མེ་ཏོག་དཀར་པོ།
༡ ཀེ་ལ་ཤ་ཡི་ཡུལ་དུ་མ་སྐྱེས་ཀྱང་། །
ཁ་བ་ཅན་གྱི་ཁྲག་རྒྱུན་བཞུར་བའི་བུ།།
རྒྱལ་སྤྱི་གཉིད་ལས་དཀྲོག་ཆེད་གོམ་བགྲོད་མཁན། །
ང་ཚོའི་མིག་དམར་མཐོང་མཁན་ཨ་ཡོད་དམ། །
༢ སུམ་གཉིས་ས་ཡི་ཁྱོན་ལ་དབང་བསྒྱུར་བའི། །
སྲོང་བཙན་སྒམ་པོའི་བུ་རྒྱུད་བོད་ཀྱི་བུ། །
དེང་དུས་གཅིག་པུར་ས་མཐའ་མྱུལ་བཞིན་པའི།།
མིག་དམར་མཐོང་ཐོས་ཅན་ཞིག་ཡོད་དམ་ལགས།།
༣ ཁ་སང་ཞིག་གི་རྡ་སའི་རི་ངོགས་ནས། །
གོམ་པའི་རྡོག་སྒྲ་ཐྲིག་ཐྲིག་བྱས་མོད་ཀྱང་།།
ད་ལྟ་གང་ན་ཡོད་པ་མ་ངེས་པའི། །
གོམ་བགྲོད་པ་དེ་མཐོང་ཐོས་མ་གྱུར་ཏམ། །
༤ རྒྱལ་སྤྱིས་བོད་ཀྱི་བདེན་དོན་གསལ་པོ་རུ། །
ད་དུང་རྟོགས་པ་མིན་པ་མཚོན་སླད་དུ། །
དཀར་མིན་སོལ་བའི་མདོག་གི་རས་ནག་པོས། །
མིག་ཟུང་བཀབ་པའི་བུ་དེ་མཐོང་བྱུང་ངམ། །
༥ རྡི་ལི་གསར་པའི་རྒྱ་ནག་གཞུང་ཚབ་མདུན། །
རང་གི་ལུས་པོ་མེ་ལ་སྒྲོན་བྱས་ཏེ། །
རྒྱ་གཞུང་སྙིང་ལ་ཚེར་མ་བཏབ་མཁན་བུ། །
བོད་དོན་རྩོད་མཁན་ད་ལྟ་གང་ན་འདུག །
༦ སྔོན་ཞིག་དུས་ནའང་རྒྱལ་ས་རྡི་ལི་ནས། །
རྡ་ས་བར་དུ་གོམ་བགྲོད་ལ་བརྟེན་ནས། །
བོད་དོན་གསོན་པོར་གནས་ལ་བརྩོན་པ་ཅན། །
རྒྱལ་གཅེས་པ་ཁོང་ད་ལྟ་གང་ན་བཞུགས། །
༧ འདྲེན་བྱེད་མིག་གཉིས་ནག་པོའི་རས་ཀྱིས་སྒྲིབ། །
བགྲོད་བྱེད་རྐང་ཟུང་མེ་ཡིས་ཁྱར་ཁྱོར་བཟོས། །
བསམ་བྱེད་སེམས་པ་བོད་དོན་སྡུག་གིས་ཁེངས། །
ཁེར་བགྲོས་པ་དེ་ཤེས་མཁན་ཨ་ཡོད་ལགས། །
༨ མཐོང་མཁན་ཉུང་ཉུང་ཡིིན་པའི་གཞོན་ནུ་ཞིག །
གླེང་མཁན་མང་པོ་མེད་པའི་འཐབ་རྩོད་པ། །
ས་ཡ་དྲུག་གི་ལས་ཀ་བྱེད་མཁན་ཞིག །
བོད་པ་མིག་དམར་མིག་ལམ་མངོན་བྱུང་ངམ། །
༩ གངས་རིའི་བུ་ཞེས་བཏགས་མཁན་ཁྱོད་ལ་མེད། །
བྱང་ཆུབ་སེམས་དཔར་སྒྲོག་མཁན་ག་ལ་ཡོད། །
ཡིན་རྒྱུ་གཞན་གྱི་དོན་ལ་རྟག་བརྩོན་མཁན། །
རྒྱལ་གཅེས་བུ་དེ་མཐོང་བར་མ་གྱུར་ཏམ། །
༡༠ སྲས་མོའི་མིང་ཅན་དེ་ཡིས་བསྐུལ་མེད་ན། །
ང་དང་འདྲ་བའི་བོད་པ་མང་ཆེ་བས། །
དྲན་པའི་ཡུལ་ནས་བརྗེད་པའི་ལས་འགུལ་བ། །
མིག་དམར་ད་ལྟ་བཞུགས་ས་གང་ན་རེད། །
༡༡ སྒེར་གྱི་མདུན་ལམ་གད་སྙིགས་ནང་དུ་གཡུག།
སྤྱི་དོན་ཞྭ་མོ་གཙུག་གི་རྒྱན་དུ་བྱས། །
རང་དགར་མི་ཚེ་སྐྱེལ་བ་མ་ཡིན་པ། །
གྲུང་པོའི་བུ་དེ་རྣ་བས་ཐོས་སམ་ལགས། །
༡༢ སུ་ཡིན་དྲིས་ན་བོད་པ་ཡིན་ནོ་ཟེར། །
དཔུང་ཞིག་དགོས་ན་བོད་མིའི་དཔུང་དང་འགྲོག །
