མགོ་བརྩམས་ས་ནས་མཇུག་བསྡུུ་ཐུབ་པར་སྨོན།
འཇིགས་མེད་ཚེ་རིང་།
དེ་རིང་སྐྱོ་ལ་སྡུག་པའི་བོད་ཀྱི་གནས་བབ་དང་། ཀྲུང་གུང་སྲིད་གཞུང་གི་མི་རིགས་ཐལ་མཐའ་རིང་ལུགས་ཀྱི་སྲིད་ཇུས་ལ་སྡུག་དམོད་བྱེད་རྒྱུ་མིན་པར་མི་སེམས་ལ་སྐྱོ་གདུང་ཡང་ཡང་སྟེར་བའི་བློས་གཏོང་གི་རིགས་ཤིག་མཚམས་འཇོག་ཡོང་བར་རེ་བ་རྒྱག་གི་ཡིན། ཅིའི་ཕྱིར་གུས་པའི་སེམས་ལ་འདི་ལྟ་བུའི་བློ་ཆུང་གི་བསམ་ཚུལ་ཞིག་ཤར་དགོས་པ་རེད་ཅེས་བཤད་སྟོབས་ཆེ་བའི་ལས་འགུལ་བ་རྣམས་ཀྱིས་མ་རངས་པ་བྱེད་ཀྱང་སྲིད། ངས་ཁོ་ཚོར་བརྩི་བཀུར་ལོས་བྱེད། ཁོ་ཚོས་མ་མཐའ་ཡང་གཞིས་བཞུགས་བོད་མི་དམངས་ཀྱི་ཕྱོགས་གཅིག་གི་མགྲིན་ཚབ་པ་གནང་གི་ཡོད་པ་རེད། འོན་ཀྱང་། ངས་བསམ་ན་རང་བསྲེགས་བློས་གཏོང་འདི་ཆེ་དྲག་པ་མ་ཟད་མང་ཡང་དྲག་སོང་། མ་མཐའ་ཡང་ཀྲུང་གུང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་འདིར་འགྱུར་བ་འགྲོ་འོས་ལ། ངོ་རྒོལ་འདི་ཀྲུང་གུང་གི་སྲིད་ཇུས་ལ་བྱས་པ་ཡིན་ན་རྦད་དེ་ཆེ་དྲག་འདུག་པས་འགྱུར་བ་འགྲོ་འོས།
ང་ལ་ཚེ་སྲོག་ནི་རང་དབང་ལས་ཀྱང་གལ་ཆེན་པོ་རེད་ཅེས་བཤད་པའི་སྤོབས་པ་མེད་ནའང་། འཐབ་རྩོད་ལ་འགན་འཁུར་མ་བླངས་པའི་སྔོན་དུ་ང་ཚོ་ཚང་མས་འཐབ་རྩོད་ཀྱི་གནད་དོན་ངོས་འཛིན་གསལ་བོ་བྱེད་ཐུབ་དགོས་རྒྱུ་གལ་ཆེན་པོ་མིན་ནམ། མི་རིགས་ཀྱི་ངོས་ནས་སུ་ཞིག་གིས་མཇུག་འབྲས་ཚོད་དཔག་དཀའ་བའི་གཡུལ་འགྱེལ་ལ་འདོད་མོས་བྱེད་སྲིད། ངས་བོད་ཀྱི་མེར་བསྲེགས་ལས་འགུལ་ལ་འདི་ལྟ་བུའི་བཤད་ཡམས་བསྒྲགས་མི་ཐུབ་ཀྱང་། གཞི་རྒྱ་ཧ་ཅང་ཆེ་བའི་བློས་གཏོང་འདི་ལ་ཕངས་སེམས་སྐྱེས་པ་མ་ཟད་འདི་ལྟ་བུའི་བློས་གཏོང་གིས་ཀྲུང་གུང་སྲིད་གཞུང་ལ་ཁ་མཆུ་རྒྱག་པའི་མ་རྩ་ཆ་ཚང་བཙུགས་ཚར་ཡོད་པར་བསམ་གྱི་འདུག ངས་ཀྱང་ལོས་ཤེས། མི་རིགས་ཤིག་དང་ཡང་ན་རྒྱལ་ཁབ་ཕན་ཚུན་དབར་གྱི་འཐབ་རྩོད་དེ་ཞི་འཇམ་དང་། ལྷོད་ལྷོད། ཕོག་ཐུག་ཅི་ཡང་མེད་པར་ཇི་ལྟར་མཇུག་སྒྲིལ་སྲིད། དེ་ཡིན་ཡང་། ངས་མེར་བསྲེགས་རྗེས་ནས་མེར་བསྲེག་འབྱུང་བར་ལྟ་འདོད་མི་འདུག་ལ། བློས་གཏོང་དེས་གུ་ཡངས་ཀྱི་སྲིད་ཇུས་ཤིག་ང་ཚོར་ཐོབ་རྒྱུའང་རེ་བ་མི་འདུག་པ་མ་ཟད། མེར་བསྲེགས་མཁན་གྱིས་ཚེ་སྲོག་མཇུག་མ་བསྡུས་པའི་སྡུག་བསྔལ་གྱི་འཁུན་སྒྲ་དང་། བདེན་པ་དག་ཞིང་དུ་འཁྱེར་བའི་དམ་པ་རྣམས་ཀྱི་ནང་མིའི་མིག་ཆུས་ཁ་མིན་དོན་གྱི་སྐྱོ་གདུང་གི་ཚོར་བ་ཡང་ཡང་སྟེར་གྱིན་འདུག འདི་ང་གཅིག་བུ་ག་ལ་ཡིན། ཡང་གཅིག་བཤད་ན་འུ་ཅག་ཐུན་མོང་གི་ཆེད་དུ་རང་ལུས་མེ་རུ་སྒྲོན་པ་འདི་ཤི་མི་ཐུབ་མཁན་རྣམས་ཀྱིས་རང་དང་དྲང་སྙོམས་བྱེད་ཐབས་མེད་པ་ཞིག་རེད།
