གཉན་ཆེན།
——ཆེད་དུ་དཔའ་བོ་གླིང་ཚ་ཚེ་བརྟན་རྡོ་རྗེར་བྲིས།
བརྩེ་བའི་ཆུང་མ་མདུན་ནས་བཞག་སྟེ་རིགས་ཀྱི་བརྩེ་སེམས་སྙིང་ལ་བཅངས།།
བརྩེ་བའི་བུ་ཆུང་གཡས་ནས་གཡུགས་ཏེ་རང་སེམས་དམ་བཅས་བསྐུལ་ནས་ཡོང་།།
བརྩེ་བའི་བུ་མོར་གཡོན་ནས་གཡོལ་ཏེ་རྡ་སའི་ཕྱོགས་ལ་བསྙེགས་ནས་རྒྱུག །
བརྩེ་བའི་ཕ་མ་རྒྱབ་ནས་བསྐྱུར་ཏེ་ཞི་བའི་གོམ་བགྲོད་བོད་ལ་བསྐྱོད།།
རང་གི་ཤ་ཁྲག་ལུས་ལས་མཆེད་པའི་བུ་ཕྲུག་ཡིན་རུང་བློས་བཏང་བྱས།།
དམར་བོ་སྙིང་གི་ཕྱེད་ཁ་ཡིན་པའི་ཆུང་མ་དེ་ཡང་སེམས་ནས་བཞག །
རང་དོན་ཐམས་ཅད་ཡལ་བོར་དོར་ཏེ་གཞན་དོན་སྒྲུབ་པའི་དམ་བཅའ་བཅས།།
རང་གི་ཤ་ཁྲག་རུས་གསུམ་པོ་ཡང་མི་རིགས་ཤིག་གི་ཆེད་དུ་བསྔོས།།
འགྱུར་མེད་སེམས་ཀྱི་དམ་བཅའ་བརྟན་པོ་རི་རྒྱལ་ལྷུན་པོའི་ངོ་བོར་གནས།།
འགྱུར་མེད་སེམས་ཀྱི་ལྷད་མེད་དུངས་ཞེན་ཁ་བ་ཅན་ལ་བཅངས་ནས་ཕེབས།།
འགྱུར་མེད་ཞི་བའི་ལས་འགུལ་དེ་ཡང་ཕྱིར་ལྡོག་མེད་པར་བརྩམས་ནས་སོང་།།
འགྱུར་མེད་དཔའ་བོའི་སྙིང་སྟོབས་དེ་ཡང་གནམ་ལྕགས་ཐོག་གི་མདའ་མོ་བཞིན།།
འགྱུར་བ་མེད་པའི་སེམས་ཤུགས་རྦ་རླབས་གཡང་གཟར་ཆེ་བའི་བྲག་ནས་མཆོང་།།
འགྱུར་བ་མེད་པའི་རྣམ་དག་སེམས་པ་ལྷག་བསམ་གཤོག་པས་མཁའ་ལ་སྐྱོད།།
འགྱུར་བ་མེད་པའི་བདེན་པའི་ཨུ་ཚུགས་རང་གི་ལྟ་བའི་ཐུགས་ལ་འཁྲུངས།།
འགྱུར་བ་མེད་པའི་མི་རིགས་འཐབ་རྩོད་མ་ཤི་བར་དུ་རྩོད་ངེས་རེད།།
ས་ཡ་དྲུག་གི་ཐོབ་ཐང་རྩོད་ཕྱིར་བདེན་པའི་རི་བོ་རྒྱབ་ཏུ་འཁུར།།
སྙིང་སྟོབས་ལྕགས་ཀྱི་ཕྱི་ཤུན་བཏུམས་ཏེ་ཅི་ཡང་བཟོད་པའི་དཔའ་རྒོད་ཁྱོད།།
ཞི་བའི་གོམ་བགྲོད་བྱང་ལ་སྐྱོད་དུས་སེམས་ན་གཞིས་བཞུགས་སྤུན་ཟླ་ཡོད།།
ཨུ་ཚུགས་རླུང་གི་ཤུགས་ཀྱིས་དེད་དེ་ལེ་བར་ཁྲི་ཕྲག་ཐོད་ཀྱིས་བརྒལ།།
