བཅར་འདྲི་བྱེད་མཁན། ཉི་མ་འཚོ། (ནོར་གླིང་།)
དྲི་བ། མིག་ཆུ་ནག་པོ་ཞེས་པའི་ཆེད་དེབ་འདི་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན། མིག་ཆུ་ནག་པོ་ཞེས་པའི་མྱ་ངན་གྱི་ཆེད་དེབ་འདི་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༨ ཉིན་ལ། མདོ་སྨད་ཐེ་བོ་འབྲུག་ཆུ་ས་ཁུལ་དུ་རི་ཉིལ་ཆུ་ལོག་གི་གནོད་སེམས་འོག་གི་འདས་པོ་ཚོར་བསྔོ་སྨོན་མཆོད་འབུལ་དང། ཤུལ་ལུས་ཡུལ་མི་སྤུན་ཟླ་ཚོར་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ་དཔར་བསྐྲུན་འགྲེམས་སྤེལ་བྱས་པ་ཞིག་ཡིན། དེ་བཞིན་མྱ་ངན་ཆེད་དེབ་འདིའི་ནང་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། སྐྱབས་རྗེ་ཀིརྟི་རིན་པོ་ཆེ། བོད་མི་མང་སྤྱི་འཐུས། བོད་གཞུང་བཀའ་ཤག་བཅས་ནས་གནོད་ཐེབས་མང་ཚོགས་ལ་ཐུགས་གསོའི་འཚམས་འཕྲིན་གནང་བ་ཁག་སྐོར་ཚན་གཅིག་དང༌། ལོ་རྒྱུས་ཀྱི་ངོས་ནས་ཐེ་བོ་གླེང་བ་ཞེས་པར་ཐེ་བོ་སྤྱི་དང་བྱེ་བྲག་ཐེ་སྨད་འབྲུག་ཆུ་ངོ་སྤྲོད་དང་དེ་འབྲེལ་གྱི་དཔྱད་རྩོམ་སྐོར་ཚན་གཅིག དེ་ནས་གནོད་ཐེབས་ལ་ཕུལ་བའི་རྩོམ་ལུས་འདྲ་མིན་གྱི་རྩོམ་ཡིག་དང་མྱ་ངན་གླུ་ཚིག་གི་སྐོར་ཚན་གཅིག མཇུག་ནས་ཆུ་ལོག་གནོད་ཐེབས་སྐབས་བྱེས་ནས་མྱ་ངན་མཆོད་འབུལ་ཅི་བྱས་ངོ་སྤྲོད་དང༌། ཆུ་ལོག་གི་འབྱུང་རྐྱེན་ལ་མཁས་པ་ཚོས་བརྒྱུད་ལམ་འདྲ་མིན་གྱི་ལམ་ནས་བཏོན་པའི་དཔྱད་འབྲས་ཕྱོགས་བསྡུས་དང༌། མཇུག་གཏམ་ཐུང་ཐུང་བཅས་ཀྱིས་གྲུབ་པའི་མྱ་ངན་ཆེད་དེབ་ཅིག་ཡིན།
དྲི་བ།ཆེད་དེབ་འདི་དཔར་བསྐྲུན་འགྲེམས་སྤེལ་བྱས་པའི་དགོས་པ་དང་རྒྱུ་མཚན་ཅི་ཞིག་ཡིན།
ལན།ཆུ་ལོག་རི་ཉིལ་གྱིས་མི་རྒྱུ་གཉིས་ལ་གྱོང་གུད་ཚབས་ཆེན་ཕོག་པར་ཆོལ་གསུམ་སྤུན་ཟླ་ཡོངས་ཀྱིས་གདུང་སེམས་མཉམ་བསྐྱེད་བྱས་པ་དང༌། ལྷག་པར་དུ་བཙན་བྱོལ་ནས་འདས་གསོན་ཚོར་བསྔོ་སྨོན་མཆོད་འབུལ་དང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་གཞི་གང་མང་གནང་བ་མ་ཟད། སྙུག་འཛིན་པ་མང་པོ་ཞིག་གིས་གནོད་ཐེབས་ལ་ཆེད་དུ་བྲིས་པའི་རྩོམ་ལུས་འདྲ་མིན་མྱ་ངན་རྩོམ་ཡིག་སོགས་གང་མང་སྤེལ་བ་འདི་གལ་ཆེན་དོན་ཆེན་དུ་བརྩིས་ནས་ཕྱོགས་བསྒྲིགས་བྱས་པ་དང༌། གཉིས་ནས་མི་རེ་ཟུང་ཞིག་གིས་ལོ་རྒྱུས་ཡིག་ཚང་ཁག་དང་དངོས་ཡོད་གནས་སྟངས་སོགས་མ་ཤེས་པར་ས་ཁུལ་འདི་བོད་ས་ཡིན་མིན་དང་བོད་རིགས་ཡིན་མིན་གྱི་གཏམ་རྙོག་རེ་ཟུང་གོ་ཐོས་བྱུང་བས། དེ་དག་ལ་རང་ས་རང་གིས་ཤེས་དགོས་པ་དང་རང་ས་རང་གིས་བདག་པོ་བྱེད་དགོས་པ། ལྷག་པར་དུ་ས་ཁུལ་འདི་ལོ་རྒྱུས་ཀྱི་ངོས་ནས་ག་འདྲ་ཡིན་མིན་གྱི་ཐད་ནས་ངོ་སྤྲོད་དང་གསལ་འདེབས་ཙམ་གྱི་ཚུལ་དུ་རྩོམ་སྒྲིག་དང་དཔར་བསྐྲུན་འགྲེམས་སྤེལ་བྱས་པ་ཡིན།