ངས་ཡང་ཡང་བཤད་འདོད་ཡོད་པ་ཞིག་ནི་ང་ཚོ་ཚང་མར་”རང་སྲིད་རང་སྐྱོང་”གི་མདུན་དང་རྒྱབ། གོ་དོན་དང་ཁེ་ཕན་གྱིས་བྱིན་པའི་རང་དོན་སྒྲུབ་ཕྱོགས་དང་། ཐ་ན་འཆར་སྣང་ཙམ་ཡང་མ་བྱུང་བའི་སྔོན་དུ་རང་རེའི་འཐབ་རྩོད་ནི་ཕྱོགས་གཅིག་དང་། ཡང་ན་སྒེར་མིའི་སྣང་ཚུལ་དང་། ཡ་བྲལ། རྒྱབ་དཔུང་མེད་པ་ཆགས་ཀྱི་རེད་ལ་དེའི་སྣང་ཚུལ་སུས་ཀྱང་ཚོར་ཐུབ་པ་རེད། དེ་ལྟར་མིན་ན། ཨ་རབ་ཀྱི་དཔྱིད་ཀ་བསུས་པའི་མོ་ཧ་མཱ་ཌི་བྷོ་ཛི་ཛིའི་ཚེ་སྲོག་གཅིག་དང་ང་ཚོའི་ཚེ་སྲོག་སུམ་ཅུ་སོ་གྲངས་རང་རེའི་སྤྱི་ཚོགས་དང་། རྒྱལ་སྤྱིའི་ཁྲོད་ཤུགས་རྐྱེན་དང་གླེང་སློང་། རྒྱབ་དཔུང་གི་ནུས་པའི་ཐད་ཧེ་བག་འདི་ཙམ་ཅིའི་ཕྱིར་འགྲོ་དགོས་པ་རེད། ཅིའི་ཕྱིར་ང་ཚོར་ཚེ་སྲོག་གཅིག་གིས་སྣེ་ཁྲིད་པའི་གངས་ལྷ་མེ་ཏོག་གི་གསར་བརྗེའི་ངོ་རྒོལ་མ་བྱུང་བ་རེད་དམ། དོན་དངོས་བཤད་ན་འུ་ཚོས་ད་དུང་”རང་སྲིད་རང་སྐྱོང་”གི་ཐ་སྙད་ཤེས་པ་ལས་འདི་ལ་ངེས་ཤེས་དང་ཡང་ན་འཆར་སྣང་མེད་པ་རེད། འདི་ནི་ང་ཚོས་འཐབ་རྩོད་ལ་འགན་འཁུར་མ་བླངས་པའི་སྔོན་དུ་གནད་དོན་ངོས་འཛིན་ཐད་ཞུ་དག་བྱེད་དགོས་པའི་སློབ་སྟོན་ཅིག་ཡིན་པ་འདྲ།
འདི་ལྟ་བུའི་རྒྱུ་མཚན་གྱིས་མེར་བསྲེགས་མཁན་ཡང་ཡང་འབྱུང་བ་ལས་མེར་བསྲེགས་མཁན་གྱི་རྒྱབ་དཔུང་དུ་རྒྱ་མཚོའི་རླབས་བཞིན་འཇགས་པ་མེད་ཅིང་ངེས་ཤེས་ལྡན་པའི་ལས་འགུལ་གྱི་རྦ་རླབས་འཕྱུར་བར་རེ་སྨོན་བྱེད་ཅིང་། རྒྱ་མི་ཁག་ཅིག་གི་ཐག་གཅོད་ཀྱི་ཚད་ཐིག་ལ་མི་བསྟུན་པ་དང་། (ཡང་ན་ཀྲུང་གུང་གི་རྩ་ཁྲིམས་དང་བཅའ་ཁྲིམས་ལ་མི་བསྟུན་པ།) མི་རིགས་ཀྱི་འཚོ་གནས་འདོད་མོས་སྟེང་བསྐྱོད་རྒྱུ་ནི་ད་གཟོད་རང་ཉིད་ཀྱི་ཚེ་སྲོག་གིས་སྐྱོང་འོས། སྐད་ཆ་འདིས་སྟོན་འདོད་པ་ནི་མི་སྒེར་གྱི་ཚོར་བ་དང་། ལ་རྒྱ། འདོད་འདུན་ཙམ་མ་ཡིན་པར་གཞི་གྲུབ་འཚོ་གནས་ཀྱི་དོན་དངོས་ཤིག་ལ་རེ་སྙེག་བྱེད་འདོད་པའམ། ཡང་ན་ཆབ་སྲིད་ལྟ་གྲུབ་ཀྱི་གོ་དོན་ལྡན་པའི་རང་ཐག་རང་གཅོད་ལ་འཇུག་པའི་མི་བསྟུན་པའི་ལས་འགུལ་ཞིག་བཤད་འདོད་པ་ཡིན། གཅིག་བྱས་ན་འདི་ལྟ་བུའང་གནས་སྡོད་ཆོག་པའི་ལག་འཁྱེར་ལ་བརྟེན་ཏེ་བག་ལྷོད་པོའི་འཚོ་བ་རོལ་བཞིན་པའི་ཕྱི་ཕྱོགས་ཀྱི་བོད་མི་ང་ལྟ་བུར་སྐད་ཆ་རྫིག་པོ་བཤད་པའི་གོ་སྐབས་བླངས་པར་འགྱུར་སྲིད། ཐབས་ཤེས་ཁྱོན་ནས་མེད་པ་ཞིག་ནི་ང་ཡང་འཐབ་རྩོད་པ་ཆགས་པའི་མི་རིགས་ཤིག་གི་མི་རབས་ཡིན་པ་རེད། དེའི་རྐྱེན་གྱིས་རང་སེམས་གདུང་བའི་རྒྱུ་མཚན་བཙལ་བ་དང་། འཐབ་རྩོད་ཀྱི་གནད་དོན་ལ་འཆར་སྣང་བཟུང་ལོས་ཆོག་ཨང་།
