རྫ་ཚེ་རིང་བཀྲ་ཤིས།
རྫ་དྲེལ་དཀར་དགོན་གྱི་མཆོག་སྤྲུལ་རིན་པོ་ཆེ་ཕྲིན་ལས་རྣམ་རྒྱལ་སྐུ་གཤེགས་པའི་རྗེས་དྲན་དུ་ཕུལ་བའི་གླེང་རྩོམ་རིང་མོ།
(ཞུས་དག་ཡག་པོ་བྱེད་མ་ཁོམ་པས་ཡིག་ནོར་བཏགས་ནོར་ཡོད་ངེས། མཆན)
བླ་མ་ལ་ཕྱག་འཚལ་ལོ། །
ཁར་རྩང་རེས་གཟའ་ཉི་མའི་ཉིན་དྲ་སྒོ་ཕྱེས་ནས་ལྟ་སྐབས་སྤུན་མཆེད་བཙན་ལྷ་ནས་སྤྲུལ་སྐུའི་འདས་མཆོད་ཟིན་གྲབ་ཡོད་པས་རྗེས་དྲན་གྱི་རྩོམ་ཡིག་ཅིག་ཕྲིས་ཤོག་ཅེས་འཕྲིན་ཐུང་ཞིག་བཏང་འདུག དེ་དང་ཆབས་གཅིག་ན་ཉིན་ལོ་མཇུག་ཞིག་ལ། རང་རེ་དྲེལ་དཀར་དགོན་གྱི་བསྟན་བདག་དང་།རང་ཉིད་ཀྱི་ཡང་མི་ཚེ་འདིར་ལས་ཀྱི་འབྲེལ་བའི་སྤུན་མཆེད་དམ་པར་གྱུར་པ་དྲེལ་དཀར་སྤྲུལ་སྐུ་ནོར་བུ་བཀྲ་ཤིས་ནས་ཀྱང་དེ་མཚུངས་རྗེས་དྲན་བཞས་ཚིག་དེ་འདྲ་ཞིག་ཕྲིས་ཞེས་གསུངས་སྐབས་ངས་ཡིན་དང་ཡིན། མ་གཞི་ནས་རྗེས་དྲིན་རྩོམ་ཡིག་ཅུང་རྒྱས་པ་ཞིག་འབྲི་འདུན་ཡོད་ཅེས་བཀའ་ལན་ཕུལ་བ་ཡིན། ཁོང་རྣམ་པ་ནི་སྤྲུལ་རིན་པོ་ཆེ་དང་ཆེ་ཉེ་ཤོས་ཀྱི་ཤུལ་ལུས་གྲས་ཡིན་པས་འདས་རྗེས་དང་འབྲེལ་བའི་ཕྱོགས་ལ་དམིགས་བསལ་ཐུགས་འགན་ཡོད་པའི་མི་སྣ་ཡང་རེད།
སྐབས་དེར་ངས་ག་ལེར་སང་ཕོད་འདས་མཆོད་སྔོན་དུ་དམིགས་བསལ་དུས་ཚོད་འོས་འཚམས་ཤིག་བཏོན་ནས་རྗེས་དྲན་ཅུང་རྒྱས་པ་སྤུས་དག་པོ་ཞིག་འབྲི་ཨེ་ཐུབ་ལྟ་དགོས་ཨང་སྙམ་ནས་སེམས་ཐོག་ནས་གལ་ཆེ་ཆེ་བྱས་པ་ཡིན་ཏེ། ༼ང་ལ་རྩོམ་ཡིག་འདི་ལྟར་འབྲི་དགོས་སྙམ་དུ་འདུན་པ་བཏང་བ་དེ་ཐོན་དུས་མེད་པར་སོ་སོས་ཀྱང་སེམས་ལ་གྲ་བསྒྲིགས་མེད་པ་དེ་འདྲ་གློ་བུར་དུ་འབྲི་འདོད་སྐྱེས་པ་དང་འདུག་བཟོད་མེད་པར་བྲིས་བཞག་ཤོར་བའི་གོམས་གཤིས་ཤིག་ཡོད་པས་༽དེ་མུར་ལྷག་འདུག
དེ་རིང་གློ་བུར་དུ་ལོ་གཅིག་གི་དུས་ཡུན་ཧྲིལ་པོ་ཡུད་ཙམ་གྱིས་ཕྱིན་ཟིན་པ་ཚོར་བས་དུས་ཚོད་ནི་ཧ་ཅང་མགྱོགས་དྲགས་པ་ཞིག་སྟེ་བྱ་ཐབས་གང་ཡང་མེད། ད་ནི་ཕལ་ཆེར་གོ་རིམ་གང་ཡང་མེད་པའི་ཐོག་ནས་གང་དྲན་དྲན་ཅིག་འབྲི་རྒྱུ་ཡིན།
ཁར་རྩང་ང་ལ་ཐུབ་བྷེས། ད་ཁོས་ཀྱང་རླངས་འཁོར་ཁ་ལོ་སྐོར་ཆོག་ཅིག་ལ་རྒྱུགས་ཨེ་འཕྲོད་ལྟ་དགོས་ཁེལ་ས་རེད། དེང་སང་མི་སུ་འདྲ་ཞིག་ཡིན་ཡང་རླངས་འཁོར་ཞིག་སྐོར་མ་ཤེས་ན་ཡར་མར་འགྲོ་ཐབས་ཆག་ཚར་བ་ཞིག་རེད་ཟེར། ཡང་ངའི་སྲིང་མོས། ང་ཚོ་དེ་རིང་རླངས་འཁོར་ཞིག་བསྐོར་ནས་དབྱར་སའི་ཐོག་གི་ལྕག་འའི་སྟོད་ཀྱི་དེ་ཡན་མེད་ས་ལ་འགྲོ་གིན་ཡོད་ཟེར། དེ་ཚོ་འགྱུར་བ་ཆུང་ཆུང་གྲས་རེད། ཕ་ཡུལ་གྱི་འགྱུར་བ་མང་པོ་ཞིག་ང་ལ་མཚོན་ན་ཧ་ཅང་མགྱོགས་དྲགས་པ་ཞིག་རེད། ཁྱེད་རྣམ་པས་བལྟས་ན་ངས་འཛམ་གླིང་གི་ཡུལ་གྲུ་མང་པོ་ཞིག་ཉུལ་བཞིན་ཡོད་པས་ཧ་ཅང་སྔོན་ཞིག་ཏུ་ཡོད་སྣང་འཆར་སྲིད་ན་ཡང་། ངས་བསམ་ན་ཕ་ཡུལ་གྱི་ཤིན་ཏུ་མགྱོགས་པའི་དུས་ཀྱི་འགྱུར་འགྲོས་མང་པོ་ཞིག་གིས་ང་རང་ཤུལ་དུ་བསྐྱུར་ཟིན་འདུག ངས་བསམ་བློ་ག་ཚད་རྒྱ་ཆེ་ཆེ་བྱས་ནས་བཏང་ཡང་། དོན་དངོས་ཐོག་ངས་ཕ་ཡུལ་ཕྱོགས་ལ་བསམ་བློ་གཏོང་སྐབས་གོམས་གཤིས་དང་ལྷན་སྐྱེས་ཀྱི་ཞེན་འཛིན་མང་པོ་ཞིག་ཕལ་ཆེར་མི་ལོ་བཅོ་ལྔའི་སྔོན་གྱི་ཕ་ཡུལ་གྱི་གནས་སྟངས་དང་ཁ་འབྲལ་ཐབས་མེད་པ་ལྟར་འཕེལ་མེད་སོར་གནས་བྱས་ཡོད་པས། ངས་ད་ལྟའི་ཕ་ཡུལ་གྱི་གནས་སྟངས་ལ་བསམ་བློ་གཏོང་ཞིང་སྐད་ཆ་ཤོད་སྐབས་ཕལ་ཆེར་ལས་སླ་བོས་ནོར་འཁྲུལ་ཤོར་བ་དང་དགོད་ཁ་སློང་སྲིད་གི་རེད།
དེའི་ཕྱིར། ངས་ཉེ་དུས་ཀྱི་སྤྲུལ་རིན་པོ་ཆེའི་མཛད་པ་རྣམ་ཐར་དང་ད་ལྟའི་དུས་ཀྱི་ཁྱེད་རྣམ་པའི་དངོས་ཡོད་ཀྱི་འཚོ་བ་དང་བསམ་བློ་སོགས་གཞི་གཅིག་ཏུ་སྦྲེལ་ནས་སྐད་ཆ་བཤད་རྒྱུ་ནི་ཧ་ཅང་ཁག་པོ་ཞིག་ཏུ་གདའ། འོན་ཀྱང་ང་ལ་ཐབས་ཤེས་གཅིག་ཡོད་པ་དེ་ནི། ང་རང་བརྒྱད་ཅུ་གྱ་གྲངས་ནས་དགུ་བཅུ་གོ་གྲངས་ཀྱི་དུས་ཀྱི་དུས་རབས་སྔ་མའི་མཇུག་ཏུ་ཕྱིར་ལོག་སྟེ། སྐབས་དེའི་སྤྲུལ་རིན་པོ་ཆེ་དང་རང་ཉིད་ཀྱི་གཞོན་དུས་ཀྱི་ནམ་ཟླ་གཞི་གཅིག་ཏུ་སྦྲེལ་ནས། འདས་པའི་དུས་རིམ་རིང་མོ་ཞིག་ཏུ་མི་འདོད་བཞིན་དུ་ལྡོག་འཇུག་ཐེངས་གཅིག་བྱེད་རྒྱུ་དེ་རེད།
ང་ཚོ་མཉམ་དུ་མཚར་ལོང་བྱུང་བའི་དེ་དུས་ཀྱི་སྐྱ་ཐོ་སྔོ་རུག་ཚོར་མཚོན་ན། སྐད་ཆ་འདི་དག་གིས་མ་མཐའ་ཡང་མི་རྟག་པའི་དུས་ཀྱི་ཆོས་ཉིད་དང་བསྡེབས་ནས་རིམ་གྱིས་མག་མོག་ཏུ་འགྱུར་བཞིན་པའི་བློས་ཐོང་བར་དཀའ་བའི་སྣང་ཚུར་འགའ་རེ་སེམས་ལ་འཁོར་དུ་འཇུག་སྲིད་པ་རེད། སེམས་ངོགས་སུ་ཉལ་བའི་རྨི་ལམ་མང་པོ་ཞིག་དངོས་ཡོད་ཀྱི་འཇིག་རྟེན་ནས་ཇི་ལྟར་ང་ཚོ་དང་ཁ་ཐག་རིང་དུ་གྱེས་བཞིན་པ་ནི་ཧ་ཅང་བསམ་དཀའ་བ་ཞིག་རེད། ངས་མིག་ཆུ་དང་བསྡེབས་ནས་བྲིས་པའི་སྐད་ཆ་འདིས་ཅི་ཞིག་འདི་ལྟར་ཕྱིར་དྲན་བྱས་པ་ན་ཁྱོད་ཀྱིས་ཀྱང་མིག་ཆུ་ཐིགས་པ་གཅིག་གི་རྒྱབ་སྐྱོར་དང་བཅས་རྩོམ་ཡིག་འདི་མུ་མཐུད་ཀློག་སྲིད།
རེད། ང་ཚོ་ཚང་མས་ཤེས་གསལ་ལྟར་རེད། མཆོག་སྤྲུལ་རིན་པོ་ཆེ་ཕྲིན་ལས་རྣམ་རྒྱལ་ནི་ང་ཚོ་ཕ་ཡུལ་དྲེལ་དཀར་དགོན་པ་དང་ཁྲོམ་བཟའ་འགབ་མ་ཡུལ་དགོན་གཉིས་ཀྱི་བསྡད་ན་ཁེན་ས་དང་ལངས་ན་འཐམས་ས་གཅིག་པུ་དེ་ཡིན། དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་དོན་གྲངས་ནས་བཟུང་སྟེ། སྐུ་ཚེ་ཧྲིལ་པོར་དགོན་པ་འདི་དང་སྡེ་པ་འདིའི་མགོན་སྐྱབས་དང་དཔུང་གཉེན་བྱས་ཡོད། ཁོང་ཡོད་པས་ང་ཚོའི་སྡེ་དགོན་འདི་གཉིས་ལ་རེ་བ་དང་དྲོ་སྐྱིད་ཀྱི་སྣང་བ་ཚོར་དུ་ཡོད་པ་ཞིག་ཡིན།
ངའི་ཕ་མ་དག་གི་ངག་ལས་ཐོས་པ་ལྟར་ན། ཁོང་ནི་རབ་བྱུང་བཅུ་དྲུག་པའི་བསྐལ་པ་མེ་ཁྱི་ལ་རང་རེ་ཁྲོམ་བཟའ་འགབ་མ་སྡེ་བར་སྐུ་འཁྲུངས་འདུག སྐབས་དེར་བླ་མ་ཞེ་ཆེན་ཚང་གི་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་ཡུལ་ཕྱོགས་འདིར་ཕེབས་ནས་བྱིས་པ་འཛོང་ཁུག་ནང་ན་ཡོད་པ་ཞིག་ལ་རྫ་དཔལ་སྤྲུལ་དང་འཇུ་མི་ཕམ་གཉིས་ཀྱི་སློབ་ཆེན་རྫ་མཁན་པོ་ཀུན་དཔལ་གྱི་ཡང་སྲིད་དུ་ངོས་བཟུང་ནས་བདག་པོ་བརྒྱབ་པ་རེད་ཟེར། དེ་ནས་ཁོང་ཆུང་ཆུང་ནས་ཕ་ཡུལ་དང་ཁ་བྲལ་ནས་ཞེ་ཆེན་དགོན་དུ་ཁྲིད་གནང་འདུག
སྐབས་དེར་བླ་མ་ཞེ་ཆེན་ཚང་གནམ་དར་དུས་རེད། ཞེ་ཆེན་དགོན་དུ་བཞུགས་སྐབས་གཙོ་བོ་རྒྱལ་ཚབ་རིན་པོ་ཆེ་སོགས་ཀྱིས་བསྐྱེད་སྲིང་གནང་ཡོད་ན་ཡང་ལོ་ན་ཆུང་ཆུང་ཡིན་པས་གཞུང་ལུགས་སོགས་ལ་གསན་བསམ་གྱི་གོ་སྐབས་ད་དུང་ཐོབ་མེད་པར་གཞི་རྩའི་ཆོ་ག་ཆོས་སྤྱོད་དང་ཞལ་འདོན་སོགས་སློབ་བཞིན་པའི་སྐབས་ཤིག་ཏུ་རྒྱ་དུས་ལོག་པ་རེད། ཉིན་དེར་བླ་མ་ཞེ་རྫོགས་གཉིས་ཀྱི་བླ་ཆེན་ཐམས་ཅད་འཛིན་བཟུང་བྱས། རྫོགས་ཆེན་རིན་པོ་ཆེ་སྐུ་དཀྲོང་ཞིང་། ཞེ་ཆེན་རབ་འབྱམས་རིན་པོ་ཆེ་བཙོན་དུ་ཚུད་པ་སོགས་བྱུང་བ་རེད། སྐབས་དེར་སྤྲུལ་རིན་པོ་ཆེ་ཁོང་དམིགས་བསལ་འཛིན་བཟུང་ཡང་མ་ཐེབས་ཀྱང་ཕྱུགས་མ་དགྲས་དེད་ཤུལ་གྱི་ལུ་གུ་བདག་མེད་ཅིག་ལྟར་བདག་པོ་བྱེད་མཁན་གྱི་མི་ཡང་གཅིག་ཀྱང་མ་བྱུང་བར་གཅིག་པུར་ལུས་པ་རེད། དེ་དུས་ཁོང་གཅིག་པུས་ལོ་ན་དེ་ཙམ་དུ་ཆུང་ན་ཡང་ཁོང་གིས་སྦྱོང་བཞིན་པའི་ཀར་གླིང་ཞི་ཁྲོའི་ཡི་གེ་པོད་ཆེན་ཞིག་ཡོད་པ་དེ་ཁུར་ན་ཕ་ཡུལ་གྱི་ཕྱོགས་སུ་བྲོས་ནས་ཕེབས་པ་རེད།