ལྟོགས་སྐོམ་རྒྱུ་མ་མེ་ལ་འབར་རུང་སེམས་ན་ས་ཡ་དྲུག་ལས་མེད།།
ཚ་གདུག་དྲོད་ཀྱིས་མེ་བཞིན་འབར་བའི་རྒྱ་གར་ལུང་བ་གོམ་གྱིས་བགྲོད།།
ཚ་བའི་གདུང་བ་ཁྱད་དུ་བསད་དེ་ཚ་དམྱལ་བརྒྱད་ཀྱིས་བཙེས་པ་བཟོད།།
རྐང་བའི་མཐིལ་ལ་སྐྲང་འབུར་ཐོན་རུང་གོམ་པ་སྤོ་བ་མཚམས་འཇོག་མེད།།
གོམ་རེ་སྤོས་ན་དཀའ་ངལ་རེ་ཡིས་ལུས་སེམས་ཀུན་ལ་གཙགས་ནས་ཡོང་།།
མཚན་རེ་སླེབས་ན་ཉལ་ས་མེད་པའི་སྡུག་བསྔལ་འཇིགས་སྐྲག་ཉིན་རེར་ཡོད།།
ནམ་རེ་ལངས་ན་ལྗིད་ཁོག་འཁུར་བོ་འཁུར་བའི་དཀའ་ཚེགས་ཅིས་ཀྱང་ཡོད།།
ཆར་རེ་བབ་ན་ཆར་ཆུར་གཡོལ་བའི་སྐྱིད་པའི་སྤྱིལ་བུ་གང་ན་ཡོད།།
རྒྱབ་ན་རྒྱ་གར་ཉེན་རྟོག་པ་ཡིས་ཅི་ཞིག་ཟེར་བའི་དངངས་སྐྲག་ཡོད།།
མདུན་ན་རྒྱ་དམག་ཁྲི་ཕྲག་གཅིག་གིས་དྲག་པོའི་དཔུང་གི་སྒུག་ནས་ཡོད།།
རུམ་ན་མིག་ཆུའི་རྒྱུན་ཐག་མ་ཆད་ཕ་མའི་སྡིག་གི་ཆོ་ངུའི་ཡོད།།
རྒྱང་ན་གཅེས་ཕྲུག་གསོན་པོ་གཉིས་ཀྱིས་ཨ་ཕ་ཟེར་བཞིན་ངུའི་ནས་ཡོད།།
ཁྱོད་ཀྱི་རྟུལ་ཕོད་རྦབ་རྡོ་དེ་ནི་འཇིག་རྟེན་མི་ཡིས་ཁོག་ཐབས་མེད།།
ཁྱོད་ཀྱི་སྙིང་སྟོབས་བློས་གཏོང་དེ་འདྲ་གཱན་རྡེའུ་རྗེ་ཡིས་དོ་ཟླ་མེད།།
ཁྱོད་ཀྱི་དམ་བཅའ་ཁྲོ་ལས་གྲུབ་པའི་སུ་དང་གང་གིས་ཞིག་ཐབས་མེད།།
ཁྱོད་ཀྱི་སེམས་པ་ལྕགས་ལས་གྲུབ་པའི་སུ་དང་གང་ལ་འཇིགས་པ་མེད།།
ཉིན་ཞག་བརྒྱ་ཕྲག་ངལ་བས་བསྐྱལ་ཏེ་བྱང་ཕྱོགས་རྡོ་རྗེ་གླིང་ལ་འབྱོར།།
གྲིམ་པའི་མཐོང་བྱེད་འབུམ་ཕྲག་མང་བོས་ཉིན་མཚན་མེད་པར་འཚོས་ནས་བསྡད།།
ཉན་བྱེད་རྣ་བས་དེ་བཞིན་དུ་ཡང་རྣ་བ་གླགས་ཏེ་སྒུག་ནས་བསྡད།།
གསར་འགོད་པ་ཡི་པར་ཆས་དེ་ཡི་མཆུ་ཏོའི་ཁ་ནས་བརླག་གི་ཐལ།།
ད་ནི་ཡག་སྡུག་གང་ལ་བཞུད་སོང་རྩ་གསུམ་ལྷ་ཡིས་སྐྱོབ་དགོས་ཡོད།།
དཀར་བོ་སྲུང་མ་གཉན་པོའི་རིགས་ཀྱིས་མི་མངོན་ས་ནས་སྲུང་དགོས་ཡོད།།
