ཁེར་མ། ༼བོད་ནང།༽
ནམ་མཁའ་ཧ་ཅང་གཡའ་དག་པ
ཉིན་འོད་ཚ་ཤུར་རེ་འཕྲོ་སྟངས་ལ་བལྟས་ན
ཉི་མ་ལ་སྙིང་རྗེ་ཟེར་བ་ཞིག་གཏན་ནས་མེད་པ་འདྲ
བྱེ་ཐང་དེ་ཕ་མཐའ་མེད་སྟངས་ལ་བལྟས་ན
སྲིད་པ་ལ་ཆག་འཇིག་ཅེས་པ་ཞིག་གཏན་ནས་མེད་པ་འདྲ
ཆུ་བོ་སྐྱ་ཤུར་རེ་སྐམ་སྟངས་ལ་བལྟས་ན
ལྗང་མྱུག་ཅིག་གཏན་ནས་འབུས་ཐབས་མེད་པ་འདྲ
སྤྲིན་པ་ལེབ་མོ་ཞིག་རྒྱུ་བ་མེད་སྟངས་ལ་བལྟས་ན
གཡང་དཀར་འཚོ་བའི་སྤང་གཞོངས་སྲིད་ན་མེད་པ་འདྲ
རླུང་བུ་བསིལ་མོ་ཞིག་གཡོ་བ་མེད་སྟངས་ལ་བལྟས་ན
སྡོང་བོ་གྲིབ་བསིལ་སྣུམ་མོ་ཅན་ཞིག་ཡེ་ནས་དཀོན་པ་འདྲ
བྱིའུ་ཆུང་ཆུང་ཞིག་གི་འཕུར་ལྡིང་མེད་ལུགས་ལ་བལྟས་ན
འཇིག་རྟེན་འདི་ན་འགུལ་སྐྱོད་ཅེས་པ་ཞིག་སྔ་ནས་མེད་པ་འདྲ
ཆུ་སྒྲ་ལྷང་ལྷང་ཅིག་བཞུར་བ་མེད་སྟངས་ལ་བལྟས་ན
མིའི་རིགས་འདི་ལ་གླུ་དབྱངས་ཟེར་བ་དེ་སྔ་ནས་བོར་ཚར་པ་འདྲ
ཁ་གདངས་སེ་མིག་ཅེར་རེར་གཡོ་འགུལ་མེད་པ་འདི་ཡང་
མིག་ཆུ་བཞུར་སྟངས་ཤིག