སྤྱིར་ཞེ་ཆེན་ནས་རྫ་ཆུ་ཁའི་དྲེལ་དཀར་དགོན་གྱི་བར་དུ་ཐག་རིང་པོ་དེ་འདྲ་མིན་ན་ཡང་། ལོ་བདུན་ཅུ་ལྷག་གི་སྔོན་གྱི་དུས་ཚོད་དེར་ཛ་དྲག་པའི་གཡུལ་འཁྲུག་གི་ཁྲོད་ནས་ཕྱི་ལོག་གི་འཇིག་རྟེན་ལ་ཆ་རྒྱུས་གང་ཡང་མེད་པའི་བྱིས་པ་ཆུང་ཆུང་ཞིག་འདི་ལྟར་ཉིན་ཞག་དུ་མའི་ལམ་དུ་ཁེར་བུ་མར་ཡོང་དགོས་པ་ནི་ཧ་ཅང་ཉེན་ཁ་དང་། དཀའ་ཚེགས་ཆེ་བའི་འགྲུལ་བཞུད་ཅིག་ཡིན་པ་དང་། བློ་སྟོབས་དང་ནུས་པ་ལམ་འགྲོ་བཅས་ཆེན་པོ་ཞིག་མེད་ན་ཧ་ཅང་དཀའ་བ་ཞིག་ཡིན་ངེས།
གང་ལྟར་ཁོང་ཕ་ཡུལ་དུ་བདེ་བར་འབྱོར་ཞིང་། མུན་ནག་གི་དུས་རིམ་དེ་དག་ཏུ་བྱ་མགར་བ་ཞེས་པའི་སྔར་གྱི་ཉེ་འབྲེལ་ཞིག་ཡོད་པའི་སར་བསྡད་དེ་ཕྲུ་གུ་དཀྱུས་མའི་ཚུལ་དུ་བཞུགས་ཡོད། སྐབས་དེར་ཁོང་བཞུགས་ས་ནི་ཁྲོམ་བཟའ་ཡུལ་ཚོའི་ཐོག་སྟེ། འགབ་མ་ཞམ་ཞེས་འབོད་ས་དེ་ཡིན་ཞིང་། དེར་ཞིང་ལས་པ་ཟེར་བའི་གཡས་གཡོན་གྱི་གྲོང་མི་དག་དང་མཉམ་དུ་གྲོ་མ་བརྐོ་བ་སོགས་ངར་རྩོལ་སྤྱིར་བཏང་བ་བྱས་ནས་འཚོ་བ་སྐྱལ་གནང་ཡོད། ངའི་ཨ་མ་ཡང་ཞིང་ལས་པའི་གྲས་ཡིན་ཞིང་། ཆུང་དུས་ནས་ཁྱིམ་ཚེས་རུ་སྐོར་ཡིན་སྟབས་སྐབས་དེའི་སྤྲུལ་རིན་པོ་ཆེའི་འཚོ་བའི་གནས་སྟངས་མང་པོ་བཤད་རྒྱུ་ཡོད། སྐབས་དེའི་ཞིང་ལས་པས་ས་རྒོད་སློག་ནས་ཞིང་ལས་ལ་ཚོད་ལྟ་བྱེད་མྱོང་འདུག་པས་མིང་དེ་འདྲ་ཐོག་པ་ཡིན་ནམ། དོན་ལ་ཞིང་ཁ་དངོས་གནས་ཤིག་ནི་ཡོད་མ་རེད།
རྒན་པ་དག་གིས་སྐབས་དེའི་ལོ་རྒྱུས་མང་པོ་གསུངས་པའི་ནང་ནས་གཅིག་ནི།་སྤྲུལ་སྐུ་ག་དུས་འཛིན་གྲྭར་འདེད་གྲབ་བྱས་ན་སྐུ་ལ་སྙུང་གཞི་དམིགས་བསལ་བ་ཞིག་བཞེས་ཀྱིན་ཡོད་ཅིང་། དེ་ཡང་། ན་ཁུལ་བྱས་པ་ཙམ་མིན་པར་ཞལ་མདངས་འགྱུར་བ་སོགས་དངོས་སུ་ནད་རྟགས་དེ་འདྲ་ཡོང་གི་ཡོད་པ་དང་། འཛིན་གྲྭར་འགྲོ་མི་དགོས་པར་གྱུར་པ་དང་སྙུང་གཞི་རང་བཞིན་གྱིས་དྭངས་འགྲོ་བ་ཞིག་ཡོད་རེད་ཟེར་ནས་ཡང་ཡང་ཤོད་དར།
དེ་ལ་ཡུལ་མི་ཁྱིམ་ཚེས་ཚོས་ལྷ་དང་སྲུང་མའམ། སྤྲུལ་རིན་པོ་ཆེ་རང་ངོས་ནས་འཐབ་འཛིང་ལས་གཡོལ་བའི་ཆེད་དུ་ཐབས་མཁས་ཀྱི་ཚུལ་བསྟན་པ་ཞིག་ཏུ་ངོས་འཛིན་བྱེད། ད་ཆ་བསམ་ན་ཁོང་འཛིན་གྲྭར་འདེད་པ་དང་། འཐབ་འཛིང་ཕོག་པ་སོགས་མ་བྱུང་བ་དེས་ཁོང་སྐུ་སྒེར་ངོས་ནས་རྐྱེན་ངན་ལས་གཡོལ་ཐུབ་པའི་དགེ་མཚན་ཞིག་ཡིན་པར་མ་ཟད། གལ་ཆེ་ཤོས་ནི་དེའི་བདག་རྐྱེན་གྱིས་ཁོང་ཉིད་སྐབས་དེའི་དྲན་པ་རྣལ་དུ་མི་གནས་པའི་མི་སྨྱོན་པ་དག་གིས་ཚུལ་མིན་གྱི་ལས་རྩོམ་ཡུལ་ཞིག་ཏུ་མ་གྱུར་པ་དང་། དེའི་དབང་གིས་རང་རེའི་བླ་སློབ་བར་གྱི་དམ་ཚིག་ལ་ཉམས་ཆག་མ་སོང་བ་ཞིག་བྱུང་ཡོད་པ་འདི་ཡང་དོན་དུ་ནི་རང་རེ་རྣམས་ལ་བཀའ་དྲིན་ཆེན་པོས་བསྐྱངས་པ་ཞིག་ཏུ་ངོས་འཛིན་ཆོག་པར་སྙམ།
གང་ལྟར་སྐབས་དེར་ཁོང་ལ་འཐབ་འཛིང་གཅིག་ཀྱང་མ་ཕོག་པར་མ་ཟད། ཡུལ་མི་སྡེ་དགོན་གྱི་བར་དུ་ཡང་དམ་ཚིག་ལ་གས་ཆག་ཡོང་མ་དགོས་པ་དེ་བྱུང་བ་དང་། དེ་ནི་ཕྱིས་སུ་སྐུ་ཚེ་ཧྲིལ་པོར་རང་རེའི་དགོན་པ་འདི་དང་སྡེ་པ་འདིའི་ནང་དུ་མཛད་པ་མཐར་ཕྱིན་ཞིང་། ད་ལྟའི་བར་དུ་ཡང་བླ་སློབ་ཀྱི་དམ་ཚིག་བཟང་པོ་འདི་ལྟར་རང་ཅག་གི་སྙིང་ལ་གཏན་དུ་གནས་ཐུབ་པ་བྱུང་བ་འདིའི་བཟང་ཕྱོགས་ཀྱི་རྟེན་འབྲེལ་མགོ་ནས་འགྲིག་པ་ཞིག་ཡིན་ངེས། དེས་ན་འདི་ནི་བླ་མ་དཀོན་མཆོག་དང་དཀར་ཕྱོགས་སྐྱོང་བ་རྣམས་ཀྱི་ཕྲིན་ལས་དང་བསྡོངས་གྲོགས་སུ་ངོས་འཛིན་བྱས་ནའང་ལོས་ཆོག
སྦས་པའི་རྣལ་འབྱོར་བ་ཆེན་པོ་སྒ་ཨ་མཆོད་སོགས་དེར་ཡོད་བླ་རྒན་དང་ཡུལ་མི་དག་གིས་ཀྱང་ལྐོག་ནས་ནི་སྤྲུལ་རིན་པོ་ཆེ་ཧ་ཅང་གུས་བཀུར་དང་བྱམས་པོ་ཞུ་གིན་ཡོད་འདུག་ལ། དེ་ལྟར་ཤིང་ཆེན་པོ་རླུང་གིས་བསྐྱོད་ན་གཅིག་སྐྱབས་སུ་གཅིག་གྱུར་པའི་དཔེ་ལྟར་དཔོན་སློབ་ཕན་ཚུན་གཅིག་གྲོགས་སུ་གཅིག་གྱུར་པའི་ཐོག་ནས་དུས་ངན་དེ་སྐྱེལ་ཐུབ་པ་བྱུང་ཞིང་། རིམ་གྱིས་སྤྲིན་ལས་གྲོལ་བའི་ཟླ་བ་ལྟར་ལྷང་ངེར་མངོན་པ་ཡིན།
དེ་ནས་བཅོས་བསྒྱུར་སྒོ་འབྱེད་མགོ་ཚུགས་རྗེས་ཞིང་ལས་པ་དེ་ཚོ་འབྲོག་པའི་ནང་ལ་ཡར་ཆ་བགོས་བྱས་པ་འདྲ། གང་ལྟར་ཡུལ་ཚོའི་ཐོག་གི་མི་ཚང་ཕལ་ཆེ་བ་ཡར་འབྲོག་ཁུལ་དུ་ཆ་བགོས་བྱེད་སྐབས་ང་ཚོའི་ཉེ་དུ་མང་ཆེ་བ་ཕྱོགས་གཅིག་ལ་རུ་ཁག་གཉིས་པའི་ནང་དུ་ཆ་བགོས་བྱས་ཡོད་ལ། སྤྲུལ་རིན་པོ་ཆེ་ལ་སྒེར་གྱི་ནང་མི་དངོས་ཤིག་མེད་ན་ཡང་། དེ་མིན་ཁོང་དང་འབྲེལ་བ་དམིགས་བསལ་ཡོད་པའི་ཉེ་འབྲེལ་ཡོན་བདག་གལ་ཆེ་བ་དག་དང་ཁོང་ཡང་རུ་ཁག་དེའི་ཁོངས་སུ་ཕེབས་འདུག དེ་ནས་སྟོང་ལོ་གསར་པའི་གཡས་གཡོན་ལ་ས་བསྐྱར་བགོ་མ་བྱས་བར་ཁོང་མཉམ་ལས་གཉིས་པ་ཚང་གི་ཁོངས་སུ་བཞུགས་པ་ཡིན་སྟབས་ང་ཚོ་རུ་ཁག་གཅིག་པ་རེད།
ང་ཆུང་དུས་ཕལ་ཆེར་བསམ་ངོགས་ཟིན་ཙམ་ནས་ང་ཚོས་སྤྲུལ་རིན་པོ་ཆེ་རྟག་པར་མཇལ་ཐུབ་ཀྱི་ཡོད་ཅིང་། དེ་དུས་ང་ཚོས་ཁོང་ལ་ཨ་ཁུ་འཕྲིན་རྣམ་ཞུ། ཁོང་གི་བཞུགས་ས་ནི་ཡོད་དར་གོང་མའི་གནམ་མཐིལ་ཁ་རེད། སྐབས་དེར་གྲྭ་ཆས་གྱོན་ཆོག་ཙམ་གྱི་དུས་ཡིན་པ་འདྲ་མོད། ཁོང་གིས་གོས་ཚར་སེར་པོ་དེ་འདྲ་ཅུང་རིང་པོ་ཞིག་མནབས་ནས་ཕེབས་ཀྱི་ཡོད། ཁོང་ཆིབས་རྟ་གཞོན་སྐབས་དབྱར་དུས་སོགས་སུ་ཕི་ལང་ཀོ་ཞྭ་དཀར་པོ་ཞིག་མནབས་རྒྱུ་ཡོད།
མནམ་མཐིལ་ཁ་ནི་ཡོད་དར་གོང་མའི་སྐེད་པ་ནས་ཡར་རྐང་འགྲོས་ཀྱིས་རི་ངོགས་སུ་འཛེགས་ཏེ་ཕྱིན་ན་ཆུ་ཚོད་གཉིས་ཙམ་དགོས་སའི་རི་ངོགས་མཐོ་ས་ཞིག་རེད། དེར་ཡང་ཉིན་སྲིབ་དང་རྩ་ས་ཡག་པོ་ཡོད་པ་ཞིག་ཡིན་པས་སྤྲུལ་སྐུའི་གཟིམ་ཁང་དང་དེའི་གཡས་གཡོན་གྱི་ས་ཆ་ངེས་ཅན་ཞིག་མཉམ་ལས་གཉིས་པ་(སྔར་གྱི་འབོད་སྲོལ་རྙིང་པ)ཚང་གིས་ཁོང་ལ་ཕུལ་ཡོད་ཅིང་། དེ་ནི་ཁོང་ལ་ཡུལ་མི་ཚོས་ཕུལ་བའི་སྤྲུལ་སྐུའི་ཆིབས་རྟ་རྒྱག་ས་ཡིན། ཁོང་ནི་སྡེ་པ་ཡོངས་ཀྱིས་འཕོ་རྟ་འབུལ་ཡུལ་ཨང་དང་པོ་ཡིན་པས་སྤྲུལ་སྐུ་ལ་རྟ་ཅུང་ཟད་མང་པོ་ཡོད་པ་རེད། རྟ་རབ་འགྲོས་མ་དེ་འདྲ་ཡང་ཡོད་པ་རེད། ཡིན་ན་ཡང་། གཞན་པ་ཚོ་ནང་བཞིན་རྒྱུག་རྟ་དང་གོམ་རྟ་ཉར་བ་དེ་འདྲ་མ་རེད། དད་ལྡན་གྱིས་ཕུལ་བཞག་པ་ཙམ་རེད་ལ། བླ་མ་མར་པས་གསེར་སྒྲུབ་པ་ནང་བཞིན་གོ་སྐབས་ནམ་བྱུང་ན་བཙོངས་ནས་དེ་སྒོར་མོར་བསྒྱུར་ཏེ་རྟེན་བཞེངས་དང་དགེ་ལས་གནང་རྒྱུ་རང་རེད།
མ་གཞི་ཁོང་ནི་ད་ཆ་བསམ་ན་གཞན་དང་ཡེ་མི་འདྲ་བ་ཞིག་ཡོད་པ་རེད་འདུག
