ལ་འགྲོ་འམ།།
སྐད་ར་མ་ལུག་དེ་འདྲེ་ལ་ཡང་མི་དགོས་འདྲ་ཞིག་བཤད་ཡོད་ནི་ཨེ་ཡིན། གོ་མ་ཐལ། གྲོགས་པོ།
དཔེ་ཡི་ནང་དུ་དོན་ཉལ་པས།། གབ་པ་མངོན་དུ་ཕྱུང་དགོས་སོ།།
གནམ་གྱིས་ལེགས་པར་དཔྱད་མཛོད་དང་། ཆར་ཞིག་སྩོལ་བའི་རེ་བ་ཡོད །