ཁ་བའི་འབྲོག་མོ།
མི་མངོན་རྒྱང་རིང་རི་བོ་འགུལ་བའི་ཕྱོགས།།
འོད་ཀྱིས་འཁྱུག་པའི་རྐང་ལམ་ཀྱ་ཀྱུར་འཐེན།།
སེམས་ཀྱི་སྦུག་ཏུ་ཡོད་པའི་ཕུགས་བསམ་བཞིན།།
བཟློག་མེད་སྙིང་སྟོབས་ཅན་གྱི་རྐང་རྗེས་ཉིད།།
མེས་པོའི་སྙིང་སྟོབས་བསྟར་བའི་བཤུལ་ལམ་བཞིན།།
གླེགས་བམ་སྟོང་གི་ངོ་ལ་དཔར་བའི་རྗེས།།
གདུང་བའི་རྨི་ལམ་རིང་མོའི་ཕ་རོལ་དེར།།
རྒྱང་བཞུད་རྐང་བའི་ངོས་སུ་རྨ་ཁ་ཟབ།།
རི་བོའི་ངོགས་ན་སྐྱོ་བའི་གླུ་ལེན་ཞིག།
གནས་མེད་ལྡོམ་པོ་འགུགས་པའི་བརྡ་ཞིག་ཡིན།།
མིག་ཆུ་ཡུད་གྱིས་སྐྱོམས་པའི་སྙན་ངག་དེ།།
དྲན་པ་སྙིང་ལ་སྡུག་པའི་ཚོར་བའོ།།
ཚང་ཚིང་ནགས་མོ་འཁྲིགས་པའི་རི་སུལ་ན།།
ངེས་མེད་རི་དྭགས་རྒྱུ་བའི་གད་རྒྱངས་མཐོ།།
གནམ་ས་གཅིག་ཏུ་མཐུད་པའི་བསྣོལ་མཚམས་ན།།
ཞུམ་མེད་ཕུགས་བསམ་རིང་མོ་ལམ་དང་སྦྲེལ།།
མཐའ་མའི་གནས་མལ་སེམས་ཀྱི་དཀྱིལ་འཁོར་སྟེ།།
ཇི་ཙམ་ཕྱིན་པ་དེ་ཙམ་སེམས་ལ་བསླེབས།།
རི་བོའི་འདབས་ན་ཞི་བའི་འཇིག་རྟེན་ཞིག།
ཡིད་དུ་འོང་པའི་ཕུགས་བསམ་དེ་དང་སྦྲེལ།།
ངོ་མཚར་སྤྲིན་པ་ཤུགས་ཀྱིས་གཡོ་ཞིང་ལྡེམ།།
རི་བོའི་ཚོགས་རྣམས་གསེར་སྐུད་ཕྲེང་ལ་བརྒྱུས།།
སེམས་ཀྱི་གཡོ་བ་ཐམས་ཅད་འདིར་འདུས་པས།།
ང་ཡི་ཕུགས་བསམ་སྙན་ངག་རི་མོར་བཀོད།།
2014/3/30
སེམས་ཀྱི་ཕུགས་སུ་སྟོང་བས་གླུ་ཞིག་གྱེར།
ཕུགས་ཀྱི་མཐའ་རུ་དོགས་པའི་སྤྲིན་ཞིག་ལྡིང་།
སྟོང་དོགས་རེས་སུ་འཁྱིལ་བའི་འཇིག་རྟེན་མཐའ།
དཔྱད་པས་ལོངས་སྤྱོད་ཡིན་མིན་འཕྱང་མོ་ཉུག
དཔྱད་པའི་ལོངས་སྤྱོད་ཡིན་མིན་འཕྱང་མོ་ཉུག་ལ་བཅོས་རོགས།