གཅིག ༽ཁོང་རྟེན་རབ་བྱུང་མ་ཡིན་པས་དགའ་རོགས་ཡོད་པ་རེད་ལ། ཁོང་ལ་སྐུ་སྲས་ཀྱང་ཡོད་པ་རེད། ཡིན་ན་ཡང་ཁོང་སྐུ་ཚེ་ཧྲིལ་པོར་གཉེན་སྒྲིག་གནང་མེད་ལ། ཁོང་གིས་གཤིན་གསོན་གྱི་ཕྱག་རྫས་དག་བུད་མེད་དང་ཁྱིམ་ཚང་གི་ཆེད་དུ་གཏན་ནས་བཏང་མེད་པར་མ་ཟད། ཤིན་ཏུ་ཉག་ཕྲ་བའི་བསྟན་པ་ཡང་དར་གྱི་མགོ་སྟོད་ཀྱི་དུས་རིམ་དེར་རང་དགོན་དང་ཞེ་ཆེན་དགོན་པ་གཉིས་ཆར་ལ་བསྟན་པའི་རྩ་བ་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་དབྱར་གནས་སོགས་སྔོན་གྱི་རྒྱལ་སྲས་གཞན་ཕན་མཐའ་ཡས་ཡབ་སྲས་ཀྱི་ཕྱག་བཞེས་དང་མཐུན་པར་འཛུགས་རྒྱུར་ཐུགས་རྩོལ་དང་བདག་རྐྱེན་ཆ་ཚང་གནང་མཁན་ཞིག་ཡིན།
གཉིས།༽ ཁོང་ལ་རྟ་བཟང་པོ་མང་པོ་ཡོད་པ་རེད་ལ། རྟ་གཞོན་རྒྱུར་ཡང་ཐུགས་མཉེས་པོ་ཡོད། ཡིན་ན་ཡང་རྟ་ཚང་མ་ཆོས་ཕྱོགས་འབའ་ཞིག་ལ་བཏང་བ་ལས་ཆེད་དུ་གཅེས་འཛིན་གནང་བ་ནི་གཅིག་ཀྱང་མེད་པ་ཡིན། ཁོང་ཕྱི་ལོགས་སུ་འབུལ་བསྡུད་དུ་མི་ཕེབས་པ་དང་། དུས་ཕྱིས་ཀྱང་སྨན་བཅོས་རེའི་ཆེད་རྒྱ་ཡུལ་དུ་ཕེབས་པ་མ་གཏོགས་ཆེད་དུ་རྒྱ་བླ་ནི་མ་གནང་། མཚམས་ལ་བཞུགས་པའི་སྐབས་ཚང་མ་ལ་འབུལ་བ་གཏན་ནས་མི་བཞེས། འོན་ཀྱང་། རྟེན་བཞེངས་སོགས་གང་འདོད་ཀྱི་གནང་སྒོ་དག་ལ་འགྲོ་སོང་གིས་ཐོགས་པ་མེད་ཅིང་ཐུགས་བཞེད་མཐའ་དག་དཀའ་ལས་ཆེན་པོ་རྒྱག་མཁན་གྱི་བླ་མ་སྤྲུལ་སྐུ་གཞན་པ་ཚོ་ལས་ཧ་ཅང་ལས་སླ་པོས་འབད་མེད་དུ་སྒྲུབ་ཐུབ་མཁན་ཞིག་ཡིན།
གསུམ།༽ ལར་ཁོང་ཤ་གསོལ་རྒྱུར་ཐུགས་མཉེས་པོ་ཡོད་མཁན་ཞིག་ཡིན་ལ། (དུས་ཕྱིས་ཧ་གོ་མ་སོང་མ་གཏོགས། ) སྔར་ཡིན་ན་ཤ་གསོལ་གྱིན་ཡོད་པ་རེད། ཡིན་ན་ཡང་། ཁོང་ནི་མི་ལོ་སུམ་ཅུའི་སྔོན་ནས་རང་ཡུལ་དུ་བླ་རྒན་དཔོན་གཡོག་གཉིས་ཀྱིས་ཆུ་གཏོར་དང་གསུར་བསྔོས་ཞིག་འདོན་ས་ཡན་ཆད་ལ་མདོར་ན་དགེ་འདུན་པ་མཆོད་གནས་སུ་གདན་འདྲེན་ཆེད་བསྔོས་ཤ་གཏན་ནས་འདྲེན་མི་ཆོག་པར་བཟོས་ནས་གཏན་འགོག་གནང་མཁན་གྱི་ལས་འགུལ་བ་ཆེས་ཐོག་མ་དེ་ཡིན།
བཞི།༽ ད་དུང་ཁོང་ནི་སྤྱི་ཚོགས་རྙིང་པར་ཆབ་སྲིད་དང་འཇིག་རྟེན་གྱི་རྒྱབ་ལྗོངས་དམིགས་བསལ་གང་ཡང་མེད་པའི་ཐོག་ནས་ངོས་འཛིན་ཚད་ལྡན་གནང་བའི་ཆེས་རྩོད་མེད་ཀྱི་སྤྲུལ་སྐུ་ཞིག་ཡིན་ན་ཡང་། ཁོང་གིས་རང་གི་རྩ་བའི་བླ་མ་དིལ་མགོ་མཁྱེན་བརྩེ་རྡོ་རྗེ་འཆང་ལ་ང་ལ་སྤྲུལ་སྐུ་ཞིག་ཡིན་པའི་རྟགས་གང་ཡང་མི་འདུག ང་ལ་འདིའི་མིང་འདི་མི་འོས་པ་འདྲ་ཞེས་ཡར་ཞུ་དང་དོགས་སློང་བྱེད་མྱོང་མཁན་གྱི་སྤྲུལ་སྐུ་ཞིག་ཀྱང་ཡིན།
ལྔ་།༽ ད་དུང་ཁོང་ནི་གཞུང་ལུགས་སློབ་གཉེར་གྱི་གོ་སྐབས་གཏན་ནས་ཐོབ་མ་མྱོང་མཁན། ཁ་ཐུག་ཞུས་ན་དཔེ་ཆ་མི་ཤེས་མཁན་གྱི་དགོན་བདག་བླ་མ་ཞིག་རེད། ཡིན་ན་ཡང་། མཛད་སྤྱོད་ཚང་མ་ཆོས་དང་མཐུན་པར་མ་ཟད། ཁོང་གི་སྐུ་ཚེ་ཧྲིལ་པོར་བཤད་གྲྭ྄་གསར་བཞེངས་དང་སློབ་གཉེར་བ་བསྐྱེད་སྲིང་སོགས་ཀྱིས་ཐོས་བསམ་བསྒོམ་གསུམ་ཡ་མ་བྲལ་བའི་འདུས་སྡེ་ཞིག་འཛུགས་རྒྱུར་སྐུལ་འདེད་དང་ཕྱག་ལས་འབའ་ཞིག་གནང་མཁན་ཞིག་ཡིན།
དྲུག༽ ཁོང་ལ་དྲེལ་དཀར་ལྷ་སྡེ་མི་སྡེ། དགེ་གོང་ལྷ་སྡེ་མི། རྒྱལ་བ་ཞེ་ཆེན་པ་དང་བཅས་པས་དེ་ལྟར་གུས་བརྩི་དང་ཆ་འཇོག་གནང་བར་མ་ཟད། དྲེལ་དཀར་དགོན་པའི་བསྟན་པ་ཡོངས་སུ་རྫོགས་པའི་དོན་གྱི་བདག་པོ་ཡིན་ན་ཡང་། བསྟན་བདག་དང་དབུ་འཛིན་གྱི་མིང་ལས་གཡོལ་གང་ཐུབ་ཀྱིས་མིང་དང་གོ་སའི་རྗེས་སུ་གཏན་ནས་མི་རྒྱུག་མཁན་དང་། གལ་ལ་ཐུག་དུས་དང་གནད་འགག་གི་སྐབས་སུ་ནུས་པ་ཡོངས་རྫོགས་འདོན་གནང་མཁན་གྱི་མཐའ་གཉིས་སུ་མ་ལྷུང་བའི་བསམ་བློའི་དབུ་འཛིན་དངོས་ཤིག་ཡིན།
དེས་ན་རྒྱུ་མཚན་འདི་དག་གི་ཐོག་ནས་བསམ་ན། བླ་མ་འདི་ནི་དངོས་གནས་དེང་སང་སྐྱེས་ཆེན་ཚོས་བཀའ་བཀྱོན་གནང་ཡུལ་དུ་གྱུར་པའི་དགོན་དཔོན་དུ་སྐད་པ་དག་དང་གཏན་ནས་མི་འདྲ་བའི་ཆེས་དམིགས་བསལ་ཅན་གྱི་དགོན་དཔོན་ཞིག་རེད་མི་འདུག་གམ།
ཡུལ་དགོན་གང་ན་ཡང་ཁོང་ལ་མི་སྐྲག་མཁན་དང་མི་རྩི་མཁན། མི་དད་མཁན་མེད་པར་མ་ཟད། རྫ་ཆུ་ཀླུང་སྔོན་མོའི་ཆ་རྒྱུད་འདི་ནས་ཤེས་མཁན་གོ་མཁན་ཚང་མས་ཁྲོམ་བཟའ་སྤྲུལ་སྐུ་འཕྲིན་རྣམ་ཟེར་དུས་། བསྟོད་པའི་མཐེ་བོང་སྦྲེངས། གུས་པའི་ཐལ་མོ་སྦྱོར་བ་ཞིག་བྱུང་བ་འདི་ཡང་འདི་འདྲ་ཞིག་མིན་ན་གང་ཡིན།
འོ་རེད། ད་ངས་ང་རང་ཆུང་དུས་སྐབས་ཀྱི་གནས་སྟངས་ཆ་ངེ་ཆུང་ངེ་འགའ་རེ་དྲན་གསོ་ཞིག་བྱས་ན།
ང་ཚོ་ཆུང་ཆུང་ལོ་བཅུ་གཡས་གཡོན་ན་ཡོད་སྐབས་གནམ་འཐིལ་ཁ་གཡས་གཡོན་ལ་རྫིའུར་འགྲོ་གིན་ཡོད། ང་ཚོས་སྐབས་སྐབས་སྤྲུལ་སྐུའི་རྩྭ་ར་ནང་ལ་ཟོག་ཤོར་འགྲོ་མིན་སེམས་ཁྲེལ་བྱེད་ཀྱི་ཡོད། སྤྲུལ་སྐུའི་ཁང་སྲུང་དང་གཉེར་བ་ཇ་མ་ཚང་མ་ཡིན་པའི་ཁྲོམ་ཐོག་(བླ་བདེ་)ཞུ་བྷོ་དང་། ད་དུང་ཨ་ཁུ་ཨུ་རྣམ་སོགས་ཀྱིས་ང་ཚོ་ཕྲུ་གུ་དག་གིས་ཟོག་རྩ་ར་ནང་ཤོར་སོང་ན་ཀུ་བརྒྱབ་ནས་འབོད་ཤར་བྱེད་དར། ཡིན་ན་ཡང་། ཁོང་ཚོ་ཚང་མ་ང་ཚོའི་སྤུན་ཉེ་དུ་དང་། མིན་ན་ཡང་ཁྱིམ་ཚེས་དང་མཉམ་སྐྱེ་མཉམ་སྒུར་བྱས་པའི་མི་དེ་འདྲ་ཡིན་པ་དང་། མི་ཡང་བཟང་པོ་ཤ་སྟག་ཡིན་པས་ཉེ་འཁོར་གྱི་ཡུལ་མི་ལ་ཕྱོགས་ལྷུང་དང་ཉེ་རིང་གིས་གཉའ་ནོན་བྱས་པ་ལྟ་བུ་དེ་འདྲ་ནམ་ཡང་ཡོད་མི་སྲིད། རྩྭ་ར་དེ་ཡང་ང་ཚོས་ཡར་ཕུལ་བ་ལས་ཡུལ་མི་ལས་བཙན་གྱིས་དབང་ཡོད་བྱས་ནས་ས་བཟུང་བསྡད་པ་དེ་འདྲ་མ་རེད། མ་ཟད། ང་ཚོ་ཡང་མཚམས་མཚམས་སྤྲུལ་སྐུའི་གཟིམ་ཁང་ནང་ལ་འགྲོ་དུས་ཀྱང་སྤྲུལ་སྐུ་མ་བཞུགས་ན་ཡང་ཁང་སྲུང་དང་གཉེར་བ་ཚོས་ང་ཚོར་ཇ་འདྲ་བླུད་དེ་དགའ་དགའ་སྤྲོ་བྱས་ནས་ཕྱིར་མངགས་གི་རེད།
ཡང་ངས་ལོ་བཅུ་ལ་ཟིན་མ་ཟིན་དེ་འདྲ་ནས་སྤྲུལ་སྐུའི་གཟིམ་ཁང་མཐོང་ས་ཙམ་སྟེ། གནམ་མཐིལ་སྲིབ་ཤར་གོང་མའི་མཐོ་ས་དེ་ནས་ཞྭ་ཕུད་ནས་རྒྱང་རིང་པོ་ནས་གཟིམ་ཁང་ལ་ཁ་གཏད་ནས་ཕྱག་འཚལ་བ་དེ་འདྲ་དྲན་གྱི་འདུག དེ་དུས་ཆུང་ཆུང་ཡིན་ཡང་སྤྲུལ་རིན་པོ་ཆེ་ཡིན་དང་ཡིན། ཁོང་གི་གཟིམས་ཁང་ཡང་ང་ཚོ་ཚང་མའི་ཡུལ་གྱི་མཆོད་སྡོང་ལྟ་བུར་བརྩི་བ་རེད། དེ་ལྟ་བུའི་དད་གུས་དང་དུང་བ་དེ་ཡང་ང་གཅིག་པུར་ཡོད་པ་ཞིག་མ་རེད། ང་ཚོ་ཕྲུ་གུ་ཚོས་ཀྱང་ཟོག་རྫིར་འགྲོ་ས་ནས་སྤྲུལ་སྐུའི་གཟིམ་ཁང་མཇལ་བ་ན་ཞྭ་འཕུད་པ་ནི་རྒྱུན་ལྡན་ཡིན། མ་ཟད་མཁན་པོ་ཀུན་དཔལ་ནི་མཁན་ཆེན་ཞི་བ་འཚོའི་རྣམ་སྤྲུལ་ཡིན་པར་ཡིད་ཆེས་བྱེད་ཅིང་། མཁན་ཆེན་ཞི་བ་མཚོ་ནི་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་ཡིན་པས་ང་ཚོའི་ཡུལ་མི་ཚོས་སྤྲུལ་རིན་པོ་ཆེ་དེ་དོན་ལ་མཁན་ཆེན་བྷོ་དྷི་ས་ཏྭ་དང་གསང་བདག་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན་སྙམ་པའི་ཡིད་ཆེས་ཡོད་པ་རེད།
དེ་ཡང་མཁན་པ་ོཀུན་དཔལ་གྱི་རྣམ་ཐར་དུ་ཁོང་ཤར་ཀཿ་ཐོག་གི་བཤད་གྲྭ་གསར་པར་མི་ཕམ་རིན་པོ་ཆེའི་སྐུ་ཚབ་གནང་ནས་མཁན་པོ་མཛད་དེ་བཞུགས་སྐབས་ཀྱི་གཟིགས་སྣང་འདྲ་མིན་དང་། དེ་ནས་བླ་མ་མི་ཕམ་ཚང་གིས་དབུ་མ་རྒྱན་གྱི་རྣམ་བཤད་དུ་དྲངས་པའི་མཁན་ཆེན་གྱི་སྐྱེ་རྒྱུད་དང་འབྲེལ་བའི་མཆོག་གླིང་གི་གཏེར་བྱོན་གྱི་གཏེར་ལུང་སོགས་འདིའི་ཁུངས་ཡིན་པ་འདྲ། གང་ལྟར་ང་ཚོས་དུས་དང་གནས་སྐབས་ཐམས་ཅད་དུ་གསོལ་བ་འདེབས་ས་དེ་ཡིན་དར།