ངས་ཡང་བསྐྱར་ནན་ཏན་གྱིས་སྨོན་པ་བྱེད་འདོད་པ་ཞིག་ནི་རྩོམ་ཡིག་འདིའི་ཁ་བྱང་འོག་བཀོད་པའི་ཚིག་སྒྲུབ་སྟེ་” མགོ་བརྩམས་ས་ནས་མཇུག་བསྡུུ་ཐུབ་པར་སྨོན་”ཞེས་པ་འདི་ཡིན། ཡིད་ཕངས་པ་ཞིག་ལ་རེ་སྨོན་གྱི་རྩོམ་ཡིག་འདིའི་མཇུག་མ་གྲུབ་པའི་སྔོན་དུ་རྔ་བ་ནས་ཡང་བསྐྱར་མེར་བསྲེགས་ཞི་རྒོལ་བྱུང་བའི་གནས་ཚུལ་གོ་ཐོས་བྱུང་། ཕྱི་ལོ་ ༡༩༩༨ ཟླ་ ༤ པའི་ནང་རྒན་རབས་པ་ཐུབ་བསྟན་དངོས་གྲུབ་དམ་པ་དེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རང་བསྲེགས་ངོ་རྒོལ་གནང་བ་ནས་ལོ་ངོ་བཅུ་བཞིའི་རྗེས་ཀྱི་སྐུ་ཞབས་འཇམ་དཔལ་ཡེ་ཤེས་དམ་པས་རང་བསྲེགས་ནི་མཇུག་བསྡུ་ཞིག་ཡིན་ཆོག་ཀྱང་ཚེ་སྲོག་མུ་མཐུད་དུ་འབར་སོང་། ངས་ཀྱང་རང་སེམས་ཀྱི་ཨུ་ཚུགས་དེ་མཇུག་སྐྱོང་མི་འདོད།
༢༠༡༢།༣།༢༨ཉིན།
རྩོམ་ཡིག་འདི་བཀླགས་པ་ཡིན། བཤད་འདོད་ལྟེ་བ་དེ་༼”རང་སྲིད་རང་སྐྱོང་”གི་མདུན་དང་རྒྱབ། གོ་དོན་དང་ཁེ་ཕན་གྱིས་བྱིན་པའི་རང་དོན་སྒྲུབ་ཕྱོགས་དང་། ཐ་ན་འཆར་སྣང་ཙམ་ཡང་མ་བྱུང་བའི་སྔོན་དུ་རང་རེའི་འཐབ་རྩོད་ནི་ཕྱོགས་གཅིག་དང་། ཡང་ན་སྒེར་མིའི་སྣང་ཚུལ་དང་། ཡ་བྲལ། རྒྱབ་དཔུང་མེད་པ་ཆགས་ཀྱི་རེད་ལ་དེའི་སྣང་ཚུལ་སུས་ཀྱང་ཚོར་ཐུབ་པ་རེད།༽ཅེས་པའི་ཚིག་གྲུབ་ཐུང་ངུ་འདི་རེད་འདུག་སྙམ།
རང་སྲིད་རང་སྐྱོང་གི་མདུན་དང་རྒྱབ་གཉིས་འགྲེལ་བཤད་ཅིག་གནང་རོགས། རྒྱབ་མདུན་ཟེར་བ་འདི་འགྲེལ་བཤད་དང་གོ་དོན་གཉིས་ཅན་གྱི་རང་སྲིད་རང་སྐྱོང་ཞིག་ཟེར་གྱི་ཡོད་པ་རེད་དམ་ཅི་རེད། རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པ་འདི་དག་གིས་རང་སྲིད་རང་སྐྱོང་ཟེར་བའི་རྒྱབ་མདུན་མ་ཤེས་ནས་བསྲེགས་པ་རེད་ཟེར་གྱི་ཡོད་པ་རེད་དམ། སྒེར་མིའི་སྣང་ཚུལ་ཟེར་སྟངས་འདི། རང་ལུས་མེར་བསྲེགས་གཏང་དང་གཏོང་བཞིན་པ་འདི་ཚོས། སྤྱི་བའི་རེ་འདུན་མཚོན་གྱི་མ་རེད། དེ་ནི་སྒེར་གྱི་སྣང་ཚུལ་ཞིག་མཚོན་གྱི་ཡོད་པ་རེད་ཟེར་བ་འདྲ་ཞིག་ཏུ་གོ་སོང་། གོ་བ་ལེན་ཕྱོགས་འདི་ནོར་ཡོད་སྲིད། གསེད་བཀྲོལ་ཞིག་གནང་རོགས།
“ཨ་རབ་ཀྱི་དཔྱིད་ཀ་བསུས་པའི་མོ་ཧ་མཱ་ཌི་བྷོ་ཛི་ཛིའི་ཚེ་སྲོག་གཅིག་དང་ང་ཚོའི་ཚེ་སྲོག་སུམ་ཅུ་སོ་གྲངས་རང་རེའི་སྤྱི་ཚོགས་དང་། རྒྱལ་སྤྱིའི་ཁྲོད་ཤུགས་རྐྱེན་དང་གླེང་སློང་། རྒྱབ་དཔུང་གི་ནུས་པའི་ཐད་ཧེ་བག་འདི་ཙམ་ཅིའི་ཕྱིར་འགྲོ་དགོས་པ་རེད། ཅིའི་ཕྱིར་ང་ཚོར་ཚེ་སྲོག་གཅིག་གིས་སྣེ་ཁྲིད་པའི་གངས་ལྷ་མེ་ཏོག་གི་གསར་བརྗེའི་ངོ་རྒོལ་མ་བྱུང་བ་རེད་དམ། ” འདི་ནི་ངའི་གསལ་བཤད་ཡིན།
༄། དེ་ཡང་རྒྱལ་སྤྱིའི་འབྲེལ་ཡོད་མི་སྣས་ཨ་རབ་དཔྱིད་ཀའི་སྔོན་དང་ཨ་རབ་དཔྱིད་ཀའི་རྗེས་ལ་བལྟས་ནས་ཕན་པ་་དང་གནོད་པ་དབྱེ་བར་བྱས་བ་ཡང་ཡིན་སྲིད། ཨ་ཕ་གདུག་རྩིབ་ཆེ་ཡང་ནང་མི་ལ་ཤ་ཟ་ཡ་ཡོད་པ་དང་ཨ་ཕ་ཁ་འཇམ་ཡང་ནང་མི་ལ་རྩམ་སྐྱ་ཡང་མེད་པའི་ཁྱད་པར་ཨེ་ཡིན་ན།
གྲོགས་པོ་ཚོ་འདིར་མཆན་བུ་ཞིག་འདེབས་འདོད་ཡོད་ཀྱང་ནང་དུ་འཛུལ་ཤེས་ཀྱི་མི་འདུག་པས་སློབ་སྟོན་ཤིག་ལ་མཁྱེན་མཁྱེན།
ཁྱོད་ཀྱི་རྩོམ་འདིའི་བསྟན་དོན་ལྟར་ང་ཚོའི་དོན་དངོས་སྤྱི་ཚོགས་ཀྱིས་ངེས་ལེན་བྱེད་ཁག་གི་བསམ་གི
