ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༩ ཉིན་གྱི་མགྱོགས་བྲིས།
ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༩ ཉིན་གྱི་ཕྱི་དྲོར། སྙིང་རླུང་ཆེན་པོ་ཞིག་གིས་བཏེགས་ཏེ། དྲན་གདུང་གི་ཚོར་བ་གཅིག་རྗེས་གཉིས་མཐུད་དུ་རི་གཟར་གྱི་རྦབ་རྡོ་ལྟར་འགྲིལ་བྱུང་བས། ཁང་སྒོ་གཏན་རྒྱུ་ཡང་གཏིང་བརྗེད་དུ་གྱུར་ཏེ། ལམ་སང་རླངས་འཁོར་བསྐོར་ནས་ཐད་ཀར་མཛེས་སྡུག་ལྡན་པའི་སྤྱི་གླིང་ཆུང་ཆུང་དེར་བཞུད། མཚོ་འགྲམ་གྱི་རྐུབ་སྟེགས་རིང་པོ་དེའི་ཐོག་བསྡད་ནས་བསམ་གཞིགས་ཀྱི་གྲོང་ཁྱེར་ཉུལ་མགོ་བརྩམས།
གསལ་ལ་མི་གསལ་བའི་སེམས་ངོགས་སུ་ལང་ཚོ་མ་ཞིག་གིས། ལ་རིང་ནག་པོ་ཞིག་གྱོན་ཏེ་རྐུབ་སྟེགས་རིང་པོ་དེའི་ཐོག་བསྡད་ནས། རིང་ཐུང་རན་པའི་ནག་སྣུམ་གྱི་སྐྲ་ལོ་ལག་པས་བྱུག་བཞིན། ཕོ་བརྒྱའི་སེམས་པ་དབང་མེད་དུ་འཕྲོག་པའི་དཀྱུས་རིང་མིག་ཟུང་གིས་མཚོ་ཆུང་དེར་བལྟས་ནས་ཅི་ཞིག་འཚོལ་བཞིན། ཅི་ཞིག་ལ་རེ་སྒུག་བྱེད་བཞིན་བསྡད་འདུག བསིལ་རླུང་འཇམ་པོ་ཞིག་གིས་ལང་ཚོ་མའི་ལུས་ཀྱི་དྲི་བསུང་ཡོད་ཚད་ཁྱེར་ཏེ་ངའི་ཕྱོགས་སུ་གཏོར་བས། ལྷན་སྐྱེས་ཀྱི་དྲི་ངད་ལྡང་བའི་མཁའ་རླུང་དེ་རྔུབ་ཐེངས་གཅིག་གིས་མུད་ཅིང་། ལུས་སེམས་ཀྱི་ཚོར་ཤུགས་ཡོད་ཚད་ལང་ཚོ་མ་དེའི་ཕྱོགས་སུ་གཏད།
ངའི་མདུན་གྱི་མཚོ་ཆུང་དེའི་ནང་དུ་གྲུ་གཟེངས་ཆུང་ཆུང་གཅིག་ལས་གཞན་ཅི་ཡང་མེད་ལ། ཁོར་ཡུག་ཡོད་ཚད་སྟོང་འཇག་གེར་འདུག གྲུ་གཟེངས་དེའི་ནང་དུ་ཁྱོ་ཤུག་གམ་ཡང་ན་དགའ་རོགས་ཕོ་མོ་གཉིས་ཀྱིས་ལྷང་ལྷང་གི་དགོད་སྒྲའི་ཁྲོད་གྲུ་ཆུང་དེ་ཁ་ལོ་སྒྱུར་བཞིན་ངའི་ཉེ་སར་སླེབས། ང་དང་རྐུབ་སྟེགས་གཅིག་གི་ཐོག་བསྡད་ཡོད་པའི་ལང་ཚོ་མ་དེས་དལ་ལ་རིང་བའི་ཤུགས་རིང་ཞིག་འཐེན་བཞིན་ཡར་ལངས་ཏེ། གཡོན་ཕྱོགས་ཀྱི་རི་ཆུང་དེའི་ཕྱོགས་སུ་གོམ་ཁ་བསྒྱུར། ང་ཡང་རང་དབང་མེད་པར་ཡར་ལངས་ཏེ་ལང་ཚོ་མ་དེའི་རྐང་རྗེས་བསྙེགས།