འོ་རེད། ད་ལྟ་བཤད་པའི་སྤྲུལ་སྐུ་ལ་དབང་བའི་རྩྭ་ར་དེའི་ནང་གི་རྟ་དེ་ཚོ་བརྒྱད་ཅུ་གྱ་གྲངས་ནང་ནས་ཁོང་གིས་ཞེ་ཆེན་དགོན་དུ་དབྱར་གནས་འཛུགས་པ་དང་། དེ་བཞིན་རང་དགོན་དུ་བཤད་གྲྭ་སྒྲུབ་གྲྭ་འཛུགས་པ། ཚོགས་དུས་མཆོད་ལ་སྤྱི་པ་གནང་བ། རང་དགོན་དུ་དབྱར་གནས་དང་སྤྱོད་འཇུག་གསར་འཛུགས། ཞེ་ཆེན་དུ་བཀའ་མའི་སྒྲུབ་མཆོད་སླར་གསོ་གནང་བ་སོགས་འབྲེལ་ཡོད་གལ་ཆེའི་ཕྱག་ལས་དང་དགོས་མཁོ་གང་ཡོད་ཀྱི་ཆེད་དུ་རེ་རེ་བཞིན་གཏོང་གནང་གིན་ཡོད་པ་རེད།
དེ་ཡང་ཞིབ་ཏུ་བཤད་ན། སྤྲུལ་སྐུས་ཐོག་མར་སྤྱི་ལོ་༡༩༨༢ ལོར་རང་དགོན་དུ་དཔའ་ཐུལ་སུམ་ཅུ་དང་ཚེས་བཅུའི་དངོས་གཞིའི་འཆམས་དང་དུས་མཆོད་སོགས་ཚུགས་སྐབས་དང་། རང་བྱུང་བཅུ་བདུན་པའི་ལྕགས་ཕོ་རྟའི་ལོར་རང་དགོན་དུ་བསྟན་པའི་རྩ་བ་དབྱར་གནས་གསར་འཛུགས་གནང་བ་སོགས་དགོན་པའི་རྟེན་དང་རྟེན་པའི་བསྐྱར་བཞེངས་ཀྱི་དུས་ཚོད་རེ་རེ་ལ་སྤྲུལ་སྐུ་ཁོང་ལ་ཡོད་པའི་དངོས་པོ་ཚང་མས་མཆོད་ཆས་དང་ཀ་འཕན་འཆམ་གོས་དང་ཞལ་འབག་སོགས་ཉོས་ནས་དགོན་པར་འཇོག་གནང་ཡིན་ཡོད་ལ། འདུ་ཁང་དང་འཆམ་ར། དུས་མཆོད་དང་རྒྱན་གོས་སོགས་དགོན་པའི་ཕྱི་ནང་གསང་གསུམ་གྱི་བསྐྱར་བཞེངས་དང་སླར་གསོའི་ལས་གཞི་གང་ལ་ཡང་སྤྲུལ་སྐུ་རིན་པོ་ཆེས་མཉམ་ཞུགས་མ་གནང་བ་དང་ཞལ་འདེབས་མ་ཕུལ་བ། ཐུག་འགན་མ་བཞེས་པ་ཞིག་ཕལ་ཆེར་མེད་པ་ལྟ་བུ་ཡིན།
སྐབས་དེ་ཤེད་དུ་དགུན་ཁ་ངེད་མ་བུའི་རུ་ངན་འདྲ་བོ་དེ་ཡང་གནམ་མཐིལ་མདོ་ཐད་རང་གི་ཉིན་ངོས་དེར་ཡོད་པས། སྤྲུལ་སྐུའི་བླ་བྲང་ནས་མར་མདོར་བུད་ནས་རྟ་ཁལ་ལ་ཅ་ལག་བཀལ་ནས་དགོན་ནང་དུ་འགྲོ་བཞིན་པ་དེ་འདྲ་དུས་རྒྱུན་དུ་མཐོང་གིན་ཡོད། དེ་དུས་བྱིས་པ་ཡིན་ཡང་ད་དུང་ཡང་དྲན་ངོགས་ན་སྣང་བརྙན་དེ་དག་གསལ་པོར་འདུག
སྐབས་དེར་དྲེལ་དཀར་དགོན་པ་ནི་ནང་ངན་དང་འཚང་སྡུག་ཡིན་པའི་ངན་གྲགས་ཡོད་པ་ཞིག་ཡིན་པ་དང་། གྲྭ་ཚང་གི་ནང་ལ་ཡང་ཡུན་རིང་ཙམ་གྱི་བར་དུ་རྙོག་གླེང་ཡོད་བསྡད་པ་ཞིག་རེད། ཡིན་ན་ཡང་། སྤྲུལ་རིན་པོ་ཆེ་ནི་ཐོག་མཐའ་ཀུན་ཏུ་མིག་གཉིས་བར་གྱི་གདོང་བ། ཆུ་གཉིས་བར་གྱི་ཟམ་པ་རང་གནང་ཞིང་། ཁོང་གིས་རང་ཉིད་ཀྱིས་གང་གནང་ཐུབ་པ་དེ་ཁོ་ནས་བསྟན་པའི་དོན་མཛད་པ་ལས་གཞན་ཐོག་མཐའ་ཀུན་ཏུ་གཡས་གཡོན་གང་ལ་ཡང་ཕྱོགས་ལྷུང་གི་གཏམ་སྤྱོད་གཏན་ནས་མི་མངའ་བས་ཁོང་གི་སྐུ་དྲིན་གྱིས་དགོན་པ་འདི་ཉིད་ཐུན་མོང་གི་རྟེན་གཞི་ཡོད་པ་ཞིག་ཏུ་གྱུར་ཡོད།
ངའི་ཕ་དང་ཁུ་བོ་སོགས་ཀྱང་སྤྲུལ་རིན་པོ་ཆེ་དང་ཆུང་ནས་མཉམ་དུ་ཚར་ཞིང་ཚང་མ་ཕ་སྤུན་མ་སྤུན་གྱི་སྐུ་མཆེད་དུ་འགྲོ་གིན་ཡོད་འདུག་པ་དང་། ཁོང་གི་ནང་གི་ལྕམ་སྲིང་མ་གསུམ་དང་དེ་དག་གི་བུ་རྒྱུད་དག་དང་ཡང་ང་ཚོ་ནི་ནང་གཅིག་པ་ལྟ་བུའི་ཉེ་བོ་དང་འཆམ་པོ་དེ་འདྲ་ཡིན་ན་ཡང་། ངའི་མཐོང་ཡུལ་དུ་གྱུར་པའི་སྤྲུལ་སྐུ་ཁོང་ནི་མིི་སུས་ཀྱང་སྒྱུར་ཏུ་བཏུབ་པ་དང་། སྒེར་གྱི་དགའ་མིན་དགའ་འདོག་གི་གཏམ་ལ་གསན་མཁན། གཞན་གྱི་བཀོད་བྱུང་དང་ཐེ་གཏོགས་ཀྱིས་ཤུགས་རྐྱེན་ཐེབས་ས་ཞིག་གཏན་ནས་ཡིན་མི་དར།
མཐོང་སྣང་ལ་ཡང་གཟི་བརྗིད་ཆེན་པོ། ཐུགས་སྒམ་པོ། བཀའ་བཀྱོན་སོགས་གནང་མི་དགོས་པར་རང་བཞིན་གྱིས་གཞན་ཟིལ་གྱིས་ནོན་པའི་ཡོན་ཏན་ཆེན་པོ་མངའ་བ་ཞིག་ཡིན། ང་ཚོ་དགོན་པའི་འཚོགས་པ་དང་རུ་པའི་ཚོགས་ཐོག་གང་འདྲ་ཞིག་ཏུ་ཡང་གྲྭ་པ་བརྒྱ་ཡས་མས་ཡོད་པ་དེ་འདྲ་དག་ཏུ་ཡང་གལ་ཏེ་སྤྲུལ་སྐུ་དབུ་བཞུགས་ཡིན་པ་གོ་ན་གཞན་བླ་སྤྲུལ་དགེ་བསྐོས་སུ་ཞིག་གིས་བརྒྱ་སྟོང་ལབ་པ་ལས་སྤྲུལ་སྐུ་ཐག་ཉེ་ན་ཡོད་པ་ཙམ་གྱིས་ཚང་མ་ལྷོད་ཤིག་གེར་ཁི་སིམ་སིམ་ངང་འདུག་པ་དང་། སེམས་ལ་དགའ་དད་བརྩེ་གསུམ་དང་འདྲེས་པའི་རང་བཞིན་གྱིས་རྩི་བཀུར་དང་འཇིགས་སྣང་ཁྱད་པར་བ་ཞིག་ཡོང་དར།
ཨ་ཅང་ཅང་། ཁོང་གིས་དགོས་ངེས་ལ་ཕན་འདོགས་དང་བརྩེ་གཟིགས་ངེས་ཅན་རེ་གནང་ན་ཡང་ཐལ་དྲགས་པ་གཏན་ནས་མི་གནང་། ཉེ་འབྲེལ་དང་སྲས་སྐུ་ཚ་སོགས་ལ་ཁོང་སྐུ་སྒེར་གྱི་ཕྱག་རྫས་ཀྱིས་རྒྱས་སྤྲོས་གཏན་ནས་བྱེད་དུ་མི་འཇུག ཁོང་གི་གཉེར་པ་ཡང་ད་ཆ་བསམ་ན་གླ་ཆ་ཙམ་ཡང་མེད་པ་དང་ཁོང་གི་ཕྱག་རྫས་སྒེར་གྱིས་རྒྱས་སྤྲོས་ཀྱི་བེད་སྤྱོད་སོགས་བྱེད་པའི་དབང་ཆ་གང་ཡང་མེད་མཁན་གྱི་རང་འདུན་པ་ཙམ་ཞིག་རེད་འདུག དེའི་སྐབས་སུ་བླ་བྲང་ཟེར་ན་ཡང་སྤྲུལ་སྐུ་དང་གཉེར་བ་ཞི་བྷོ། ད་དུང་འཆམ་གོས་ཡོ་བྱད་བཟོ་མཁན་སོགས་ཀྱི་དུས་ངེས་མེད་དུ་དེར་བསྡོད་མཁན་གྱི་བཟོ་བ་དང་མྱི་རྐྱང་འདྲ་འགའ་རེ་ཡོད་ན་མ་གཏོགས་དེ་མིན་སྒེར་ངོས་ནས་ཧ་ཅང་ཉམ་ཆུང་བའི་རི་ཁྲོད་པ་རང་ཞིག་སྟེ། ཧ་ཅང་སྟབས་བདེ་ཡིན་པ་རེད།
དེང་གི་གཉེར་པ་དག་ནི་བླ་མའི་ཕག་ན་རང་ཉིད་ཕྱུག་པོར་མངོན་ཐབས་བྱེད་པ་མང་པོ་རེད། སྔར་ནས་ད་བར་དེ་འདྲའི་ལོ་རྒྱུས་མང་པོ་ཡོད་པ་ཚང་མས་ལོས་ཤེས། ཡིན་ཡང་སྤྲུལ་རིན་པོ་ཆེས་ཁོང་གི་གཡས་གཡོན་གྱི་མི་དག་ལ་དེ་འདྲའི་གོ་སྐབས་ནམ་ཡང་བསྐྲུན་མེད་པ་འདི་ཡང་ང་ཚོར་མཚོན་ན་མིག་དཔེར་འོས་པ་ཞིག་ཡིན་ངེས། སྔོན་བྱོན་དམ་པའི་རྣམ་ཐར་རྗེས་འཇུག་སྐྱེ་བོའི་ཉམས་ལེན་ཟེར་བ་ཡིན་དུས། ཐོན་ན་མ་ཐོན་ན་གང་ལྟར་མ་མཐའ་ཡང་ཁོང་གི་མཛད་པ་དེ་ཚོ་ང་ཚོའི་མིག་དཔེ་ལྟ་ས་དང་བསམ་བློ་གཏོང་སའི་གཞི་གལ་ཆེན་པོ་ཞིག་ཡིན་སྙམ་པའི་ངོས་འཛིན་ཙམ་རེ་མ་བརྗེད་པ་བྱ་དགོས།
ང་ཚོས་གཡས་གཡོན་གྱི་རྫ་ཆུ་ཁའི་བླ་མ་གཞན་པ་ཚོའི་བླ་བྲང་མང་པོ་ཞིག་ལ་བླ་མའི་ཕྱག་རྫས་ཀྱིས་བསྐྱེད་པའི་བུ་མོ་ཚོར་གཟི་བྱུར་སྤོས་གསུམ་གྱི་རྒྱན་ཆ་དང་། རླངས་འཁོར་རྫིག་པོ། གཅེས་ཕྲུག་སྣང་བ་མཐོན་པོ་ཅན་ཡོད་པ་དེ་འདྲའི་སྣང་ཚུལ་ཡོད་ན་ཡང་། སྤྲུལ་རིན་པོ་ཆེའི་ནི་ཕྱག་རྫས་གང་ཡོད་པ་ཆོས་ཕྱོགས་ཁོ་ན་ལ་བཏང་བ་ཡིན།
སྐབས་དེར་བོད་ལ་དེང་སང་ནང་བཞིན་རྒྱ་ཡུལ་དུ་ཕེབས་ནས་དཀོར་གདུལ་བྱ་འབེལ་འབེལ་ལྷུག་ལྷུག་ཏུ་ཡོང་བ་དེ་འདྲ་ཡང་མེད། ཡང་འགའ་ཞིག་ཕྱི་ལོག་གི་ས་ཆ་ཆུ་དམར་ལེབ་དང་མགོ་ལོག་སོགས་ཀྱི་འབྲོག་སྡེ་ཆེན་པོ་གཞན་དག་གི་ས་ཆར་འབུལ་སྡུད་དུ་འགྲོ་གིན་ཡོད་ན་ཡང། སྤྲུལ་རིན་པོ་ཆེ་ནི་དེ་དག་ཏུ་ཡང་ཐེངས་མ་གཅིག་ཙམ་ཡང་ཕེབས་མེད། དེ་ནས་འབད་རྩོལ་མེད་པར་ངང་གིས་གང་བྱུང་བ་ཙམ་ཞིག་ལ་རྟེན་ནས་ཤིན་ཏུ་རྣམ་པར་དག་པའི་ཡང་དག་པའི་འཚོ་བས་བཤད་སྒྲུབ་ཀྱི་བཞེངས་སྐྲུན་སོགས་གནང་ཡོད་པ་ཡིན་ཏེ། འདི་ཡང་རྒྱུས་ཡོད་དག་གིས་ཞིབ་ཏུ་བསམ་ན་གཞན་དང་གཏན་ནས་མི་འདྲ་བ་ཞིག་ཡོད།
