གཡུ་དྲུག་དཀར། རྡ་ས།
གཅིག)
མིག་ཆུ་འདི། རང་གི་སེམས་ཁོང་ནས་རྡོལ་ཡང་། མིག་ཆུ་འདི། རང་གི་ཤག་གསེང་རུས་གསེང་ནས་ཐོན་ཡང་། མཁུར་ཚོས་སྟེང་ལ་ཟགས་དུས། བྲང་ཁ་་རུ་འབབ་དུས། སྙིང་ལ་སིམ་དུས། གྲང་ཤུར་ཤུར། འཁྱག་སོབ་སོབ། ང་ལ་འདར་སིག་རྒྱག་པས། མིག་ཆུ་གཏོང་ཐེངས་རེ་རེ་ནི། ང་ལ་མཚོན་ན་གྲང་འདར་རྒྱག་བཞིན། འཁྱག་ཤི་འཐེབས་པའི་སྡུག་བསྔལ་མྱོང་ཐེངས་རེ་རེའོ།།
གཉིས།)
ངའི་མིག་ཆུ་རློན་དྲགས་པ་དང་། ངའི་བྲང་ཤ་ནེམ་དྲགས་པ་མ་རེད་དེ། གོ་ལ་རིལ་རིལ་འདིའི་སྟེང་། མི་མགོ་ཞིག་ཐོགས་ཕྱིན། རང་ཉིད་ལ་དབང་ཆོག་ཆོག་གི་མགོ་ཐོག་གི་གནམ་དང་། རྐང་འོག་གི་ས་སྟེ། རང་ཉིད་ལ་དབང་བའི་ཕ་གཞིས་དྲོན་མོ་དང་། རང་ཉིད་གསོན་པོར་འཚོ་ཐབས་ཀྱི་བདག་དབང་ངོ་མ་བོ་ཡང་། གཞན་ལག་ཏུ་ཤོར་སོང་པས། ང་ལ་ས་ཐོག་འདིར་རང་དབང་སྒོས་འགྲོ་ས་འདུག་ས་ཞིག་གཏན་མེད་སོང་།
དེ་བས། ངའི་མིག་ཆུ་ནི། རང་གི་ཕ་གཞིས་ཤོར་བའི་སྡུག་བསྔལ་ཡིན། སྡུག་བསྔལ་འདི། མཚོ་མོ་ཤུགས་ཀྱིས་སྐྱོམ་པའི་རླབ་རིས་བཞིན། སེམས་ནས་འཇགས་ཐབས་བྲལ་བས། འཇགས་མི་སྲིད་པའི་མིག་ཆུའི་བཞུར་རྒྱུན། ངའི་སེམས་སྡུག་གི་རྦ་རླབས། ཇི་འདྲའི་གྲང་ཆོག་ཨང་།
གསུམ།)
ཕ་ས་ཤོར་ནས། མིག་ཆུ་དང་སྤྱན་ཆབ་དེ་ཁོ་ན་ལས་མེད་པར། ཕ་ལོ་དང་ལྷན་དུ་ས་མཐའ་འགྲིམ་དུས། སུ་ལའང་བློ་གཏད་བྲལ་སོང་། ངའི་དྲིན་ཆེན་གྱི་ཕ་ལོ། རབ་རིབ་ཀྱི་གནམ་ས་འདིའི་གཙུག་རྒྱན་དང་། ཟིང་ཟིང་གི་དུས་རབས་འདིར། བྱམས་བརྩེ་དང་ཞི་བདེའི་བཙོ་སྦྱངས་འོད་སྣང་སྦྱིན་པའི། གསེར་མདོག་གི་ཉི་མར་སྒྲོག་པའི་གསང་བ་དེ། ད་དུང་། གསང་བ་དེ་ཁོ་ན་རེད་པས། སུ་ལའང་བློ་གཏད་བྲལ་སོང་།
དེ་བས། ཁྱེད་ཀྱི་དྲུང་དུའང་། ངའི་ལུས་པོ་གློ་བུར་དུ་འདར་ཞིང་། སེམས་པ་འཕྲལ་འཕྲལ་དུ་གཡོ་བས། ངའི་མིག་ནས་མཆི་མ་ཤར་ཤར་དུ་རྡོལ་ཡོང་ལ། གཙུག་ལག་ཁང་དང་། གནམ་ཐང་། ལམ་ཁ་གཡས་གཡོན་བཅས་ནས། ཞལ་མཇལ་དང་རྒྱང་མཇལ་ཞུ་ཐེངས་རེར། ངས་དྲིན་ཆེན་གྱི་ཕ་ལོ་ཁྱོད། ཕ་ཡུལ་གྱི་གསེར་ཁྲིའི་སྟེང་ནས་འདི་ལྟར་ག་