ཨ་རབ་དང་ང་ཚོའི་བར་ཧེ་བག་དེ་ཙམ་འགྲོ་དགོས་དོན་ཀྱང་དོན་དངོས་སྤྱི་ཚོགས་ཀྱི་རིགས་གནས་སྣང་ཚུལ་རེད། བོད་ཀྱི་རིག་གནས་སྣང་ཚུལ་ངོས་ནས་བལྟས་ན་གངས་ལྷ་མེ་ཏོག་གི་གསར་བརྗེ་སོགས་ནི་ཡོང་མི་སྲིད་པ་ཞིག་རེད།
ངས་གངས་ལྷ་མེ་ཏོག་གི་གསར་བརྗེ་ཡོང་མི་ཐུབ་པའི་རྒྱུ་མཚན་འཚོལ་འདོད་པ་ཡིན། ག་རེ་བྱས། ཅིའི་ཕྱིར། མ་ཡོང་བ་རེད་དམ། ང་ལ་འདིའི་ལན་དགོས་ཀྱི་འདུག
དེ་ནི་རིག་གནས། གོམས་སྲོལ། འདུ་ཤེས། གོ་རྟོགས་སོགས་རེད།
གཉིས་པ་ནི་ཁོར་ཡུག་དང་མཐུན་རྐྱེན་སོགས་ཀྱང་ལོས་ཡིན།
ངས་གནད་དོན་འདི་ཁྱོད་ཀྱིས་རྒྱ་དང་བོད་ཀྱི་མི་རིགས་དབྱེ་བ་མ་ཤེས་པ་ནས་བཤད་འདོད་ཡོད། ལྷག་པར་དུ་ཁྱོད་ཀྱིས་ཅིའི་ཕྱིར་རིག་གནས་དང་གོམས་སྲོལ། འདུ་ཤེས་དང་གོ་རྟོགས་སོགས་ལ་ཚད་ཐིག་ངེས་ཅན་གྱི་ཚད་ཤིང་བཞག་པ་རེད། འདི་ལ་རྣམ་པ་གསར་བ་དང་ཡང་ན། ཡོངས་སུ་གསར་བ་ཡིན་པའི་ཚབ་བྱེད་ཅིག་དང་ལེན་བྱེད་མ་ཐུབ་པ་རེད། འདི་གནད་དོན་ཅིག་མ་རེད་དམ།
བོད་ལ་གསར་བརྗེ་མི་ཡོང་དོན། བོད་ཀྱི་རིག་གནས་མ་ལག་ངོས་ན་གསར་བརྗེ་ཡི་བག་ཆགས་དང་། སྐུལ་སློང་། དཔྱོད་ཤེས་སོགས་གང་ཡང་མེད། རིག་གནས་སྣང་ཚུལ་དེའི་ངོས་ནས་མེར་བསྲེགས་སོགས་གཞི་ཆེའི་ལས་འགུལ་གངཞིག་སྤེལ་ཀྱང་དེ་ལ་གསར་བརྗེའི་ངོ་བོ་མི་མཚོན་པས་སོ།
རིགས་གནས་དེ་བོད་ཀྱི་མགོ་ལུས་ཡོངས་སུ་ཐིམ་ཤིང་། སྔ་ཕྱི་གང་དུའང་ཁྱབ་ཡོད་པས་ཡིན།
ངས་ཀྱང་དེ་བཞིན་ཤོད་ཀྱིན་ཡོད་། ཚབ་བྱེད་ཀྱི་རིག་གནས་ཤིག་ད་སྔ་བྱུང་མེད། གལ་སྲིད་རིག་གནས་དེ་མ་བྱུང་བར་དུ་ང་ཚོར་རེ་བ་མེད་གི་ཟེར་གྱིན་ཡོད། རིག་གནས་དེ་འབྱུང་བར་རང་སྲིད་རང་སྐྱོང་གི་གོ་བ་སྔོན་དུ་འགྲོ་མིན་དེ་གཙོ་བོ་མ་རེད། དེ་བས་བོད་ཀྱི་ད་ལྟའི་བློ་གཏོང་འདི་འཆི་ཁའི་འཕག་ཚག་ཅིག་ཡིན། འཕག་ཚག་འདིའི་རྗེས་མཐུད་བྱེད་ཀྱི་དབུགས་སྣོན་རིག་གནས་ཤིག་མེད་པ་ད་ལྟའི་དངོས་ཡོད་སྤྱི་ཚོགས་དང་། རྒྱལ་སྤྱིའི་ཁོར་ཡུག ལོ་རྒྱུས་རིག་གནས་སོགས་ཀྱིས་འགྲེལ་བརྗོད་བྱེད་ཀྱིན་འདུག་ཟེར་གྱི་ཡོད།
རང་ལུས་མེར་སྲེགས་ཀྱི་ལས་འགུལ་འདིས་བོད་ནང་དམ་དྲག་དང་དྲག་གནོན་ཆེ་རུ་འགྲོ་བ་སྨྲོས་མེད་རེད། འོན་ཀྱང་དམ་དྲག་ཆེ་རུ་ཕྱིན་པའི་རྒྱུ་མཚན་གྱིས་བོད་དོན་གཡང་ལ་འཐིམ་པའི་ངེས་པ་མེད་པ་རེད། རྒྱ་དམར་གྱིས་བོད་ནང་དམ་དྲག་ཇི་ཙམ་ཆེ་རུང་བཏང་བ་དེ་ཙམ་གྱིས་བོད་མི་རིགས་ཀྱི་སེམས་ཤུགས་དང་བློ་སྟོབས་ཇེ་ཆེར་འགྲོ་གི་རེད་ལ་དེ་དང་ཕྱོགས་མཚུངས་རྒྱའི་སྤ྄ི་ཚོགས་ལའང་དོ་ཕོག་ཡོང་པ་སྨོས་མེད་རེད། དེས་ན་འཐབ་བྱུས་ཡོད་མཁན་གྱིས་འཐབ་བྱུས་དང་རྒྱུ་ནོར་ཡོད་མཁན་གྱི་རྒྱུ་ནོར། ཤེས་ཡོན་ཡོད་མཁན་ཚོས་ཤེས་ཡོན་སྤྱད་དེ་ང་ཚོས་མུ་མཐུད་ནས་བརྩོད་དགོས་པ་རེད་མ་གཏོགས་དེ་མིན་ད་བར་གྱི་བློས་གཏོང་རྣམས་ལོ་རྒྱུས་ལ་འགྱུར་ངེས་རེད། དེ་ནི་ཕམ་ཁ་ངོ་མ་དེ་རེད།