ལས་ཞིག་བྱེད་ན་ཁ་བ་རི་པའི་ཆེད། །
མན་ཇུ་ཀྲི་ལའི་བུ་དེ་མཐོང་བྱུང་ངམ། །
༡༣ ང་དང་མི་འདྲ་ལག་ལེན་དངོས་སུ་བསྟར། །
ཁོ་དང་མི་འདྲ་ལས་འགུལ་མང་དུ་སྤེལ། །
ཀུན་དང་མི་འདྲ་ལྷག་བསམ་ཡར་ཟླར་འགྲན། །
ཁ་དང་ལག་ལེན་མཚུངས་དེ་གཟིགས་བྱུང་ངམ། །
༡༤ མེས་པོའི་ཕ་ས་དགྲ་ལག་ཤོར་ཟིན་བརྟེན། །
ལྟེ་ཁྲག་བོད་དུ་དོར་བའི་བསྐལ་ཕྲ་ཡང་། །
བོད་པའི་རུས་གོག་བོད་དུ་འཁྱེར་འདོད་ཅན། །
བཙན་བྱོལ་བ་དེ་ཁྱོད་ཀྱི་མཐོང་སོང་ངམ། །
༡༥ རྡ་སའི་གྲོང་ནས་ཐག་རིང་ཕྱིན་གྱུར་ཅིང་། །
ཁ་བརྡའི་ནང་ནས་ཡལ་ལ་ཁད་པ་ཡི། །
མིག་དམར་ཁོང་གི་གནས་ཚུལ་པར་དང་བཅས། །
འགོད་པར་དཔའ་བ་འདི་སུ་ཡོད་དམ། །
༡༦ བོད་ཀྱི་བདེན་དོན་སེམས་ཀྱི་གཏད་ས་རེད། །
བོད་ཀྱི་ལ་རྒྱ་བྲང་ཁོག་སྙིང་དམར་རེད། །
བོད་པ་ཚང་མ་སྤུན་ཟླ་ཤ་ཅིག་རེད། །
བོད་པ་མིག་དམར་ད་ལྟ་ཁེར་རྐྱང་རེད། །
མིག་དམར་ལགས་ཁོང་ཉེ་འཆར་རང་རྒྱ་གར་རྡེ་ར་རྡུན་ས་གནས་ཀྱི་བོད་མི་གནས་ཡུལ་
ཡས་མས་ལ་ཕེབས་ཏེ། མཚན་རྟགས་བསྡུ་རུབ་དང་ཞལ་འདེབས་བསྡུ་སློང་གནང་བཞིན་འདུག
ཚང་མས་ཡར་མར་ནས་ཞིབ་འཇུག་དང་སྐད་ཆ་འདྲི་རོགས་ཞུ།
ཁྱེད་ཀྱི་སེམས་ཚབས་གནང་བ་ལ་སྙིང་ཐག་པ་ནས་དགའ་བསུ་ཞུ། རེད། མིག་དམར་ལྟ་བུ་མིང་དང་གསར་འགོད་པའི་ངོ་གདོང་ལ་མ་བལྟས་པར་བོད་རྩ་དོན་ཁོ་ན་ལ་བསམས་ནས་མི་སྒེར་ཞིག་གིས་ལས་འགུལ་སྤེལ་བ་ནི་བསྔགས་བརྗོད་ཀྱི་ཡུལ་རང་རེད།
དཀའ་ངལ་དྭང་དུ་ལེན་མཁས་དཔའ་བོ་ཁྱེད་ཀྱི་ཆོད་སེམས་ནི།།
ཡུན་རངས་མ་མཐོང་ཁྱེད་ཀྱི་གོམ་སྟབས་གཉོམ་པོ་དག།
སྙུག་འཛིན་དབང་པོའི་ཁ་ནས་ཤོར་དེ་ཡུན་གྱི་བགྲོད།།
གསར་འགོད་ཚོགས་ཀྱི་ཉིད་ཀྱི་སྣང་བརྙན་ཉམ་ཆུང་འདི།།
མིག་གི་དཔྱིད་དུ་མ་གྱུར་གང་གིས་གནས་ཚུལ་ཅི་ཡང་མེད།།
དཔའ་བོ་ཤེས་རབ་ལགས་ད་ལྟ་རྒྱ་གར་ནང་མཚན་རྟགས་བསྡུ་རུབ་ཀྱི་བསྐོར་བསྐྱོད་འགྲོ་མུས་རེད། གལ་སྲིད་ཁོང་ལ་འབྲེལ་བ་བྱ་དགོས་ཤར་ཚེ། ངོ་དེབ་www.facebook.com/yvft1959སྟེང་ཁོང་གི་ཉིན་རེའི་གནས་ཚུལ་རྣམས་འདུག་ལ། གཞན་ཁོང་གི་ལག་ཁྱེར་ཁ་པར་ཨང་གྲངས 9810536548 འབྲེལ་བ་གནང་རོགས།
ང་ཚོ་ཚང་མའི་མིག་དམར་ལགས་དང་། དེ་བཞིན་དཔའ་བོ་དཔའ་མོ་ཚང་མ་སེམས་ནང་རྡོ་ལ་རི་མོ་ལྟར་མ་བརྗེད་པར་གནས་ཡོད། སེམས་འཕྲལ་མི་དགོས།
དེ་འདྲ་ཞིག་ཡིན་ལོས་དགོས། ཡག་པོ་རེད། ནུབ་ཕྱོགས་གངས་ཕྲུག་ལགས།
ཤེས་རབ་ཁོང་དེ་རིང་ག་བར་འདུག ཤེས་མཁན་འདྲ་ཡོད་དམ།