དུས་བཞུགས་སམ། ཕ་ཡུལ་གྱི་རྩྭ་ཐང་ཞིག་ནས་འདི་ལྟར་ག་དུས་བསུ་འམ། པ་ཡུལ་གྱི་གཞུང་ལམ་སྟེང་ནས་འདི་ལྟར་ག་དུས་ལོག་ཕེབས་སམ་སྙམ་པའི། རེ་བ་དང་དོགས་པ། ཐེ་ཚོམ་བཅས་ཀྱིས། ངའི་སྤྲང་ཁོག་འདིར་འཚང་ཁ་རྒྱག་པས། ངས་དམ་དུ་སྦྱར་བའི་ལག་ཟུང་གི་ཐལ་མོ་ལྷོད་འགྲོ་ལ། ངས་ཤུགས་ཀྱིས་བཏེགས་པའི་སྙིམ་པའི་རྩེ་ཡི་ཁ་བཏེགས་དཀར་པོ་དེ་རླུང་གིས་འཁུར་འགྲོ་ཡང་། ང་ལ་མིག་ཆུ་ཞིག་འཐུང་བའི་ལས་དབང་ལས་ཅི།།
བཞི།)
ཕ་་ཡུལ་གྱི་སྙིང་སྟོབས་མེ་ལྕེ་བཞིན་། ཇེ་ཆེ་ནས་ཇེ་ཆེ་རེད། དགྲ་བོའི་སྡུག་རྩུབ་མུན་ནག་བཞིན། ཇེ་ནག་ནས་ཇེ་ནག་རེད། རྒྱུ་འབྲས་མེད་པའི་འཇིག་རྟེན་ཀྱེ། ངས་ཅི་ཞིག་ཉེས་སམ། ངས་རང་གི་མིག་ཆུ་རང་གི་ངོ་གདོང་ལ་བྱོ་ན་མ་གཏོགས། ང་ལ་མིག་ཆུ་ཕོ་ས་ཞིག་ཀྱང་མེད་དོན་ཅི། ངའི་དཔའ་རྒོད་ཚོའི་རྣམ་ཤེས་དང་ཚེ་སྲོག བཙོན་ཁང་དང་མུན་དོང་། སྲང་ལམ་སྟེང་གི་ཁྲག་དམར་ཁྲོད་བཅས་ན་རྒསའགྲོ་བ། སུ་ཡིས་གཟིགས་སམ། ཁོང་ཚོའི་རྣམ་ཤེས་དང་ཚེ་སྲོག་གི་གཏུགས་བཤེར་ཡང་། འདི་ལྟར་ལྟོས་ལྟོས་རིག་རིག་ལ། ཡ་ང་དང་སྙིང་རྗེ། ཁྲེལ་གཞུང་དང་རྩིས་ཐངསོགས་ཅི་ཡང་མེད་པར་ཕམ་དགོས་ན། ཁྱེད་ཀྱི་གཅེས་ནོར་དུ་ཁས་འཆེ་བའི། བདེན་པ་དང་གནས་ལུགས། གནས་ཇི་འདྲ་ཞིག་དང་། དུས་ནམ་ཞིག་ལ་གཞི་གྲུབ་བམ།
ཁྱེད་ཀྱི་པང་དུ། ང་ནི་མི་མགོ་སྐམ་པོ་ཞིག་ལས་ཅི་ཡང་མིན། ཁྱེད་ཀྱི་པང་དུ་། ང་ཅི་ཙམ་འུ་ཐུག་ཀྱང་། རང་གི་ངོ་གདོང་ལ་མིག་ཆུ་རེ་གཏོང་བ་ཙམ་རེད། ཁྱེད་ཀྱི་པང་དུ། ང་ལ་རང་གི་མིག་ཆུ་ལས་ཅི་ཡང་མེད། ངས་མིག་ཆུས་སྐོར་བའི་མར་མེ་ཁྲོམ་སྐོར་དང་། སྐད་འབོད་ཁྲོམ་སྐོར། ངོ་རྒོལ་ཁྲོམ་སྐོར་། ཟས་བཅད་ངོ་རྒོལ་སོགས། ངའི་མིག་ཆུའི་ཐིགས་པ་ཡོད་ཚད། ང་རང་གི་ངོ་གདོང་ན་སྐམ་བཞིན་ཡོད། ཀྱེ། རང་དབང་དང་འདྲ་མཉམ། མང་གཙོ་དང་དྲང་བདེན་གྱི་འཇིག་རྟེན་ཀྱེ། ང་ལ་སྡུག་བསྔལ་གྱིས་ནོན་པའི་རྐང་པ་འདི་སྤོ་ས་ཞིག་སྩོལ་དང་། ངས་རང་གི་མིག་ཆུས་བརླན་པའི་ཤི་བོ་ཚོའི་རྣམ་ཤེས་དང་ཚེ་སྲོག གསོན་པོ་ཚོའི་ན་ཟུག་དང་ཁྲག་ཡིག་བཅས་འཁྱེར་ནས། གཏུགས་བཤེར་བྱེད་རྒྱུ་ཡིན།