གངས་ལྷ་མེ་ཏོག་གི་གསར་བརྗེ་ཟེར་བ་དེ་ག་རེ་རེད།
གང་འདོད་རེད་དམ།
ཨ་རབ་དཔྱིད་ཀའི་གནད་དོན་དང་བོད་མིའི་བར་གྱི་གནད་དོན་ཁྱད་པར་ཡོང་བའི་རྒྱུ་མཚན་ཁག་འགའ་ཡོད།
1> ཨ་རབ་དཔྱིད་ཀའི་རྗེས་ཀྱི་གནས་དོན་ཡོངས་རྫོགས་ཨ་རབ་ནང་ནས་བྱུང་བ་དང་དེའི་ནང་རང་སྲེག་གིས་གཙོས་ཡར་ལངས་དང་གྱེན་ལོག་ངོ་རྒོལ་སོགས་རིམ་པ་མ་འདྲ་བའི་ལས་གཞི་སྣ་མང་གི་ཁྱབ་ནས་ཡོད་པས་ཡིན། ང་རང་ཚོའི་བོད་ནང་སྔ་ལོ་དང་འདི་ལོ་གཉིས་པོར་རང་སྲེག་ལས་གཞན་པའི་ལས་འགུལ་གང་ཡང་སྤེལ་མེད་པ་རེད། རང་སྲེག་གི་ལས་འགུལ་དེས་ངེད་ཅག་བོད་མི་ཚོར་བ་རྣོ་སྤྲོད་བཞིན་ཡོད་ལ་ཚོར་དགོས་ངེས་ཞིག་ཀྱང་རེད། འོན་ཀྱང་བར་ཞུགས་མི་སྣ་ཞིག་གི་ངོས་ནས་བཤད་ན་རང་སྲེག་གི་ལས་འགུལ་དེ་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་ཞིག་དང་ལས་ཐབས་སྐྱོ་བོ་ཞིག་ལས་རྣམ་དག་ཏུ་མི་བརྩི་བ་ཡིན། དེས་ན་རང་སྲེག་གི་ལས་འགུལ་ལ་རྣོ་ཚོར་ཟབ་པའི་བོད་མི་རང་རང་སོ་སོའི་ངོས་ནས་ལས་ཐབས་བཟང་བ་གང་དགའ་ཅི་ལེགས་ཀྱི་བཙལ་ཏེ་ལག་བསྟར་བྱས་དགོས་པ་ཡིན། ཨ་རབ་དཔྱིད་ཀའི་གནས་ཚུལ་བྱུང་མ་ཐག་ཁ་ཆས་རྡོག་རྩ་ཆིག་སྒྲིལ་ཁོ་ནས་སྲིད་གཞུང་ལ་ངོ་རྒོལ་དང་ཁ་གཏད་ཅག་པ་རེད། མ་གཏོགས་ང་ཚོ་ནང་བཞིན་མི་སུམ་བཅུ་གྲོངས་འདུག་ཨ་ཁ་ཁ་ཟེར་ནས་ཚིག་ཙམ་གྱི་སེམས་གསོ་བྱས་ནས་བསྡད་མེད་ལ། འགོ་དམངས་གཉིས་ཀའི་ངོས་ནས། ང་རང་འགོ་ཁྲིད་ལངས་པ་ནས་བོད་ནང་རང་སྲེག་སྤེལ་འགོ་ཚུགས་རབས་བཤད་ནས་བློར་ཤོང་དཀའ་བའི་བློས་གཏོང་ཆེན་པོ་འདི་དག་སྲིད་དོན་གྱི་ལག་ཆར་འགྱུར་ཐབས་བྱེད་མེད་ལ། རང་སྐྱོང་ཆེད་དུ་འམ་རང་བཙན་ཆེད་དུ་ཡིན་པའི་རྩོད་པ་མགོ་རྙོག་དེ་འདྲ་རྒྱབ་ནས་རང་ཁེ་སྒྲུབ་ཐབས་ཀྱང་མ་བྱས་པས། ཨ་རབ་དཔྱིད་ཀར་རྒྱལ་ཁ་བྱུང་བ་རེད།
2> བོད་ནང་འདི་ལྟའི་གནས་ཚུལ་བྱུང་སྐབས་སུ་བོད་མི་ཚོས་ཨ་རབ་བཞིན་རྡོག་གཅིག་ལ་སྒྲིལ་ནས་ལང་བའི་ནུས་པ་ཆ་ཚང་ཡོད་རུང་གློག་འཕྲིན་དང་། དྲ་རྒྱ། ཁ་པར་སོགས་ལ་ཚད་ལས་བརྒལ་བའི་དམ་དྲག་བྱེད་རྐྱེན་གནས་ཚུལ་རྣམས་ཡོངས་སུ་ཁྱབ་མ་ཐུབ་པ་དང་དུས་ཐོག་ལ་ཁྱབ་ཐུབ་དང་དེ་བཞིན་དུས་ཐོག་ལ་འཆར་འགོད་བྱེད་མ་ཐུབ་པས་བྱུང་བ་ཞིག་ཏན་ཏན་རེད།
3>དེ་རིང་འདིར་ང་ཚོའི་འཐབ་རྩོད་དེ་དྲག་འཐབ་མིན་པར་ཞི་འཐབ་ཞིག་ཡིན་རྐྱེན་དེའི་སྐྱོན་ཡོན་ནམ་ཕན་གནོད་སྐོར་ལ་རྒྱས་བཤད་བྱ་རྒྱུ་མིན་མོད། ཨ་རབ་དཔྱིད་ཀའི་གནད་དོན་སྐབས་གཞུང་དམག་དང་དམངས་དམག་གཉིས་སུ་གྱེས་ཏེ་དྲག་པོའི་འཐབ་འཛིང་བྱེད་ཡོད་རུང་། དུས་རྒྱུན་ང་ཚོས་བཤད་པ་བཞིན་དྲག་འཐབ་ལ་རྒྱབ་སྐྱོར་མ་རག་པ་མེད་ཁར་ད་དུང་། ཨ་དབྱིན་གཉིས་ཀས་དབྱིན་སྐད་ནང་