ཡུད་ཙམ་གྱི་རྗེས་སུ་ལང་ཚོ་མ་དེ་ཕྱིར་འཁོར་ནས་ཡང་བསྐྱར་མཚོ་ཆུང་དེའི་ནང་དུ་བལྟས་ནས་འབྲལ་མི་ཐུབ་པ་ལྟ་བུའི་རྣམ་འགྱུར་ཞིག་ཕྱིར་མངོན། དེ་དུས་ང་དང་ལང་ཚོ་མའི་བར་དུ་ཧ་ལམ་གོམ་པ་གཉིས་གསུམ་ཙམ་ལས་མེད། ཁོ་མོས་ལག་ཁུག་དམར་སྨུག་ཞིག་ཕྲག་པ་གཡོན་པར་ཁུར་ཞིང་། ལག་གཡས་པས་སྐེ་དཀྲིས་སྐྱ་བོ་དེ་ཡར་ཅུང་ཟད་འཐེན་པ་དང་མཉམ་དུ་མིག་ཆུ་རྡོག་པོ་གཉིས་ཕྲེང་ཐག་ཆད་པའི་ཤེལ་ཕྲེང་རྡོག་པོ་རེ་རེ་བཞིན་མར་འགྲིལ་ཏེ་དཀར་མདངས་ཆགས་པའི་མཁུར་ཚོའི་བརྒྱུད་པདྨ་ལྟར་དམར་བའི་མཆུ་འདབ་ཏུ་སླེབས།
རིམ་གྱིས་ཉི་མ་ཡང་ལ་ཁར་བསླེབས་ཅིང་། གྲུ་ཆུང་ནང་གི་གཞོན་དུ་ཕོ་མོ་གཉིས་ཀྱང་གར་སོང་ཆ་མེད་དུ་གྱུར། བྱ་བྱེའུ་ཚོས་ཀྱང་སྐད་ཅོར་སྒྲོག་བཞིན་སོ་སོའི་ཚང་དུ་ལོག་མགོ་བརྩམས།
ང་ག་ལེར་ཁོ་མོའི་ཉེ་སར་བཅར་དེ་ལག་གཉིས་ཀྱིས། ཁོ་མོའི་མཆུ་འདབ་ཏུ་ཁྲ་ཆི་ལེར་འཁྱིལ་བའི་མིག་ཆུའི་ཐིག་པ་གཉིས་བླངས་ཏེ་དལ་གྱིས་སྐེ་འཇུ་དྲོན་མོ་ཞིག་བྱས་ནས། “ཁྱེད་ཀྱིས་ཀྱང་ད་དུང་སྒུག་རྒྱུ་ཡིན་ནམ།” ཞེས་དྲིས་པས། ཁོ་མོས་གློ་བུར་དུ། “མིན། མིན། ང་ཁ་སང་ནས་ཕྱིན་ཚར། འདིར་ཁྱོད་རང་གཅིག་པོ་ལས་གཞན་སུ་ཡང་མེད། འཇིག་རྟེན་ཐོག་གི་ཆེས་མཛེས་སྡུག་ལྡན་པའི་དངོས་པོ་ནི་དགོང་ཁའི་མཚམས་སྤྲིན་ཡིན། ལྟོས་དང་”ཟེར། དག་དག་སེར་མདངས་དང་ཉི་འོད་ཀྱིས་འཁྱུད་པའི་མཚམས་སྤྲིན་གྱིས་བྱང་ཕྱོགས་ཀྱི་ནམ་མཁའ་ཡོངས་སུ་ཁྱབ་འདུག
བལྟས་བལྟས་རིག་རིག་ལ། ལང་ཚོ་མའི་གཟུགས་བརྙན་འཇའ་ཚོན་བཞིན་རིམ་གྱིས་ཡལ། བདེན་པ་རེད། ས་འདིར་ང་གཅིག་པོ་ལས་གཞན་སུ་ཡང་མི་འདུག སྤྱི་གླིང་འདིར་ང་གཅིག་པོར་ལྷག་འདུག ང་ད་དུང་ཤིང་སྡོང་ཞིག་ལ་འཐམ་ནས་ལུས་འདུག
མིག་ཆུ། ངའི་མིག་ཆུ། ཁྱེད་ཀྱི་མིག་ཆུ།
ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༩ ཉིན།
རླུང་གིས་འཁུར་བའི་ལོ་མ། བསོད་ནམས་ཟླ་བ།
མིག་ཆུ། བློ་བཟང་ཡེ་ཤེས།
གཉིས་ཀྱིས་བྲིས་པའི་སྒྲུང་ཐུང་ནི་གཅིག་གིས་གཅིག་ལ་རྐུ་བཤུས་བྱས་པའི་སྣང་བརྙན་གཅིག་པ་ཞིག་ལ་བསྒྱུར་སྒྲིག་བྱེད་བཞིན་མེད་འགྲོ་བསམ་སོང་།
མཁས་བ་ཐམས་ཅད་རྐུན་མ་ཡིན། ང་རང་རྐུན་མའི་རྒྱལ་བོ་ཡིན་ཟེར་ནིའི་མཁས་བ་ཞིག་ཡོད་པ་གོ་མྱོང་། སུ་ཡིན་མ་ཤེས་ཐལ།
གང་ལྟར་སྙན་སྒྲུང་ནི་ཚོར་བ་བན་བུན་གྱི་ལུ་གུ་རྩེད་རྩེད་རེད། ཚོར་བས་ཟིན་པས་རྣམ་ཤེས་ནི་དེ་མོ་ཟིག་ཡིན་ནི་རེད།