དེ་ཡང་ཐོག་མར། སྐལ་བ་ས་འབྲུག་གི་ལོར་དྲེལ་དཀར་སྒྲུབ་གྲྭ་པད་དཀར་ལྷ་སྔགས་གླིང་གཞི་བཏིང་ཞིང་། ལྕགས་རྟའི་ལོར་དངོས་སུ་ལེགས་འགྲུབ་ཀྱིས་ཆོས་སྟོན་བཞག་པར་མ་ཟད། ལོ་དེར་ཆེས་ཐོག་མའི་སྒྲུབ་གྲྭའི་མཚམས་པ་བཅུ་གསུམ་གྱིས་སྒྲུབ་དཔོན་མགོན་བླ་དང་བཅས་པས་ལོ་གསུམ་ཕྱོགས་གསུམ་ལ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་ནས་དངོས་གཞི་རྩ་རླུང་བར་གྱི་མཉམ་ལེན་དང་། ཟླ་རེར་དུས་མཆོད་དྲུག་རེ། ཡར་ངོ་དང་མར་ངོའི་གསོ་སྦྱོང་། ལོ་མཇུག་ཀློང་ཆེན་འདས་མཆོད་སོགས་ཀྱི་སྲོལ་གཏོད་པ་ད་ལྟའི་བར་དུ་གནས་པ་འདི་རེད།
ཡང་བསྐྱར་དེའི་རྗེས་ཀྱི་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་ཁྱིའི་ལོར་ཤད་གྲྭ་མི་ཕམ་ལྔ་རིག་ནོར་བུའི་གླིང་རྟེན་དང་རྟེན་པར་བཅས་པ་གསར་དུ་བཞེངས་གནང་ཞིང་། རྫ་བོད་པ་སྤྲུལ་སྐུ་དང་ཞེ་ཆེན་མཁན་པོ་གང་ཤར་སོགས་ཀྱི་དངོས་སློབ་རང་དགོན་གྱི་མཁན་རིན་པོ་ཆེ་ཐུབ་དགའ་བཤད་གྲྭའི་མཁན་པོ་ཐོག་མར་མངའ་གསོལ་བ་ནས་ད་ལྟ་ཐོས་བསམ་སློབ་གཉེར་གང་ཅིའི་ཆ་ནས་ཀྱང་རྫ་ཆུ་ཁའི་སྔ་འགྱུར་རྙིང་མའི་བཤད་གྲྭ་དག་གི་ནང་ནས་ཡག་ཤོས་ཀྱི་གྲས་སུ་ཚུད་པ་འདི་བྱུང་བ་ཡིན།
ཕྲན་ཀྱང་སྤྲུལ་རིན་པོ་ཆེའི་བདག་རྐྱེན་ལས་མི་ཚེ་འདིར་ཐོག་མར་གཞུང་ཆེན་མོ་ལ་དངོས་སུ་ལྟ་བའི་གོ་སྐབས་དང་པོ་དེ་ཉི་མ་དེ་ནས་མགོ་ཚུགས་པ་ཡིན། འདི་དག་གི་སྐབས་རེ་རེ་བཞིན་དུ་ཡང་། སྤྲུལ་རིན་པོ་ཆེའི་སྒེར་གྱི་ཕྱག་རྫས་གང་ཡོད་པ་དག་སྐུ་གསུང་ཐུགས་རྟེན་ཅུང་ཟད་རེ་ཡོད་པ་མ་གཏོགས་ཕལ་མོ་ཆེ་གཅིག་ཀྱང་མ་བཟུང་བར་ནང་གི་རྒྱུ་དང་སྒོའི་རྟ་དྲེལ་དང་བཅས་པ་སྤོངས་དག་བྱས་ནས་བཞེངས་པ་ཞིག་རེད་ཅེས་ཞུས་ན་འུད་བརྗོད་གཏན་ནས་མིན།
དེ་ནས་གུས་པ་ས་མཐར་གྱར་པའི་ལོ་བཅུ་ཕྲག་གི་རིང་འདིར་སྤྲུལ་རིན་པོ་ཆེ་དགོངས་ནའི་བབ་ཀྱིས་ཡོད་དར་རི་རྩེ་ནས་མར་ཡོད་དར་མདོ་རུ་གདན་ཕབས་ནས་གཏན་བཞུགས་གནང་ཡོད་འདུག་ཅིང་། དེར་སྨྱུང་གནས་ལྷ་ཁང་དང་། ཇོ་བོའི་ལྷ་ཁང་སོགས་བཞེངས་ནས་གདུལ་བྱ་དད་ལྡན་རྣམས་ལ་སྨྱུང་གནས་སོགས་ཀྱི་འགྲོ་ཕན་གྱི་བྱ་བ་ཆོས་རྣམ་དག་ཏུ་འགྲོ་ངེས་པ་ཤ་སྟག་སྒྲུབ་ཀྱིན་གཙོ་ཆེ་བ་སྐུ་མཚམས་བཅད་རྒྱ་ཁོ་ན་མཛད་དེ་བཞུགས་གནང་ཡོད།
རང་ཡུལ་ལས་གོམ་གང་ཡང་འབུལ་སྡུད་དུ་མི་འགྲོ་མཁན་ཞིག་གིས་སྐུ་ཚེ་གང་བོར་རྟེན་བཞེངས་དང་བཤད་སྒྲུབ་ཀྱི་བསྟན་པ་གཞིར་བཞེངས་སུ་བསླངས་གནང་བར་བཤད་ཡོང་དུས་རྟག་པར་དཀོར་དང་གྲོང་ཆོག་རང་ལ་ཕེབས་བཞུགས་མཁན་ཞིག་ཡིན་ནམ་སྙམ་ན་དེ་ཡང་མིན་ཏེ། ངས་དྲན་སོས་པ་ཞིག་ལ། སྐབས་མང་པོ་ཞིག་ཏུ་སྤྲུལ་སྐུ་རིན་པོ་ཆེ་ལོ་མཚམས་ལ་བཞུགས་སོང་ཟེར་བ་དང་། ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱ་ལ་བཞུགས་སོང་ཟེར་དུས་སྤྱིར་བཏང་གི་མི་སུས་ཀྱང་མཇལ་མི་ཐུབ་པ་དང་། གཤིན་གསོན་གྱི་དད་འབུལ་ཡང་མི་བཞེས་པས་ཡུལ་མི་རྒན་པ་མང་པོ་ཞིག་གིས་རང་ཉིད་སྤྲུལ་སྐུ་མཚམས་ལས་མ་བཞེངས་གོང་ཞིག་ལ་ཤི་འགྲོའམ་སྙམ་ནས་སེམས་ཁྲལ་ཆེན་པོ་བྱེད་པ་ཡིན། ཁོང་གི་སྐུ་མཚམས་དེ་ཡང་ལན་རེ་རེ་གཉིས་གཉིས་ཙམ་དང་དུས་ཡུན་ཐུང་ཐུང་ཙམ་ལ་མཚམས་ལ་འདུག་པ་དེ་འདྲ་མ་རེད། ཡུན་རིང་པོ་ཞིག་ནས་ཆ་མཉམ་བྱས་ན་ལོ་གཉིས་ཀྱི་ནང་ནས་ལོ་གཅིག་ལ་མཚམས་ལ་བཞུགས་པ་ལྟ་བུ་ཡིན་ཞིང་། མ་མཐར་ཡང་སྐུ་མཚམས་བཅད་རྒྱ་དམ་པོ་ཁོ་ན་ལ་ལོ་བཅོ་ལྔ་བརྒལ་བར་བཞུགས་ཡོད་ངེས་ཅན་ཡིན།
སྤྲུལ་སྐུའི་ཕྱག་ལས་གནང་དུས་བཤད་སྒྲུབ་ལས་གསུམ་གྱི་མཛད་པ་རྒྱ་ཆེར་སྐྱོང་བཞིན་པ་དེ་འདྲ་ཡང་། མཚམས་ལ་བཞུགས་ཡིན་ཟེར་དུས་དེ་དག་ཚང་མ་མཚམས་འཇོག་ཆོག་ཆོག བློས་གཏོང་ཆོག་ཆོག་ཅིག་ཡོད་པ་ཡིན་ཞིང་། དེང་སང་རང་རེ་ནང་བཞིན། ཆོས་དང་འཇིག་རྟེན་འདྲེས་པ། ཁག་འདོག་དང་ཁ་གཡར་ས་མང་པོ། བྱ་བ་གང་ཡང་བསྡུ་རྒྱུ་ལྡོག་རྒྱུ་མེད་པ་དེ་འདྲ་ཞིག་མིན་པར་བྱ་རྡོ་ཐོག་ནས་འཕུར་བ་ལྟ་བུ་ཞིག་ཡོད་པ་རེད།
ཐོག་མའི་དུས་ཚོད་ཕལ་མོ་ཆེར་གནམ་མཐིལ་ཁ་རང་དུ་བཞུགས་གནང་ཞིང་། དེ་ནས་རིམ་གྱིས་བསམ་ཡས་མཆིམས་པུ་དང་དགེ་གོང་དཔལ་སྤྲུལ་རིན་པོ་ཆེའི་གདན་ས་སོགས་གནས་ངེས་མེད་མང་པོ་ཞིག་ཏུ་ཡང་བསྟུད་མར་ལོ་མཚམས་གནང་ཡོད། འདི་གཅིག་པུའི་ཚུལ་ལ་བསམ་ན་ཡང་དད་པ་མི་སྐྱེ་བའི་རང་དབང་མེད་པ་ཞིག་མ་རེད་དམ།
ན་ཉིན་སྤྲུལ་སྐུ་རིན་པོ་ཆེ་ཞིང་བཤེགས་དུས་སྤྲུལ་སྐུ་རིན་པོ་ཆེའི་ཐུགས་སྲས་དང་ཡུལ་དགོན་གཉིས་ཀྱིས་ཤིན་ཏུ་རྩིས་པོ་ཆེར་ཞུ་བའི་མཚམས་པ་གུ་རུ་ཐོད་ལི་སྐུ་མཆེད་གཉིས་ཀྱིས་ཀྱང་བཀའ་སློབ་གནང་སྐབས་བླ་མ་གུ་རུས་ཁོང་གིས་ཁོང་གི་ངོས་ནས། སྤྲུལ་རིན་པོ་ཆེ་དང་རིག་འཛིན་འཇིགས་མེད་གླིང་པ་ལ་ཁྱད་པར་གཏན་ནས་མེད་པའི་ངེས་ཤེས་རྙེད་ཡོད་ཅེས་དབུ་མནའ་བཞེས་འདུག་པ་ལ་ཡང་རྒྱུ་མཚན་ཡོད་ངེས་རེད། ཁོང་རྣམ་པ་གཉིས་ཀ་དགེ་སློང་རྣམ་པར་དག་པ། ཆོས་པ་ཉམ་ཆུང་། འཇིག་རྟེན་ཆོས་བརྒྱད་དང་མི་འགྲོགས་པ། མི་ལོ་སུམ་ཅུ་ཡར་མར་ལ་གསུང་ངག་བསྡམས་ནས་སྐུ་མཚམས་ལ་བཞུགས་པའི་ཚེ་དང་སྒྲུབ་པ་སྙོམས་གནང་མཁན་གཉིས་ཡིན་པ་ཚང་མས་ཁས་ལེན་པ་དེ་རེད། དུས་རྒྱུན་ཐུགས་ཚོར་ཆེན་པོས་ཐུགས་ཐག་ཆོད་པའི་བཀའ་མོལ་དེ་འདྲ་ཡང་གསུང་གི་མ་རེད། དེས་ན་ཁོང་ལ་ཐུགས་ངེས་དེ་ལྟ་བུ་ཞིག་འཁྲུངས་པའང་ངེས་པར་དུ་སྤྲུལ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་ཆེ་བ་ལས་བྱུང་བ་ཡིན་ངེས་རེད། དེ་ནི་ང་ཚོས་དེ་ལྟར་ཡིད་ཆེ་ཞུ་ཆོག་པའི་རྒྱུ་མཚན་གལ་ཆེན་ཞིག་ཡིན།
ན་ཉིན་སྐུ་གཤེགས་རྗེས་སུ་ཡང་ང་ལ་ཡང་སྤྲུལ་སྐུའི་ཉེ་འགྲམ་གྱི་མི་དག་གིས་སྤྲུལ་སྐུ་སྐུ་གཤེགས་པའི་སྐབས་སུ་ཤུལ་ཏུ་ལུས་པའི་རྒྱུ་རྫས་ཟེར་བ་ཞིག་ཁོང་གི་དགོངས་རྫོགས་མཆོད་འབུལ་གྱི་མ་རྩ་ལ་སྤྱིར་བཏང་བ་ཙམ་ཡང་གཏན་ནས་མི་འདུག ཕེབས་ཆོག་ཆོག་བྱས་ནས་བཞུགས་བསྡད་པ་ལྟ་བུ་ཞིག་འདུག ཕྱག་རྒྱུ་ཟེར་བ་ཞིག་གཏན་ནས་མི་འདུག་ཟེར། ཡོད་ཚད་ཚང་མ་རྡོ་ཡོན་དང་རྟེན་བཞེངས་སོགས་ལ་བཏང་བ་དང་། ཁྱད་པར་ལོ་སྔ་མའི་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་སོགས་ཀྱི་སྐབས་གང་ཡོད་པ་དག་ཡོངས་སུ་སྤོངས་དག་བྱས་ཟིན་པ་རེད་འདུག་པས་བདག་ཏུ་བཟུང་བ་ཞིག་གང་ཡང་མེད་པ་རེད་འདུག རྗེས་མ་དགོངས་རྫོགས་འདས་མཆོད་ཀྱང་ཡུལ་དགོན་སྤྱི་དང་དགོན་པའི་བླ་མ་འགའ་ཞིག་གིས་འགྲོ་སོང་བཏང་ནས་ཞབས་ཞུ་ཞུས་པ་ཙམ་ལས་བླ་བྲང་རང་ལ་གང་ཡང་མེད་པ་རེད། འདི་ཚོ་ལ་བསམ་དུས་ན་བཟའི་མནབ་སྟངས་ཙམ་ལས་ཡོངས་སུ་འཛིན་པ་མེད་པའི་ཀུན་སྤངས་ཀྱི་རྣམ་ཐར་སྐྱོང་བ་ལ་ཁོ་བོའི་བླ་མ་མཁན་ཆེན་པདྨ་ཆོས་དབྱིངས་ཁྱབ་བརྡལ་གྱི་རྣམ་ཐར་གྱི་རྗེས་སུ་འགྲོ་བ་ཙམ་ཞིག་བྱུང་འདུག འདི་ནི་
ཨོ་རྒྱན་ཆེན་པོས། རླུང་འཁྱེར་རྫས་བཞིན་ཅི་ཡོད་ཚོགས་སུ་ཕུལཿ ཞེས་གསུངས་པའི་རྣམ་ཐར་བསྐྱངས་པ་ཞིག་མ་རེད་དམ།