NO FLY ZONE
ཏེ་གནམ་དམག་འཕུར་བསྐྱོད་མི་ཆོག་པའི་དཀའ་རྒྱ་བཏང་ཏེ་གཞུང་དམག་ལ་དོ་དམ་དང་དང་དམངས་དམག་ལ་རྒྱབ་སྐྱོར་བྱེད་ཡོད། དེ་དག་ལས་དཔེ་བླངས་རུང་བ་ཞིག་ནི་གང་ལྟར་ང་ཚོས་དྲག་འཐབ་བྱས་ཀྱང་བྱ་ཡུལ། བྱ་ས། བྱ་དུས་རྣམས་མ་ནོར་ཚེ་གྲུབ་འབྲས་ཡོང་རྒྱ་ཡིན་པའང་སྟོན་ཡོད། མཐུན་དཔེ་གཞན་ཞིག་ནི་ དེ་སྔ་ཤྲི་ལང་ཀར་ཡོད་པའི་་་་ཏ་མིལ་སྟག་རྒོད་བཅིང་སྒྲོལ་ཚོགས་པས་ལོ་ངོ་བཅུ་ཕྲག་མང་པོར་ཤྲི་ལང་ཀའི་མི་དམངས་ལ་བརྡུང་གཏོར་འཕྲོག་བཅོམ་ཚད་ལས་བརྒལ་བར་བྱས་ཀྱང་མཐར་གཞུང་དམག་གི་ཁོ་ཚོར་ཁ་གཏད་བཅོག་སྐབས་རྒྱལ་དོ་དམ་དང་གནོན་ཤུགས་ཆེན་པོ་སྤྲད་པ་ནང་བཞིན་རེད།
སྤུན་ཡ་ཤ་ཉེ་རྣམས་ད་ང་ཚོའི་གཅེས་ཕྲུག་དང་གཅེས་མ་རྣམས་ཀྱི་ཚེ་སྲོགས་ལ་བདག་པོ་ཞིག་རྒྱབ་ན་ད་ཅི་བྱེད་དགོས་དཀོན་མཆོག་མཁྱེན་ང་ཚོས་བློས་བཏོང་དག་ཁྱེད་རྣམས་ཀྱིས་རེ་ཞིག་ལ་འཚམས་ཞིག་བཞག་ན།
དགོངས་དག། གོང་གི་མཆན་དེར་བཅོས་ནོར་དགོས་པ་མང་དག་ཞིག་འདུག་པས་སྐྱར་བཅོས་བྱས་པ་ཡིན། དེ་མིན་གོ་ལོག་ཐེབས་ཉེན་འདུག
ཨ་རབ་དཔྱིད་ཀའི་གནད་དོན་དང་བོད་མིའི་བར་གྱི་གནད་དོན་ལ་ཁྱད་པར་ཡོང་བའི་རྒྱུ་མཚན་ཁག་འགའ་ཡོད།
1> ཨ་རབ་དཔྱིད་ཀའི་རྗེས་ཀྱི་གནས་དོན་ཡོངས་རྫོགས་ཨ་རབ་ནང་ནས་བྱུང་བ་དང་དེའི་ནང་རང་སྲེག་གིས་གཙོས་ཡར་ལངས་དང་གྱེན་ལོག་ངོ་རྒོལ་སོགས་རིམ་པ་མ་འདྲ་བའི་ལས་གཞི་སྣ་མང་གི་ཁྱབ་ནས་ཡོད་པ་ཡིན། ང་རང་ཚོའི་བོད་ནང་སྔ་ལོ་དང་འདི་ལོ་གཉིས་པོར་རང་སྲེག་ལས་གཞན་པའི་ལས་འགུལ་གང་ཡང་སྤེལ་མེད་པ་རེད། རང་སྲེག་གི་ལས་འགུལ་དེས་ངེད་ཅག་བོད་མི་ཚོར་སེམས་ཚོར་རྣོ་ཟབ་སྤྲོད་བཞིན་ཡོད་ལ་ཚོར་དགོས་ངེས་ཞིག་ཀྱང་རེད། འོན་ཀྱང་བར་ཞུགས་མི་སྣ་ཞིག་གི་ངོས་ནས་བཤད་ན་རང་སྲེག་གི་ལས་འགུལ་དེ་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་ཞིག་དང་ལས་ཐབས་སྐྱོ་བོ་ཞིག་ལས་རྣམ་དག་ཞིག་ཏུ་མི་བརྩི་བ་ཡིན། དེས་ན་རང་སྲེག་གི་ལས་འགུལ་ལ་རྣོ་ཚོར་ཟབ་པའི་བོད་མི་རང་རང་སོ་སོའི་ངོས་ནས་ལས་ཐབས་བཟང་བ་གང་དགའ་ཅི་ལེགས་ཀྱི་བཙལ་ཏེ་ལག་བསྟར་བྱས་དགོས་པ་ཡིན། ཨ་རབ་དཔྱིད་ཀའི་གནས་ཚུལ་བྱུང་མ་ཐག་ཁ་ཆེ་ཚོས་རྡོག་རྩ་ཆིག་སྒྲིལ་ཁོ་ནས་སྲིད་གཞུང་ལ་ངོ་རྒོལ་དང་ཁ་གཏད་ཅག་པ་རེད། མ་གཏོགས་ང་ཚོ་ནང་བཞིན་མི་སུམ་བཅུ་གྲོངས་འདུག་ཨ་ཁ་ཁ་ཟེར་ནས་ཚིག་ཙམ་གྱི་སེམས་གསོ་བྱས་ནས་བསྡད་མེད་ལ། འགོ་དམངས་གཉིས་ཀའི་ངོས་ནས། ང་རང་འགོ་ཁྲིད་ལངས་པ་ནས་བོད་ནང་རང་སྲེག་སྤེལ་འགོ་ཚུགས་རབས་བཤད་ནས་བློར་ཤོང་དཀའ་བའི་བློས་གཏོང་ཆེན་པོ་འདི་དག་སྲིད་དོན་གྱི་ལག་ཆར་འགྱུར་ཐབས་བྱེད་མེད་ལ། རང་སྐྱོང་ཆེད་དུ་འམ་རང་བཙན་ཆེད་དུ་ཡིན་པའི་རྩོད་པ་མགོ་རྙོག་དེ་འདྲ་རྒྱབ་ནས་རང་ཁེ་སྒྲུབ་ཐབས་ཀྱང་མ་བྱས་པས། ཨ་རབ་དཔྱིད་ཀར་རྒྱལ་ཁ་བྱུང་བ་རེད།