ལྔ།)
དུས་རྒྱུན་དྲན་སྣང་ཞིག་གི་ཟ་འཕྲུག་ལངས་པ་ནི། ཨ་མ་དྲན་པ་ལས་མ་འདས་ལ། བསམ་ས་དེར་འཕྲུགས་ན། དོན་ལྡ་སྣོད་དྲུག་རེ་རེ་ལ་འཕྲུགས་ཀྱང་། ཚིམ་རྒྱུ་ཞིག་མི་འདུག་པས། ཐ་མར་མིག་ཆུའི་ཤག་སྒྲ་ལ་ཉན་ནས། ཁུ་སིམ་མེར། འཇམ་ཅག་གེར་འདུག་རྒྱུ་དེ་རེད། ད་དུང་། ས་མཐའ་ནས་རང་ཉིད་དང་ཤ་འདྲེས་ཁྲག་འདྲེས་སུ་གྱུར་བའི་གྲོགས་ལོ་མང་པོ་ཞིག་གི་རྣ་བར་གཟན་པའི་གཏམ་རྒྱུད་མང་པོས། ང་ལ་ལྐོག་བརྡ་རྒྱག་ཐེངས་རེ་དང་། ཁ་པར་གྱི་ཕར་སྣེ་ནས་། ཨ་མས་ངུ་ངག་དང་མིག་ཆུ་འདྲེས་མའི་ངང་། ཨ་མའི་ལོ་ལོ། ད་ཁྱོད་ཕྱིར་ཡུལ་ལ་ཤོག ཁྱོད་ས་མཐའ་ཞིག་ནས་བསྡད་ན། ངའི་སེམས་མི་བདེ་ཀི་ ང་འཆི་ཁའང་འུ་གཉིས་ཐུག་ས་མ་རེད། ང་འཆི་དུས་མིག་ཀྱང་བཙུམ་ཐུབ་ས་མ་རེད། ང་ལ་བཤད་རྒྱུ་ཞིག་ཡོད་པ་འདི་ཡིན། འེ་གོ་ཐལ། ཞེས་ནནབཅག་བཅག་གིས་ཁོ་མོའི་སྙིང་གཏམ་དྲོན་མོ་སེམས་ལ་འཇོག་ཐེངས་རེ་དང་། བཀྲ་མ་ཤིས་པའི་རྨི་ལམ་རེ་རེས་ཞེད་སྣང་དང་རྣམ་རྟོག་སློང་ཐེངས་རེར། མིག་ཆུས་འགྲམ་པ་དང་སྔས་འབོལ་རློན་པ་མ་ཟད། གཉིད་སྐྱིད་པོ་དེ་དཀྲོག་པ་དང་། མལ་ས་བདེ་བོ་དེའང་བརླག་འཇོག་པས། ས་མཐའ་མི་མཐའ་འདི་རུ། ངས་མིག་ཆུ་དེ་ཁོ་ན་རུམ་པ་ལས་མ་འདས།
དྲུག)
ངས་རང་གི་སེམས་ཁོང་གི་སྡུག་བསྔལ། རང་གི་མིག་གོང་ནས་བཞུར་བའི་མིག་ཆུ་དང་ལྷན་དུ། རངགི་ངོ་གདོང་ནས་སྐམ་དུ་བཅུག་ན་མ་གཏོགས། གཞན་ཅི་ཡིས་མཚོན་ནུས་སམ། གཞན་ཅི་ཞིག་བྱ་ཕོད་དམ།
དེ་བས། ངས་རང་གི་སྐྱོ་སྡུག རང་གི་མིག་ཆུས་འགྲེལ་བཞིན་ཡོད་ལ། ངས་རང་གི་མིག་ཆུ། རང་གི་སྐྱོ་སྡུག་གིས་འགྲེལ་བཞིན་ཡོད། མདོེར་ན། ང་ལ་འཇིག་རྟེན་འདིར། རང་གི་མིག་ཆུ་ལས་གཞན་ཅི་ཡང་མེད།
བཀུར་འོས་གཡུ་དྲུག་དཀར་ལགས།
ངེད་ཀྱིས་གློག་འཕྲིན་གཞན་པ་དེའི་སྒོ་མ་ཕྱེས་བར་བདུན་ཕྲག་གཉིས་ཙམ་ཕྱིན་སོང་། དེར་བརྟེན།
དེ་རིང་གཞི་ནས་ཁྱེད་ཀྱི་རྩོམ་འདི་མཐོང་བྱུང་། དུས་ཐོག་ལ་ཁ་བརྡའི་ཐོག་འཇོག་མ་ཐུབ་པར་དགོངས་དྭངས་ཡོང་བར་ཞུ།
རྗེས་སུ་མཇལ་ཡོང་།