གང་ལྟར་ངའི་རྩོམ་ཡིག་འདི་ལ་མགོ་རྔ་དང་གོ་རིམ་མེད་པ་ཡིན་དུས། ད་ཡང་ངས་ང་རང་ཆུང་དུས་ཀྱི་སྣང་བརྙན་དཀྱུས་མ་དེ་འདྲའི་ཕྱོགས་ལ་བསམ་བློ་བཏང་ན། གུས་པ་མཉམ་ལས་གཉིས་པའི་བན་ཆུང་ཞིག་ཡིན་པའི་ཆ་ན་སྐབས་དེར་སྤྱི་སྒེར་གྱི་སྲུང་བ་རིམ་འགྲོ་སོགས་ལ་སྤྲུལ་རིན་པོ་ཆེ་དང་ལྷན་དུ་བཅར་རྒྱུའི་གོ་སྐབས་མང་པོ་བྱུང་ཡོད། བརྒྱད་ཅུ་གྱ་གྲངས་ནང་ལ་ཁོང་གིས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་བཀའ་བཞིན་ཡུལ་མི་མི་ཚང་རེ་ནས་བསམ་ལྷུན་མཆོད་ཆོག་རེ་འདོན་རྒྱུ་དང་། སྤྱིའི་ངོས་ནས་སྨིན་གླིང་རྡོར་སེམས་ཀྱི་སྦྱིན་སྲེག་ཚད་ལྡན་ཞིག་བླུགས་དགོས་པའི་བཀའ་གནང་བ་བཞིན། དབྱར་ཀ་དབྱར་སའི་ཐོག་གི་ལུང་ཡན་ནང་ནས་འཚོགས་པའི་སྐབས་སུ་ང་ཡང་ཚོགས་གྲལ་དུ་ཡོད། དབྱར་ཀ་རེད། ཧ་ཅང་སྐྱིད་དུ་ཚོར་བ་ཞིག་ཡོད། སྐབས་དེར་ཡོད་པའི་བྱ་བླ་མ་བློས་སྦྱིན་དང་བླ་རྒན་ཨོང་ལོ། ཨ་ཁུ་སྤུ་ལོ་སོགས་གཉིས་པ་ཚང་གི་བན་རྒན་རྒན་པ་དེ་ཚོ་ཡང་ཡོད་པ་རེད། ད་ཆ་ཕལ་ཆེར་གཅིག་ཀྱང་མེད་པ་འདྲ། མཚན་ཐོ་དེ་ཚོ་ཡང་བསྔོ་ཡིག་རིང་པོ་ཞིག་དང་གཅིག་པ་ཆགས་ཟིན་པ་རེད།
དེ་དུས་ཉིན་གཅིག་ངས་ཡི་གེ་ལྡེབ་མ་ཕར་བསྒྱུར་དུས་འཛུབ་མོ་ལ་མཆིལ་མ་བགོས་ནས་ཤོག་ངོས་བསྒྱུར་བར་བླ་མ་དགེ་སློང་བློས་སྦྱིན་གྱིས་དེ་འདྲ་བྱས་ན་ཁྱིའི་སྐྱེ་བ་ལེན་གི་རེད་གསུངས་ནས་བཀའ་བཀྱོན་གནང་བ་ཞིག་ད་དུང་ཡང་དྲན་ལ། དུས་དེ་ནས་བཟུང་ཕལ་ཆེར་ངས་གསུང་རབ་ཀྱི་ཤོག་སྣེ་སྒྱུར་སྐབས་མཆིལ་མ་བགོ་མ་མྱོང་། མ་གཞི་ང་དེ་འདྲའི་ལས་འབྲས་རྩི་མཁན་ཞིག་མིན་ན་ཡང་། སྐབས་དེར་ལོ་ན་ཆུང་ཆུང་དང་སེམས་པ་གཙང་མ་ཡིན་དུས་རྒན་པའི་སློབ་གསོ་ཐེ་ཚོམ་མེད་པར་དང་ལེན་བྱེད་པའི་བཤིས་ཀ་ཕྲན་བུ་རེ་ཡོད་པ་འདྲ། མ་གཞི་སྐད་ཆ་འགའ་རེ་སེམས་ལ་ཟུག་པོ་བྱུང་ནས་ནམ་ཡང་མི་བརྗེད་པ་དེ་འདྲ་སྐབས་སྐབས་ཡོང་སྲིད་པ་ཙམ་རེད་འདུག དེ་དུས་སྤྲུལ་རིན་པོ་ཆེ་དང་བླ་མ་ཨ་དྷི་སོགས་ཀྱང་བཞུགས་པ་དྲན།
དེའི་རྗེས་སུ་དཔྱིད་ཀ་ཞིག་ལ་ནད་ཡམས་ངན་པ་ཞིག་མཆེད་པའི་སྐབས་སུ་ཇོ་བོ་གྲུབ་ཐོབ་གདན་དྲངས་ནས་སྤྲུལ་རིན་པོ་ཆེ་དང་ཇོ་བོ་གྲུབ་ཐོབ་རྣམ་གཉིས་དབུ་བཞུགས་ཐོག་དཔྱིད་ཀ་ཞིག་ལ་རྫ་གཞུང་ཡོད་དར་མདོའི་ན་(ནེའུ་ཐང་)གཡང་འཁྱིལ་གྱི་འགྲམ་དེར་ཉི་མ་མང་པོ་ཞིག་ལ་གཅོད་འདུར་བཅས། གསུར་ཕུད་དེ་སྤྱི་རིམ་བཏོན་ནས་བསྡད་པའི་སྐབས་སུ་ཡང་སྤྲུལ་རིན་པོ་ཆེ་དེར་དབུ་བཞུགས་གནང་ཡོད།
སྤྲུལ་རིན་པོ་ཆེས་བཀའ་མོལ་གང་གནང་ཡང་། དམ་པའི་ཆོས་དང་འཇིག་རྟེན་ཡ་རབས་ཀྱི་སྤྱོད་པ་ཟུང་དང་མི་འབྲལ་བར་བླ་མའི་མན་ངག་དང་སྐུ་དངོས་ཀྱི་ཉམས་མྱོང་རང་གི་ཐོག་ནས་གསུངས་པས་ཤིན་ཏུ་ངོ་མཚར་ཆེན་པོར་ཡོད།
འོན་ཀྱང་། མཚམས་མཚམས་ཇ་བར་དེ་འདྲ་ལ་བབ་དུས་ནང་ཚགས་ལ་ཀུ་རེ་དང་འཕྱ་ལད་ཀྱང་མང་པོ་གནང་ནས་ཚང་མ་གད་མོ་ཤོར་དགོས་པ་དེ་འདྲ་གནང་གི་རེད། ཆུང་དུས་མཉམ་དུ་འདོན་པ་འདོན་ས་དེ་འདྲར་འགྲོ་དུས་སྤྲུལ་རིན་པོ་ཆེ་དང་། ཨ་ཁུ་འདས་པོ་སྤུ་ལོ་དང་ནོར་བུ་བཀྲ་ཤིས། ཐུབ་སྙན། པདྨ་བཀྲ་ཤིས་སོགས་ཀྱིས་ང་བར་ལ་བཞག་ནས་ཀུ་རེ་མང་པོ་བརྩེས་ནས་ཞེད་སྣང་དང་ངོ་ཚ་སོགས་ཀྱིས་ཅི་ཟེར་འདི་ཟེར་མེད་པ་དེ་འདྲ་གནང་བའང་དྲན་གྱི་འདུག
སྐབས་སྐབས་སུ་ང་ལ་ཁ་མང་པོ་ཡོད་པ་དང་། འདོན་པ་འདོན་དུས་ཁ་ཧང་དེ་ཡར་མར་བལྟས་ནས་ཡག་པོ་མི་འདོན་པ་སོགས་ལ་བཀའ་བཀྱོན་ཡང་ཐེངས་འགའ་གནང་མྱོང་ཡང་། དངོས་སུ་ཐུགས་ཁྲེལ་ནས་ཐུགས་དང་འགལ་བའི་སྒོ་ནས་ཐུགས་མ་དགྱེས་པ་དེ་འདྲའི་བཀའ་བཀྱོན་གནང་མ་མྱོང་བ་ལྟ་བུ་ཡིན། ཆོས་སེམས་ཅུང་ཟད་ཡག་པོ་ཡོད་པ་ཞིག་དང་མི་བཤིས་ཡག་པོ་ཡོད་པ་ཞིག་ཡིན་པ། ཤེས་རབ་ཅུང་ཟད་ཅིག་ཡོད་པའི་བསྔགས་བརྗོད་ཙམ་རེ་མངོན་ལྐོག་གཉིས་ཆར་ནས་གནང་མྱོང་ཡོད།
ཉིས་སྟོང་ལྔའི་ལོར་བཙོན་གྲོལ་ཐོབ་རྗེས་ང་ལ་ཐེངས་འདིར་དམིགས་བསལ་ཁྱོད་ཀྱི་ཆེད་དུ་ང་ཚོས་གང་ཡང་བྱེད་ཐུབ་མེད་ཅེས་ཐུགས་ཚོར་ཆེན་པོས་གསུངས་ཤིང་། གནང་སྦྱིན་དང་བཅས་བཀའ་མོལ་འགའ་རེ་གནང་ཡོད། དེ་ཙམ་མི་ཚེ་འདིར་དངོས་སུ་མཇལ་བའི་ཐ་མ་རུ་གྱུར་པ་རེད། ད་དེ་ཚོ་བཤད་ན་ཡི་མུག་པ་ལས་ཅི་ཡོད། ངས་བརྗོད་གཞི་འདི་ཅིས་ཀྱང་སྒེར་གྱི་སྡུག་ཡུས་ཀྱི་ཐོག་ཏུ་མ་ལྷུང་བ་ཞིག་འབད་བརྩོན་བྱ་རྒྱུ་ཡིན།
འོ་རེད། ཁོང་གི་དད་པ་དང་དག་སྣང་ནི་ཧ་ཅང་བརྗོད་དཀའ་བ་ཞིག་ཡིན་ཞིང་། རྒྱུན་དུ་ཡང་སྔོན་གྱི་རྗེ་བཙུན་མི་ལ་རས་པ་དང་། རིག་འཛིན་འཇིགས་མེད་གླིང་པ། རྫ་དཔལ་སྤྲུལ། དིལ་མགོ་མཁྱེན་བརྩེ་རྡོ་རྗེ་འཆང་སོགས་ཀྱི་རྣམ་ཐར་དང་འབྲེལ་བའི་བཀའ་མོལ་མང་པོ་གསུང་བ་ཡིན། ཐུགས་ཤིན་ཏུ་སྒམ་པ་དང་། མཇལ་བ་ཙམ་གྱིས་སེམས་པ་ལ་ཚོར་བ་དམིགས་བསལ་བསྐྱེད་ནུས་ཞིག་བཞུགས།
བརྒྱད་ཅུ་གྱ་གྲངས་ནང་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཞེ་ཆེན་དུ་ཕེབས་ཐེངས་ཚང་མར་སྤྲུལ་སྐུ་རིན་པོ་ཆེ་བཅར་ཡོད་པར་མ་ཟད། སྔར་གསན་མ་གྲུབ་པའི་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་ཞུས་པ་དང་། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་ཀྱང་ཧ་ཅང་ཐུགས་རྩིས་ཆེན་པོ་གནང་ཡོད། སྔ་རྗེས་སུ་རྫ་རྒྱལ་མཁན་པོ་འབུམ་པ་དང་བླ་མ་ལུང་རྟོགས་སོགས་ལས་ཀྱང་འོད་གསལ་སྙིང་ཐིག་གི་མན་ངག་དང་རྩ་རླུང་སོགས་ཞུས་ཤིང་ཕྱིས་སུ་མི་ལོ་བཅུ་ཕྲག་གི་རིང་ལ་དབེན་པའི་རི་ལ་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་ཉམས་ལེན་ཚུལ་བཞིན་གནང་བའི་སྐོར་གོང་དུ་ཡང་ཞུས་ཟིན་ཡོད།
ཐེངས་གཅིག་ཁོང་གིས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེར་རང་ཉིད་དགེ་ཚུལ་སློང་གི་སྡོམ་པ་ཞུས་ནས་རབ་བྱུང་གནང་འདོད་ཡོད་པའི་ཐུགས་བཞེད་ཞུས་པར་མཁྱེན་བརྩེ་རིན་པོ་ཆེས་དེ་མུར་བཞུགས་པ་དེས་འགྲིག་པ་ཡིན་པས་གཞན་དམིགས་བསལ་རབ་བྱུང་དགེ་ཚུལ་སློང་གི་སྡོམ་པ་ཞུ་བའི་རྩོལ་བ་མི་དགོས་པའི་བཀའ་གནང་འདུག
ཡང་ཐེངས་གཅིག ང་ལ་ནི་མཁན་པོ་ཀུན་དཔལ་གྱི་མིང་ཞིག་ཡོད་ན་ཡང་། དོན་ལ་རང་ངོས་ནས་ནི་རྒྱུད་ཚོད་ཐ་མལ་ལས་ཀྱང་ཐ་མལ་པ་ཞིག་ལས་སྐྱེས་བུ་དམ་པའི་ཡང་སྲིད་ཡིན་པའི་གདེངས་ཚད་གང་ཡང་མི་འདུག་པས་མིང་འདི་ང་ལ་འཚམས་པོ་མི་འདུག་ཅེས་ཞུས་འདུག་ན་ཡང་། མཁྱེན་བརྩེ་རིན་པོ་ཆེས་ཁོང་གི་དགོངས་ཚུལ་དེ་ལ་དང་ལེན་གནང་མི་སྲིད་པ་ཞིག་རེད།
ཁོང་གིས་དཔེ་ཆ་སློབ་གཉེར་དངོས་སུ་གནང་མེད་ན་ཡང་བླ་མ་གོང་མའི་རྣམ་ཐར་དང་ཁྱད་པར་དུ་དཔལ་སྤྲུལ་སྔོན་འགྲོའི་མཚོན་པའི་ཉམས་ལེན་དངོས་དང་འབྲེལ་བའི་མན་ངག་གི་མཁྱེན་རྟོགས་དང་ཤེས་རབ་ཆེན་པོ་ཡོད་པར་མ་ཟད། ཁོང་གིས་ལས་རྒྱུ་འབྲས་ལ་ཤིན་ཏུ་འཛེམས་ཤིང་། དཀོར་གྱི་རྣམ་སྨིན་ཡང་ཡང་གསུངས་པ་དང་། ཁྱད་པར་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལ་མཁྱེན་བརྩེ་རྡོ་རྗེ་འཆང་ཞུ་ཞིང་། གུ་རུ་རིན་པོ་ཆེ་དང་ཁྱད་པར་གཏན་ནས་མེད་པའི་དག་སྣང་མཛད་པ་ཡིན།