༢> བོད་ནང་འདི་ལྟའི་གནས་ཚུལ་བྱུང་སྐབས་སུ་བོད་མི་ཚོས་ཨ་རབ་བཞིན་རྡོག་གཅིག་ལ་སྒྲིལ་ནས་ལང་བའི་ནུས་པ་ཆ་ཚང་ཡོད་རུང་གློག་འཕྲིན་དང་། དྲ་རྒྱ། ཁ་པར་སོགས་ལ་ཚད་ལས་བརྒལ་བའི་དམ་དྲག་བྱེད་རྐྱེན་གནས་ཚུལ་རྣམས་ཡོངས་སུ་ཁྱབ་མ་ཐུབ་པ་དང་དུས་ཐོག་ལ་ཁྱབ་མ་ཐུབ་པ་དང་དེ་བཞིན་དུས་ཐོག་ལ་འཆར་འགོད་བྱེད་མ་ཐུབ་པས་བྱུང་བ་ཞིག་ཏན་ཏན་རེད།
ཨ་རབ་དུ་གློག་ཆས་རྣམས་ཡོས་བེད་སྤྱོད་བཏང་ཐུབ་ཡོད།
3> དེ་རིང་འདིར་ང་ཚོའི་འཐབ་རྩོད་དེ་དྲག་འཐབ་མིན་པར་ཞི་འཐབ་ཞིག་ཡིན་རྐྱེན་དེའི་སྐྱོན་ཡོན་ནམ་ཕན་གནོད་སྐོར་ལ་རྒྱས་བཤད་བྱ་རྒྱུ་མིན་མོད། ཨ་རབ་དཔྱིད་ཀའི་གནད་དོན་སྐབས་གཞུང་དམག་དང་དམངས་དམག་གཉིས་སུ་གྱེས་ཏེ་དྲག་པོའི་འཐབ་འཛིང་ཤུགས་ཆེར་བྱེད་ཡོད་རུང་། དུས་རྒྱུན་ང་ཚོས་བཤད་པ་བཞིན་དྲག་འཐབ་ལ་རྒྱབ་སྐྱོར་མ་རག་པ་མེད་ཁར་ད་དུང་། ཨ་དབྱིན་གཉིས་ཀས་དབྱིན་སྐད་ནང་NO FLY ZONEཏེ་གནམ་དམག་འཕུར་བསྐྱོད་མི་ཆོག་པའི་དཀའ་རྒྱ་བཏང་ཏེ་གཞུང་དམག་ལ་དོ་དམ་དང་དང་དམངས་དམག་ལ་རྒྱབ་སྐྱོར་བྱེད་ཡོད། དེ་དག་ལས་དཔེ་བླངས་རུང་བ་ཞིག་ནི་གང་ལྟར་ང་ཚོས་དྲག་འཐབ་བྱས་ཀྱང་བྱ་ཡུལ། བྱ་ས། བྱ་དུས་རྣམས་མ་ནོར་ཚེ་གྲུབ་འབྲས་ཡོང་རྒྱ་ཡིན་པའང་སྟོན་ཡོད། མཐུན་དཔེ་གཞན་ཞིག་ནི་ དེ་སྔ་ཤྲི་ལང་ཀར་ཡོད་པའི་་་་ཏ་མིལ་སྟག་རྒོད་བཅིང་སྒྲོལ་ཚོགས་པས་ལོ་ངོ་བཅུ་ཕྲག་མང་པོར་ཤྲི་ལང་ཀའི་མི་དམངས་ལ་བརྡུང་གཏོར་འཕྲོག་བཅོམ་ཚད་ལས་བརྒལ་བར་བྱས་ཀྱང་མཐར་གཞུང་དམག་གི་ཁོ་ཚོར་ཁ་གཏད་བཅོག་སྐབས་རྒྱལ་སྤྱིས་དམ་དང་གནོན་ཤུགས་ཆེན་པོ་སྤྲད་པ་ནང་བཞིན་རེད།
ང་ཚོ་དང་ང་ཚོའི་མི་རིགས་འདིའི་ཆེད་དུ་རྒྱལ་གཅེས་དཔའ་བོ་སུམ་ཅུ་ལྷག་གིས་ཡོད་ཚད་བློས་གཏོང་བྱས་ཏེ་ཐམས་ཅད་འབར་ཟིན་པས། འདི་ལ་འགྲེལ་བརྗོད་ཅི་ཡང་མེད། གལ་ཏེ་ད་དུང་འགྲེལ་བཤད་ཅིག་དགོས་ན། འུ་ཅག་གི་མིག་མདུན་དུ་དམར་ལྷོག་ལྷོག་མཆེད་པའི་མེ་ལྕེ་དེ་དང་ཁོང་ཅག་གི་འབོད་ཚིག ད་དུང་ཁ་ཆེམས་ཡིག་གེ་དག་ལས་འགྲེལ་བརྗོད་གཞན་ཅི་ཡང་མེད་ལ་གང་ཡང་མི་དགོས། འདི་འགྲིག་མིན་གྱི་དབྱེ་ཞིབ་དེ་སུས་ཀྱང་སྨྲ་མི་ཤེས་ལ་སུ་ལའང་འདིའི་འོས་ཆ་མེད།
དུས་སྐབས་འདིར། གངས་རིའི་ནང་རོལ་གྱི་ཡུལ་མི་དག་གི་མངོན་འདོད་དང་བློས་གཏོང་འདི་དག་ལ། གངས་རིའི་ཕྱི་རོལ་གྱི་ཡུལ་གྱར་བས་ཚོད་དཔག་བྱས་པའི་བསམ་གཞིགས་ལ་བར་བརྒལ་གྱི་ཧེ་བག་ཆེན་པོ་ཞིག་ཡོད་པ་ངང་ངམ་ཤུགས་ཀྱི་རྟོགས་ཐུབ། འདི་མི་རིགས་ཤིག་ལ་མཚོན་ན་གྱོང་གུད་ཅིག་ཀྱང་ཡིན་སྲིད།
