བདེ་ལྡན།
ཡོད་ཚད་རྨི་ལམ་ལ་ཆས་སོང་བའི་ནམ་གུང་དེར།
ཆར་རྒྱུན་གྱི་ཆུ་ཟིལ་ལྟ་བུའི་མིག་ཆུ་རྡོག་པོ་རེ།
ག་ལེར་ག་ལེར་སུ་ཞིག་གི་འགྲམ་རྩར་ཐིམ་ཡོད་པ་ཨེ་ཤེས།
མིག་ཆུ་དེ་ནི་རང་བཞིན་ཞིག་ག་ལ་ཡིན།
དེ་ནི་སེམས་སོང་མ་ཞིག་གིས་ཕུལ་བའི་ཚེ་ནོམ་ཉག་ཅིག
ངས་ཀྱང་གཙུག་ཆེན་དུ་བཟུང་ན་འདོད་ཡོད།
ལྷད་མེད་ཀྱི་མིག་ཆུ་དྭངས་མོ་དེ།
ངས་མལ་སར་ཉར་ཡོད་ལ་ངའི་སྔས་འབོལ་གྱི་གསེབ་ཏུ་ཉར་ཡོད།
སུ་ཞིག་གིས་མི་ཤེས་ལ་ཁྱོད་ཀྱིས་ཀྱང་མི་ཤེས།
ལག་པ་གཉིས་བྲང་ཁར་སྦྱར་ཏེ་ཁྱོད་ཉིད་སྒོམ་དུས།
ངའི་མཐོང་བྱེད་ཀྱི་སྒོ་མོ་བརྒྱུད་ནས་ཐར་ཐོར་དུ་འབབ་པ།
མིག་ཆུ་ཞིག
མིག་ཆུ་དེར་སུ་ཞིག་གིས་བདག་པོ་བྱེད།
འདྲིས་རིང་བའི་ཁྱེད་ཀྱི་སྣང་བརྙན་དག་མཐོང་ཚེ།
ང་ལ་བརྗེད་དཀའ་བའི་སེམས་ངལ་ལྕི་མོ་ཞིག
ལས་དབང་གི་བསྒོ་སྐལ་དུ་བསུ་དགོས་བྱུང་།
བསམ་གཞིག་རེ་དང་མིག་ཆུ་རེའི་ཁྲོད་ན།
མལ་ཐུལ་གྱིས་མགོ་བོ་བཏུམས་ཏེ་དབུགས་རིང་ཞིག་བཏང་རྒྱུ་ལས་ཅི་བྱ།
འཛད་མཐའ་མེད་པའི་གཏམ་རྒྱུད་ཀྱི་ཤོག་ངོས་རེ།
འགའ་རེས་ལྷ་སྒྲུང་ཟེར་ལ།
འགའ་རེས་རྟོག་སྒྲུང་ཡང་ཟེར།
འགའ་རེས་དོན་མེད་པའི་འཆལ་གཏམ་ཡང་ཟེར།
དོན་དངོས་སུ་རྟོག་སྒྲུང་ཡང་མིན་ལ།
ལྷ་སྒྲུང་དང་འཆལ་གཏམ་དེ་བས་ཀྱང་མ་ཡིན།
དེ་ནི་མི་ཚེའི་བགྲོད་ལམ་ཞིག
ཡང་ན་ཐུན་མོང་གི་འཚོ་སྙེག་ཅིག
རྒྱུན་མ་ཆད་པའི་མིག་ཆུ་ཡང་དེ་ལས་མ་འདས།
ཡོད་ཚད་ལ་སྙིང་པོ་ཡེ་ནས་བྲལ་སོང་བའི་སྙིགས་དུས་འདིར།
མིག་ཆུ་དེར་སུ་ཞིག་གིས་བདག་པོ་བྱེད།