སྡེ་གཉིས་ཀྱི་ནང་ནས་ཁོང་གི་རྟེན་སྔགས་པ་ཡིན་ན་ཡང་། ཁོང་གིས་སྐུ་ཚེ་གང་བོར་ཐོ་ཅོའི་སྤྱོད་པ་དང་སྔགས་ལ་ཁ་གཡར་ནས་བག་མེད་ཀྱི་ལས་བྱེད་པ་དེ་འདྲ་གཏན་ནས་མི་གནང་། ཁོང་གིས་ཀྱང་། རྫ་ཆུ་ཁའི་སྤྲུལ་སྐུ་གཞན་པ་མང་པོ་ཞིག་ནང་བཞིན་ཆང་དང་ཐ་མག་སྤྱོད་པ་སོགས་དེ་འདྲའི་དྲི་ཙམ་ཡང་མི་གོས་པར་མ་ཟད་ཁོང་གི་གདུལ་བྱར་གྱུར་པ་རྣམས་ཀྱིས་ཀྱང་འདི་རིགས་ལ་ལྷག་ཏུ་འཛེམས་པ་ཡིན། རྟག་ཏུ་མངོན་ཤེས་དང་གྲུབ་རྟགས་ཡོད་པའི་རྫུ་བག་དང་སྤྱོད་པ་ཡ་མ་ཟུང་དེ་འདྲ་ཡང་གཏན་ནས་མི་གནང་།
ནམ་རྒྱུན་སྤྱོད་ལམ་གང་གི་སྐབས་སུ་ཡང་འཕྲལ་འཕྲལ་དུ་ཕྱག་ཐལ་མོ་ཐུག་ཀར་སྦྱར་ནས་མཁྱེན་བརྩེ་རྡོ་རྗེ་འཆང་ལ་གདུང་ཤུགས་དྲག་པོའི་གསོལ་བ་ཡང་དང་ཡང་དུ་འདེབས་པའི་གཟིགས་སྟངས་དང་རྣམ་འགྱུར་དེ་ཚོ་དྲན་ཙ་ན་མོས་གུས་བླ་མའི་སྣང་བ་དང་མི་འབྲལ་བའི་ཉམས་ལེན་ཟེར་བ་དེ་དེ་འདྲ་ཞིག་ལོས་ཡིན་སྙམ་པ་དད་པ་མི་སྐྱེ་རང་དབང་མེད་པ་ཞིག་ཡོད་པ་རེད།
གྲོང་ཆོག་པ་དག་ལ་ཡང་མིའི་སྟན་ཐོག་ནས་རང་གིས་སྒྲིབ་པ་སྦྱོང་ཟེར་བ་ཡིན་པས་ངེས་པར་དུ་ཚོགས་གྲལ་ངག་བཅད་དང་བསྐྱེད་རྫོགས་བསྙེན་ཚད། ཐ་ན་ཚོགས་སུ་ན་བཟའ་དང་རྡོ་དྲིལ་ཚད་ལྡན་འཆང་སྟངས་སོགས་དཀོར་སྦྱོང་གི་ཐབས་དང་ཚོགས་གསོག་གི་རྒྱུ་ཡིན་པས་ངེས་པར་དོ་སྣང་དགོས་པའི་བཀའ་མོལ་མ་ཡིས་བུ་ལ་འདོམས་པ་བཞིན་ཡང་དང་ཡང་དུ་གནང་།
ཡང་བསྟན་པ་ཡང་དར་གྱི་དུས་སྟོད་ཙམ་ན། ང་ཚོའི་ཚོ་བའི་ནང་ལ་སོ་སོས་མི་ཤི་བ་སོགས་ཀྱི་གནས་སྟངས་ཡོད་སྐབ་སལོ་དེར་སོ་སོའི་ནང་ནས་བཤས་བཤའ་སྲོལ་མེད་ན་ཡང་། ལོ་དེར་གཤིན་པོའི་ཤི་ཚིགས་སོགས་འདོན་སྐབས་ཡུལ་མི་ཁྱིམ་ཚེས་གཞན་ལ་དངོས་སུ་ཤ་ཉོ་འདོད་བྱེད་པ་ལས་གཞན་གྱིས་དེར་དམིགས་ནས་སྲོག་གཅོད་པ་དང་། ཡང་སོ་སོའི་ནང་ནས་ཁྱིམ་སྲུང་སོགས་འདོན་པར་བཤའ་ལུག་བཤའ་བ་སོགས་ཀྱི་གནས་སྟངས་འགའ་རེ་བྱུང་བ་སྤྲུལ་རིན་པོ་ཆེས་གསན་ནས་ཡུལ་མི་ཧྲིལ་པོའི་གཤིན་གསོན་གྱི་རིམ་འགྲོའི་ཆེད་དུ་རྣམ་གསུམ་མ་དག་པའི་ཤ་གཏན་ནས་གཏོང་མི་ཆོག་པའི་བཀའ་གནང་ཞིང་སྡེ་པ་ཡོངས་ཀྱིས་ཅི་གསུང་བཀའ་སྒྲུབ་ཀྱིས་དང་ལེན་ཞུས་པ་ཡིན། དེ་ནི་ཕལ་ཆེར་ལོ་ཉི་ཤུ་རྩ་ལྔ་ཡན་གྱི་དུས་ཡུན་དུ་བྱུང་བ་ཡིན་ཞིང་། སྐབས་དེར་ཁོང་གིས་དེ་ལྟར་ལག་ལེན་གྲུབ་འབྲས་ཐོན་པ་གནང་ཡོད།
དེ་ནས་རིམ་གྱིས་ཡུལ་སྡེ་ཧྲིལ་པོས་ཆང་མི་འཐུང་བ་དང་། ཉལ་ཐ་ལྟ་ཅི། ཐ་མག་ཀྱང་མི་འཐེན་པ། ཤྭ་རྒྱན་མི་རྩེ་བ་དེ་གསུམ་དང་དེའི་ཆེད་དུ་འབད་བརྩོན་དང་སྐུ་ལས་ཧ་ཅང་མང་པོ་གནང་ཞིང་། མཐར་གྲུབ་འབྲས་ཐོན་པ་བྱུང་བར་མ་ཟད། སྐབས་དེར་ཡུལ་མི་ཧྲིལ་པོའི་ནང་དུ་མི་གཉིས་ཁོ་ན་མ་གཏོགས་དེ་ལས་འགལ་མཁན་མ་བྱུང་བ་ལྟ་བུ་ཡིན། མ་ཟད་ས་ཆ་གཞན་ནས་ཡོང་བའི་ཡུལ་ཚོའི་ཐོག་གི་བོད་རིགས་ལས་བྱེད་པ་ཞང་ཀྲང་དང་ཧྲུ་ཅི་སྟེ། ཡུལ་གཙོ་དང་ཡུལ་ཚོའི་དྲུང་ཆེ་སོགས་ཀྱང་དེར་བསྡོད་རིང་ཁ་སྣའི་དུད་པ་མི་འཐེན་པ་དང་ཆང་མི་འཐུང་བ་སོགས་བྱུང་ཡོད། དེ་བཞིན་ནང་རྐུས་ཁས་ལེན་བྱེད་དུ་བཅུག་པ་སོགས་ཀྱིས་སྡིག་རྒྱུན་བཅད་པའི་མཛད་པ་མང་པོ་གནང་བས་ཡུལ་སྡེ་ཡོངས་ལ་བཀའ་དྲིན་ཤིན་ཏུ་ཆེ།
ཁྱད་པར་འདས་པའི་ལོ་ངོ་སུམ་ཅུ་ལ་ཉེ་བའི་རིང་སྡེ་པ་ཧྲིལ་པོར་ཆང་དང་ཁ་སྣའི་དུ་བ་གཏན་དུ་མཚམས་འཆོག་ཐུབ་པ་བྱུང་བ་འདི་ནི་ཆོས་ཕྱོགས་ནས་དགེ་བ་རླབས་པོ་ཆེ་ཡིན་པར་མ་ཟད། དཔལ་འབྱོར་གྱི་ཆ་ནས་དོན་མེད་འགྲོ་སོང་ཚད་འཛིན་དང་ཁོར་ཡུག་སྲུང་སྐྱོབ་དང་མི་ལུས་བདེ་ཐང་གི་ཆ་ནས་ང་ཚོ་ལ་ཧ་ཅང་རྙེད་པར་དཀའ་བའི་ཚེ་སྲོག་ཅིག་བྱིན་པ་དང་གཉིས་སུ་མེད་པ་ཡིན་པ་འདི་ཅིས་ཀྱང་ངོ་ཤེས་དགོས།
ཁོང་གི་བཀའ་དྲིན་གསོབ་པ་དང་རྗེས་དྲན་ཞུ་བའི་ཐབས་བླ་ན་མེད་པ་ཡང་ཁོང་གི་ཐུགས་རེ་འདི་དག་མུ་མཐུད་རྒྱུན་སྐྱོང་གནང་རྒྱུ་དེ་ཡིན་པ་རེད། ད་ལྟ་ང་ཚོ་མང་པོ་ཞིག་ས་ཆ་གཞན་དང་གཞན་དུ་ཡོད་པ་དང་། གནས་བབ་མང་པོ་ཞིག་སྔར་དང་གཏན་ནས་མི་འདྲ་ན་ཡང་། སྤྱིར་སྤྲུལ་རིན་པོ་ཆེའི་སློབ་བརྒྱུད་ཅིག་དང་། ཁྱད་པར་དུ་རང་རེ་དྲེལ་དཀར་དགོན་གྱི་བསྟན་པའི་ལྷག་ཞབས་སུ་སྐྱེས་པའི་འབངས་མི་སེར་ཞིག་ཡིན་ན་སྐྱ་སེར་ཕོ་མོ་དབྱེ་བ་མེད་པའི་ཐོག་ནས་སྤྲུལ་རིན་པོ་ཆེས་སྐུ་ཚེ་གང་བོར་འབད་བརྩོན་གནང་བའི་ཐུགས་རེ་གལ་ཆེ་ཤོས་ཆང་དང་དུ་བ་སྣ་དུད་བཅས་སྤོང་རྒྱུའི་གོམས་གཤིས་བཟང་པོ་དེ་མི་ཉམས་རྒྱུན་འཛིན་བྱ་རྒྱུ་ནི་སྤྲུལ་སྐུ་རིན་པོ་ཆེའི་ཐུགས་དགོངས་རྫོགས་པའི་ཐབས་གལ་ཆེ་ཤོས་དང་། ང་ཚོ་དང་སྤྲུལ་རིན་པོ་ཆེའི་བར་གྱི་དམ་ཚིག་གི་ཁ་དན་གཙོ་བོ་ཞིག་ཡིན་སྲིད་སྙམ།
གཡས་གཡོན་གྱི་གསར་རྙིང་གི་དགོན་སྡེ་དག་གི་བླ་མ་རྣམ་པས་ཀྱང་ཤུགས་ཆེན་པོས་ཆང་དང་དུ་བ་སོགས་དགག་གནང་ཞིང་། ཕྱག་ལས་གནང་བ་མང་པོ་ཡོད་ན་ཡང་སྤྲུལ་རིན་པོ་ཆེས་གནང་བ་འདི་བཞིན་ལམ་ལྷོང་བྱུང་བ་ཞིག་གཅིག་ཀྱང་བྱུང་མེད། དེ་ཡང་ཁོང་གིས་ཐུགས་བསྐྱེད་དང་སྡེ་པ་ཧྲིལ་པོས་སྤྲུལ་རིན་པོ་ཆེ་ལ་ཁ་ཞེ་གཉིས་མེད་ཀྱི་དད་འདུན་ཡོད་པའི་དཔང་རྟགས་ཤིག་ལོས་ཡིན། དེས་ན་འདིའི་ཐད་ང་ཚོས་མུ་མཐུད་སྤྲུལ་རིན་པོ་ཆེ་ལ་དད་པ་ཡོད་སྙམ་པ་ཚོས་བསམ་བློ་ཞིབ་ཏུ་གཏོང་དགོས་པ་ཡིན།
གུས་པ་ཡང་ལོ་བཅུ་ཕྲག་གི་སྔོན་དུ་སྤྱི་བོ་ཛ་ལན་དྷ་རའི་ཞིང་ཁམས་ནས་མགོན་པོ་མཆོག་གི་མདུན་དྲུང་དུ་ཡང་སྤྲུལ་རིན་པོ་ཆེས་ཡུལ་དགོན་གཉིས་ལ་གནང་བའི་ཕྱག་ལས་འདི་དག་དང་ཁོང་གི་མཛད་པའི་སྐོར་ལ་སྙན་གསེང་ཞུ་རྒྱུའི་གོ་སྐབས་ལྷུག་པོ་ཐོབ་པ་བཞིན། ཧ་ཅང་ཐུགས་མཉེས་ཚོར་གནང་བར་མ་ཟད། ཁོང་ལ་སྐབས་ཐོག་དེར་མུ་མཐུད་བསྟན་འགྲོའི་དོན་དུ་ཐུགས་བསྐྱེད་དང་བརྩོན་པ་ཆེར་བསྐྱེད་དགོས་པའི་བཀའ་ཡིག་བཟང་པོས་གཟེངས་བསྟོད་བསྩལ་ཅིང་། ཁོང་གི་ཐུགས་བསྐྱེད་དང་ཕྱག་ལས་དེ་དག་ལ་དོན་གྱི་བདག་པོས་དགྱེས་པའི་དབུགས་དབྱུངས་དངོས་སུ་ཐོབ་པའང་ཡིན་ནོ། །
ད་ལྟའི་བར་དུ་ཡང་། ཕྱོགས་ཡས་མས་ན་ཡོད་མཁན། སྐྱ་སེར་དབྱེར་མེད། རྒན་གཞོན་ཁྱད་མེད་ཀྱིས་ལོ་འདིའི་རིང་། སྤྲུལ་རིན་པོ་ཆེ་ལྷག་ཏུ་དྲན་པ་དང་། གློ་བུར་གློ་བུར་དུ་མིག་ཆུ་གཏོང་དགོས་ཁེལ་བ་བྱུང་བ་མང་པོ་ཞིག་ཡོད་པ་ངས་ཤེས་ཀྱི་ཡོད། བདེན་པ་རེད། ཁོང་བཞུད་པ་དེ་ང་ཚོ་ལ་མཚོན་ན་ཧ་ཅང་སྔ་དྲགས་པ་རེད། ཡིན་ན་ཡང་ཐབས་ཤེས་གང་ཡང་མེད་པ་རེད། ང་ཚོས་ཁོང་ལ་བཅངས་པའི་དྲན་གདུང་ནི་དེ་ཙམ་བཅོས་མ་མ་ཡིན་པ་ཞིག་ཡིན་ན་ཡང་། ད་ནི་ང་ཚོས་ཁོང་གི་ཆེད་དུ་ཅི་ཞིག་སྒྲུབ་ཐུབ་ཀྱི་འདུག ཁོང་གི་དགོངས་བཞེད་ཀྱི་ཆ་ཤས་ཉག་མ་རེ་རེ་ཨེ་འགྲུབ་ལྟ་བ་ནི་ཁོང་གི་བཀའ་དྲིན་དྲན་པའི་ཐབས་ལམ་ཡག་ཤོས་དེ་ཡིན། ལས་གཞན་ཅི་ཡང་ལྷག་མེད།