མིའི་ཚེ་སྲོག་ལ་བརྩི་འཇོག་མི་བྱེད་མཁན་མེད་ཀྱང། འཐབ་རྩོད་པ་དང་ཆབ་སྲིད་པ་ཞིག་གི་བསམ་བློའི་ངོས་ནས་བལྟོས་ན། མི་རིགས་ཤིག་གི་བདེན་དོན་གྱི་ཆེད་དུ་ཚེ་སྲོག་སུམ་ཅུ་ལྷག་གི་འགྲོ་གྲོན་བཏང་བ་ནི་ཅི་ཡང་མ་རེད། འོན་ཀྱང་། བར་གནས་པ་ཞིག་དང་ཆོས་ལུགས་པ་ཞིག་གི་ངོས་ནས་བཤད་ན། ཚེ་སྲོག་གི་འགྲོ་གྲོན་འདི་ལ་ཕངས་སེམས་དང་མེར་བསྲེག་གི་ལས་འགུལ་འདི་ལ་ངེས་ལེན་བྱེད་མི་ནུས་ཀྱང། ཁོ་ལ་འདི་མཚམས་འཇོག་དགོས་པར་འབོད་སྐུལ་བྱེད་པའི་དབང་ཚད་དང་འོས་བབ་མེད།
ཁྱོད་ཀྱི་བསམ་ཚུལ་འདི་ལ་འཐད་པ་མེད་ལ་ལྷག་ཏུ་༼ འོན་ཀྱང་། ངས་བསམ་ན་རང་བསྲེགས་བློས་གཏོང་འདི་ཆེ་དྲག་པ་མ་ཟད་མང་ཡང་དྲག་སོང་། མ་མཐའ་ཡང་ཀྲུང་གུང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་འདིར་འགྱུར་བ་འགྲོ་འོས་ལ། ངོ་རྒོལ་འདི་ཀྲུང་གུང་གི་སྲིད་ཇུས་ལ་བྱས་པ་ཡིན་ན་རྦད་དེ་ཆེ་དྲག་འདུག་པས་འགྱུར་བ་འགྲོ་འོས།༽སྐད་ཆ་འདི་ལ་གཏན་ནས་མི་འཐད། བོད་མིའི་རང་སྲེག་གི་ལས་འགུལ་འདི་ནི་བོད་མི་ས་ཡ་དྲུག་གི་རང་དབང་དང་ཐོབ་ཐང་གི་ཆེད་དང་།རྩ་ཆེའི་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་ཀྱི་ངོ་བོ་དང་བཅས་པ་འཆི་ལམ་ནས་སྐྱབ་རྒྱུའི་ཆེད་དུ་ཡིན་པས། འདི་དག་གི་རིན་ཐང་ལ་བསམ་ན་ལས་འགུལ་ཅི་འདྲ་ཞིག་སྤེལ་རུང་ཆེ་དྲག་རྒྱུ་མེད་ལ་མང་དྲག་རྒྱུ་དེ་བས་མེད། ཀྲུང་གུང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་འདི་འགྱུར་བ་ཅིའི་ཕྱིར་འགྲོ་འོས་ཀྲུང་གུང་སྲིད་གཞུང་གིས་ང་ཚོས་ལས་འགུལ་ལ་འགྱུར་བ་གཏོང་འོས་པའི་བསམ་ཤེས་ཅི་ཞིག་བྱས་སོང་། ཁེ་ཕན་ཅི་ཞིག་སྤྲད་སོང་། འགྱུར་བ་ཅི་ཞིག་བཏང་སོང་། ཁྱེ་ཀྱི་གསུང་སྟངས་ལ་བལྟས་ན་ཁྱེད་ཀྱི་བསམ་ཚུལ་ངོ་མ་ནི་བོད་མིའི་རང་སྲེག་གི་ལས་འགུལ་འདི་ངལ་བ་འབྲས་མེད་དུ་འགྱུར་རྒྱུ་དེ་རེད་འདུག་ན་ཡང་། དེ་འདྲ་ནམ་ཡང་འགྱུར་མི་སྲིད་ལ་མ་མཐའ་ཡང་བོད་ཀྱི་མི་རབས་གསར་པའི་སེམས་ལ་བོད་མི་རིགས་ཅིག་སྒྲིལ་དགོས་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་ལ་སྲུང་སྐྱོབ་དགོས་པ། རྒྱ་གུང་ཕྲན་དང་ནམ་ཡང་མཉམ་གནས་མི་ཐུབ་པའི་བག་ཆག་ཟམ་མོ་ཞིག་འཇོག་བཞིན་པ་འདི་ཡང་གྲུབ་འབྲས་ཆེན་པོ་ཞིག་ཅི་ལ་མིན། ད་དུང་ཀྲུང་གོའི་སྲིད་ཇུས་ལ་ལས་འགུལ་འདི་ཆེ་དྲག་འདུག་ཞེས་པ་ནི་ཁྱེད་ཡང་ན་ཀྲུང་གོའི་སྲིད་ཇུས་ལ་རྒྱུས་མངའ་མེད་པའམ། ཡང་ན་དཔལ་འབྱོར་གྱི་སླུ་བྲིད་ལ་མགོ་འཁོར་སྡོད་མཁན་ཞིག་ཡིན་པ་བསྟན་འདུག གཞན་དུ་ན་རྒྱ་གཞུང་གིས་ཉ་གསོད་ཕྱིར་ལྕག་ཀྱུའི་རྩེར་ཟས་ཅུང་ཟད་བཀོན་པ་བཞིན་དུ་དཔལ་འབྱོར་གྱི་སླུ་བྲིད་དང་དྲག་གནོན་ཟུང་དུ་འབྲེལ་ནས་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་བཞིན་ཡོད་ན་འདི་འདྲའི་གདུག་རྩུབ་ཀྱི་སྲིད་ཇུས་ལ་ངོ་རྒོལ་ཅི་འདྲ་ཞིག་བྱས་ཀྱང་བྱེད་འོས་པ་ཞིག་ལས་ཆེ་དྲག་པ་ཞིག་མ་རེད་འདོད།