དྲི་བ།མྱ་ངན་ཆེད་དེབ་འདི་རྩོམ་སྒྲིག་དང་དཔར་བསྐྲུན་བྱས་པའི་འགྲོ་སོང་སོགས་ཀྱི་ཐད་ནས་དཀའ་ངལ་འདྲ་འཕྲད་མ་སོང་ངམ།
ལན།མྱ་ངན་ཆེད་དེབ་འདི་ང་དང་ལས་རོགས་ཚོས་ལས་ཞོར་ནས་སྔ་དགོང་དང་གུང་གསེང་ནམ་ཡིན་ལ་གནོད་ཐེབས་པར་རིས་མཁོ་བསྡུ་དང་རྩོམ་སྒྲིག་གི་ལས་ཀ་བྱས་པ་ཡིན། དེབ་འདིའི་དཔར་བསྐྲུན་གྱི་འགྲོ་སོང་ཆ་ཚང་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གནང་སོང་བས། རྩོམ་སྒྲིག་དང་དཔར་བསྐྲུན་འགྲེམས་སྤེལ་སོགས་ཀྱི་ཐད་ནས་དམིགས་བསལ་དཀའ་ངལ་གང་ཡང་འཕྲད་མ་སོང༌།
དྲི་བ། དེ་མིན་ཁྱེད་ཀྱིས་གཞན་བཤད་འདོད་པ་འདྲ་ཨེ་ཡོད།
ལན།མྱ་ངན་ཆེད་དེབ་འདིའི་ལས་རོགས་གཉིས་ཀྱི་གཙོས་ཆེད་དེབ་འདིའི་སྔ་གཞུག་དག་ལ་རོགས་རམ་རྒྱབ་སྐྱོར་གནང་མཁན་དང་དེབ་འདིའི་ནང་གི་རྩོམ་པ་པོ་ཚོ། དེ་བཞིན་ཆེད་དེབ་འདིའི་དཔར་བསྐྲུན་གྱི་འགྲོ་སོང་གནང་མཁན་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་བཅས་ལ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང༌། དེ་མིན་ཆེད་དེབ་འདི་ཀློག་མཁན་ཚོར་ང་ཚོས་ལས་ཞོར་ནས་རྩོམ་སྒྲིག་དང་དཔར་བསྐྲུན་བྱས་པ་ཡིན་དུས། དེབ་འདི་ལ་མ་འདང་ས་མ་ཡོང་ས། ནོར་འཁྲུལ་གྱི་རིགས་སོགས་ཡོད་ངེས་ན། དེ་དག་ལ་དགོངས་འགལ་མེད་པར་ཞུ་རྒྱུ་ཡིན། དེ་ལས་གཞན་མེད། ཐུགས་རྗེ་ཆེ།
འབྲོང་དར་རྒྱས་ལ་ཐུགས་རྗེ་ཆེ་ཟེར་ཡག་ཡིན། བཅར་འདྲི་ཞུ་མཁན་ནས་དང་པོ་མགོ་རྩོམ་དུས་ཀྱི་སྔ་རྗེས་དེ་ཚོ་བཅར་འདྲི་ཞུས་ཡོད་ན། འདི་ཙམ་གྱིས་ཚད་པ་མེད།
ཁྱེད་རྩོམ་སྒྲིག་པས་ལས་ཞོར་ནས་འདི་ལྟ་བུའི་ལས་ཀ་རླབས་ཆེན་ཞིག་བགྱིས་པར་ངས་སེམས་བསམ་པའི་གཏིང་ནས་འདས་གསོན་གྱི་ཐེ་བོ་མི་མང་གི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུ། འདི་ལྟ་བུའི་ལས་ཀ་ཞིག་ལས་ཞོར་ནས་བྱེད་རྒྱུ་ནི་དེ་འདྲའི་ལས་སླ་བོ་ཞིག་གཏན་ནས་མ་རེད། ཡང་གཅིག་བཤད་ན། འདི་ནི་རང་ཉིད་ནས་འགོ་རྩོམ་སྟངས་ཤིག་ཀྱང་ཡིན་པས་ཁ་ཁོ་ན་འགྲོ་སོང་བཏང་ནས་སྡོད་མཁན་ཚོར་དོན་གྱིས་གཞུས་པའི་འགྲམ་ལྕག་ཚ་བེར་བེར་ཞིག་ཀྱང་ཡིན་སྙམ།
ང་རང་ས་གནས་དེའི་མི་ཞིག་ཡིན་པས་ཆ་ནས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན
ཁྱོད་ཀྱིས་དཔེ་དེབ་འདི་འདྲ་ཞིག་དཔར་བསྐྲུན་བྱེད་པ་ལ་ངས་ང་ཚོའི་ཕ་ཡུལ་གྱི་ཚབ་ནས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན། ཐེ་བོ་མི་མང་གིས་ནམ་ཡིན་ཡང་ཁྱོད་བརྗེད་མི་སྲིད།
ངས་སེམས་བསམ་པའི་གཏིང་ནས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།