དེ་བཞིན་དགེ་བཅུའི་ལུགས་སྲོལ་འདི་ཡང་སྤྲུལ་རིན་པོ་ཆེས་སྤྱིར་བཏང་གིས་ཐུགས་ཁུར་གནང་ཡོད་ན་ཡང་། ཡར་མར་ལ་བལྟས་ན། དེང་སང་སྤྱིར་དགེ་བཅུའི་ལུགས་སྲོལ་ལ་གང་ཟག་སྒེར་དང་དགོན་པ་སྒེར་གྱིས་འཕྲི་སྣོན་མང་པོ་བྱས་ཟིན་པས་འོས་འཚམས་ཡིན་མིན་གྱི་ལག་ལེན་གྱི་རྣམ་གྲངས་ཅི་རིགས་འདུག་པས། འདིའི་རིགས་ལ་ང་ཚོའི་ངོས་ནས་ཀྱང་སྤྲུལ་རིན་པོ་ཆེའི་བཀའ་ལུང་ལ་བསྙད་ནས་ཚད་ལས་བརྒལ་བའི་མང་ཚོགས་ལ་སྒྲུབ་དཀའ་བའི་ཆ་རྐྱེན་མི་འདོན་པ་གལ་ཆེ།
སྒེར་གྱི་སྒོ་བཤས་མི་བཤའ་བ་དང་འབྲོག་པ་ནང་ཁུལ་ལ་བཤས་ཟོག་ཉོ་ཚོང་མི་བྱེད་པ་འདི་ང་སྒེར་ངོས་ནས་ཧ་ཅང་དཀའ་ཚེགས་ཅན་ཞིག་ལ་མཐོང་གིན་ཡོད། དེས་ན་འབྲོག་པའི་ནང་ལ་་ཆོས་ཁྲིམས་ཀྱི་ཐོག་ནས་ལག་ལེན་དུ་བསྟར་རྒྱུ་ཧ་ཅང་དཀའ་བ་དངོས་ཡོད་རེད་འདུག དེ་བས་དེ་འདྲའི་དགོངས་ཚུལ་ཡོད་མཁན་ཡོད་ཀྱང་བཏང་སྙོམས་སུ་བཞག་ན་འོས་འཚམས་ཡིན་པར་འདོད་ཀྱི་ཡོད། ལྟ་ཚུལ་འདི་ལོ་སྔ་མ་ཞིག་ལ་ཡང་དྲ་ཚོམས་དེ་འདྲའི་ནང་དུ་ཁ་གསལ་བྱས་ཟིན་པ་ཞིག་ལས་ད་ཆ་དྲན་ཡོང་བ་ཞིག་ཀྱང་མིན།
སྒོ་བཤས་བཤས་ན་སྡིག་པ་མེད་པ་དང་དེ་ཆོས་དང་མཐུན་པ་ཞིག་ཡིན་པ་ནི་རྨི་ལམ་དུ་ཡང་མི་བསམ་ན་ཡང་། སྤྱིར་བཏང་གི་ཁྱིམ་པ་ཕོ་མོའི་ནང་ལ་གནས་སྟངས་འགའ་རེ་སྒྲུབ་མི་ཐུབ་པའི་དངོས་ཡོད་ཀྱི་ཆ་རྐྱེན་ཡོད་ངེས་པ་འདི་སྐབས་མང་པོ་ཞིག་ཏུ་བཏང་སྙོམས་སུ་མ་བཞག་རང་བཞག་ཆགས་ཀྱི་ཡོད། དེའི་ཐད་ལ་དགེ་འདུན་པ་ཚོས་ཀྱང་བསམ་བློ་ནན་ཏན་གཏོང་དགོས།
འོན་ཀྱང་། བོད་ཡུལ་དང་རྒྱ་ཡུལ་གྱི་བཤས་ར་ལ་ཕྱུགས་ཟོག་བཙོང་བ་འདི་འཕྲལ་གྱི་ཡོང་སྒོ་ལ་ལྟོས་ན་འགའ་ཞིག་ལ་དཀའ་ལས་ཡོད་སྲིད་ན་ཡང་། སྤྱིར་བཏང་གིས། ཆོས་ཕྱོགས་དང་འགྲོ་བ་མིའི་བཟང་སྤྱོད་ཀྱི་ཆ་ནས་དང་གཅིག བོད་པའི་ཆོས་དང་རིག་གཞུང་གི་གོམས་གཤིས་ཀྱི་རིན་ཐང་གི་ལྟ་བའི་ངོས་ནས་དང་གཉིས། རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ཀྱི་དཔལ་འབྱོར་རིག་པའི་ལྟ་གྲུབ་གསུམ་ཆར་ནས་བཤས་ར་ལ་མི་བཙོང་རྒྱུ་འདིའི་ཐད་ཤུགས་སྣོན་རེ་གནང་ཡང་དེ་ནི་དོན་ལ་མི་གནས་པ་ཞིག་གཏན་ནས་མ་རེད་སྙམ།
གང་ལྟར་དེང་གི་དུས་འདིར་འདི་རིགས་ཀྱི་ཕྱོགས་ལ་ལག་ལེན་དང་བཀའ་མོལ་གང་འདྲ་ཞིག་ཡིན་ཡང་ཐ་ན་བརྡ་ཁྱབ་ཅིག་གི་ཚིག་བརྗོད་ཡན་ཆད་ལ་བཤད་ལུགས་ལས་ལུགས་གཉིས་ཆར་ནས་ཕྱོགས་མང་པོ་ཞིག་ལ་ཐུགས་བསམ་མང་པོ་མ་བཞེས་ཐབས་མེད་ཀྱི་དུས་ཤིན་ཏུ་གྱུར་ཡོད་པ་འདི་ལ་རང་དགོན་གྱི་དགེ་བཅུའི་ལུགས་སྲོལ་དོ་དམ་པ་ཚོས་ཀྱང་མཁྱེན་བཞིན་པ་ཡིན་ངེས་པས་དེ་ལུགས་མཐའ་གཉིས་སུ་མ་ལྷུང་བ་ཞིག་ཧ་ཅང་གལ་ཆེ་སྙམ།
སྤྱིར་དེང་སང་རང་དགོན་གྱི་འདིའི་ཐད་ཀྱི་ལག་ལེན་སོགས་ལ་ཆ་རྒྱུས་དང་གོ་ཐོས་དམིགས་བསལ་མེད་ལ། རྙོག་དྲ་དང་འགལ་འདུ་ཡོད་པའི་གཏམ་འདྲ་ཡང་གཏན་ནས་མ་གོ་ན་ཡང་། ཆུ་མ་ཡོང་གོང་གི་ཆུ་རགས་ལྟར་སྤྲུལ་རིན་པོ་ཆེའི་ཕྲིན་ལས་དང་ཡང་འབྲེལ་བས་སྒེར་གྱི་ལྟ་ཚུལ་ཕྲན་བུ་ཙམ་ཞིག་འཕྲོས་དོན་དུ་བཤད་པ་ཡིན།
འོ་རེད། དེ་རིང་ནི་སྤྲུལ་རིན་པོ་ཆེ་སྐུ་གཤེགས་ནས་ལོ་ཧྲིལ་པོ་གཅིག་འཁོར་བའི་དུས་ཆེན་ཁྱད་པར་ཅན་ཞིག་རེད། བོད་ཚེས་ཉེར་བཞི་ཆད་ནས་ཉེར་ལྔ་མཁའ་འགྲོ་འདུ་བའི་དུས་ཆེན་དུ་ཡང་ཁེལ་འདུག གུས་པ་དང་ཁྱེད་ཅག་ཚང་མ་ལུས་དང་ལས་ཀྱི་གནས་བབ་ཐ་དད་དུ་ཡོད་ན་ཡང་། སེམས་ཀྱི་འདུན་པ་གཅིག་ཏུ་གཏད་དེ་ཁོང་ལ་གསོལ་བ་འདེབས་བཞིན་ཡོད་རེད།
ང་སྒེར་ལ་མཚོན་ན་སྤྲུལ་རིན་པོ་ཆེ་སྒེར་གྱི་དབང་ལུང་ཁྲིད་གསུམ་མང་པོ་ཞུས་པའི་བླ་མ་དེ་འདྲ་མིན་ན་ཡང་། ཆུང་ནས་ཆེན་པོའི་བར་གྱི་རང་ཉིད་ཀྱི་དགེ་བའི་སེམས་ཉག་མ་རེ་དང་། ཆོས་ཀྱི་བག་ཆགས་ཤིག་སེམས་ཐོག་ཏུ་ཡོད་པ་འདིར་སྤྲུལ་རིན་པོ་ཆེའི་ཐུགས་བསྐྱེད་དང་བཀའ་སློབ་ལ་ཁ་འབྲལ་ཐབས་རྩ་བ་ནས་མེད་པ་རེད། ང་ཚོ་ཚང་མ་ཆུང་དུས་ཆོས་ལམ་ལ་ཞུགས་པ་འདི་ལ་ཁོང་གི་བཀའ་སློབ་དང་ཐུགས་ཁུར་གྱི་བཀའ་དྲིན་མ་ཕོག་པ་ཞིག་གཅིག་ཀྱང་མེད་པ་རེད། དེས་ན་ཁོང་ནི་ང་ཚོར་མཚོན་ན་ཆེས་ཚབ་བྱེད་ཐབས་བྲལ་བའི་དོན་གྱི་སློབ་དཔོན་རེད། འདི་ནི་སྙན་ཚིག་གི་སྡེབ་སྦྱོར་དང་ཁ་བདེ་ལྕེ་རྣོའི་སྐད་ཆ་ཙམ་མ་རེད། དོན་ལ་ཁོང་ཚོའི་བཀའ་དྲིན་དང་ཐུགས་རྗེའི་འོག་ནས་ང་ཚོ་ཆོས་དང་འཕྲད་པ་དང་། དགེ་སྡིག་ངོ་ཤེས་པ་དང་། བཟང་ཕྱོགས་ཀྱི་མི་ཚེ་ཞིག་ཡོད་པ་འདི་བྱུང་བ་རེད། ང་ཚོས་འདི་ནས་མཉམ་དུ་ཡང་དང་ཡང་དུ་ཁོང་ལ་གསོལ་བ་འདེབས་ཤིང་། ཁོང་གི་ཐུགས་ཀྱི་བཞེད་པ་སྒྲུབ་པ་ལ་དབང་བའི་སློབ་མ་ཞིག་ཏུ་འགྱུར་བའི་སྨོན་ལམ་འདེབས།
ཁོང་གིས་ང་ཚོ་ལ་ངེས་པར་དུ་ཐུགས་བརྩེ་གནང་གིན་ཡོད་པ་འདི་ང་ཚོས་ཁོང་ལ་གསོལ་བ་བཏབ་ན་བྱིན་རླབས་འཇུག་པའི་ཉེ་བའི་རྒྱུ་རྐྱེན་རེད། ང་ཚོས་ཀྱང་རྟེན་འབྱུང་གི་ཐག་སྣེ་དེ་ལ་འཇུས་ནས་ཁོང་གིས་ང་ཚོ་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པའི་སྨོན་ལམ་འདེབས།
སྤྱིར་ན་ཉིན་སྤྲུལ་རིན་པོ་ཆེ་སྐུ་གཤེགས་དེ་ང་ཚོ་ཚང་མ་སྡུག་བསྔལ་དྲག་པོས་ནོན་བཞིན་པའི་སྐབས་དེར་ཕྲན་གྱི་ཆེད་དུ་ཡང་མང་པོ་ཞིག་གིས་སེམས་ཁུར་སྣོན་མ་མང་པོ་བྱས་པ་རེད། དེ་ཚང་མ་ངས་མི་ཤེས་པ་མིན། ང་ལ་ཡང་ཚོར་བ་མེད་པའང་གང་ལ་ཡིན། ཡིན་ན་ཡང་། གང་ལྟར་འདས་ཟིན་པའི་གནས་སྟངས་མང་པོ་ཞིག་ནི་བཤད་ན་ཡང་ཕྱིར་ཡོང་དང་ཕན་ཐོགས་མེད་པ་ཞིག་རེད།
སླན་ཆད་ཡིན་ན། ངའི་ངོས་ནས་རང་གིས་ནུས་པ་གང་ཡོད་ཀྱིས་ཆོས་དང་དམ་ཚིག་གིས་འབྲེལ་བའི་རང་གི་དགོན་སྡེ་དང་། ཕྲན་ལ་བསམ་པ་དཀར་བའི་ཡུལ་མི་ཕོ་མོ། ཡག་དགའ་ཉེས་སྡུག་གི་ཚོར་བ་དམིགས་བསལ་ཡོད་པའི་ཉེ་འབྲེལ་སྤུན་མཆེད་སོགས་ལ་བཅངས་པའི་བརྩེ་ཞེན་གྱི་ལ་རྒྱ་ཉག་མ་གཅིག་པོ་འདི་ནམ་ཡང་མི་འདོར་བར་ངེས། ད་དུང་ཡིན་ན་ཡང་། སྤྱི་དང་ཕྱེ་བྲག་གང་ཅིའི་ངོས་ནས་མཆོག་གསུམ་དང་བླ་མའི་མན་ངག་སྙིང་ལ་བཅིངས་ནས་དོན་སྙིང་ཡོད་པའི་ལས་དོན་རེའི་ཆེད་དུ་མུ་མཐུད་མདུན་སྐྱོད་བྱ་ངེས་ཡིན།
ཕ་ཡུལ་གྱི་རི་ཆུ་ལུང་གསུམ་དང་སྣོད་བཅུད་ཚང་མ་དྲན་བཞིན་ཡོད། སྒྱུ་མ་ལྟ་བུའི་མི་ཚེའི་འགྲུལ་བཞུད་འདིའི་ཀློང་དུ་ང་ཚོ་ངེས་པར་ཡང་བསྐྱར་རྒྱུན་ཕྱོགས་གཅིག་ཏུ་འཁོར་ནས་ཕན་ཚུན་ངོ་ཐུག་པ་ཞིག་ཡོང་གི་རེད་སྙམ་པའི་ཡིད་ཆེས་ཡོད། ཟློས་གར་གྱི་བར་མཚམས་ཞིག་ཏུ་ང་ཚོ་ལ་སླར་ཡང་གཞི་མཐུན་གྱི་སྡིངས་ཆ་ཞིག་ཐོབ་ཀྱི་རེད། འདི་ནི་ང་ཚོའི་མི་ཚེ་འདིའི་ཆོས་ཉིད་རེད། བླ་མ་མཁྱེན་ནོ། །
(2018)བོད་ཟླ་དྲུག་པའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན། གུས་རྫ་ཚེ་རིང་བཀྲ་ཤིས་ཀྱི་ཨོ་གླིང་གི་རི་སུལ་ཞིག་ནས་གང་དྲན་འཕྲལ་དུ་ཡི་གེར་བཏགས་ཏེ་བྲེལ་སྟབས་སུ་ཕུལ།
རྫོགས་སོ། །
ལགས་སོ། སྙན་པོ་བྱུང་བཀའ་དྲིན་ཆེ་ང་ཡང་ཞེ་རྫོགས་གཉིས་ཆོས་མུག་གིས་མནར་བའི་སྐབས་སུ་ཆོས་ལྟོ་སྤྲད་མཁན་དེ་ཡིན་པས་རྫ་དྲེལ་དཀར་དགོན་པ་ཐོས་གྲངས་ཧ་ཅང་མང་།