རྒྱ་གར་གསང་བའི་ལས་ཁུངས་ཁག་གིས་ཅི་བྱུང་གར་ཡོད་ཤེས་དགོས་ཡོད།།
བོད་ཀྱི་བདེ་སྲུང་ལས་བྱེད་པ་ཡིས་ཤི་གསོན་རྩད་གཅོད་ཐུབ་དགོས་ཡོད།།
ཡང་ན་ནག་ཕྱོགས་དགྲ་ཡི་ལག་ན་དམྱལ་ཁམས་བཅོ་བརྒྱད་མྱངས་ནས་ཡོད།།
དེ་མིན་དཀར་བོ་གཉེན་གྱི་ཕྱོགས་ན་འགྲོ་འདུག་རང་དབང་བཀག་ནས་ཡོད།།
འོ་ན་ལུས་སེམས་དཀའ་ངལ་ཞིག་གིས་སྨན་ཁང་ནང་ན་བསྙལ་ནས་ཡོད།།
གོ་འདོད་མེད་པའི་གཏམ་ངན་དེ་འདྲ་མིན་པའི་སྨོན་ལམ་ཡང་ཡང་འདེབས།།
སུ་དང་གང་ལ་ཆ་རྒྱུས་མེད་པའི་མུན་ཁུང་ཞིག་ན་བསྡད་ཡོད་དམ།།
སུ་དང་གང་གིས་གོ་ཐོས་མེད་པའི་དབེན་ས་ཞིག་ན་གནས་ཡོད་དམ།།
གསང་བའི་དར་སྐུད་མི་མཐོང་ས་ནས་སུ་དང་གང་ལ་འབྲེལ་བ་ཡོད།།
ཧ་ཅང་གསང་བའི་མིག་འཕྲུལ་འདི་ནི་བཟང་རྟགས་ངན་རྟགས་ཅི་ཞིག་ཡིན།།
འཛམ་བུའི་གླིང་གི་གསར་འགོད་པ་ཡིས་མི་མཐོང་ས་ན་གསོན་པོར་ཤོག །
རྒྱ་གར་ལུང་བའི་བརྟན་ས་ཞིག་ན་དཔའ་བོ་ལྷོད་ཀྱིས་བཞུགས་པར་སྨོན།།
ཁ་ཁུ་སིམ་པོའི་ཁང་བའི་ནང་ནས་འབོལ་རྩོམ་ལྷུག་མ་སྐྱུགས་ནས་སྡོད།།
རང་སེམས་དམ་བཅའི་རི་མོ་དེ་ཚོ་བརྩིགས་པའི་ངོས་སུ་བཞེངས་ནས་སྡོད།།
ཉི་འོད་བསྒྲིབས་པའི་ཁང་བའི་ནང་ན་ཉི་མར་སེམས་པ་འཁྲེངས་ནས་ཡོད།།
འདུག་རོགས་མེད་པའི་བཙོན་དོང་ཞབས་ན་ཁེར་རྐྱང་སེམས་པ་སུན་སྣང་ཆེ།།
ཁ་ལ་འབྲས་དང་ལྡ་ལི་རྐྱང་བས་རྩམ་མར་ཕྱུ་ར་དྲན་ནས་ཡོད།།
ཁོག་ན་སྐྱོ་བའི་སེམས་གཏམ་དམར་བོ་ཁ་ནས་བརྗོད་སའི་འདུག་རོགས་མེད།།
མཚན་མོར་ཉལ་བའི་རྨི་ལམ་ནང་དུ་དྲིན་ཆེན་ཕ་མ་མཇལ་ཡོད་དམ།།
སྙིང་གི་དུམ་པུའི་བུ་ཆུང་དེ་ཡང་ཡང་ཡང་སེམས་ལ་འཁོར་ཡོད་དམ།།
བརྩེ་བའི་མཛའ་མོས་རྨི་ལམ་ཞིང་ནས་སྐོར་བ་ལན་གསུམ་བརྒྱབ་ཡོད་དམ།།
མེ་ཏོག་འདྲ་བའི་བུ་མོའི་མཉམ་དུ་རྩེད་རྭའི་རྩེད་རོགས་དྲན་ཡོད་དམ།།
རྒྱུ་འབྲས་མེད་པའི་འཇིག་རྟེན་འདི་ན་གནས་ལུགས་བཤད་སའི་ཁྲིམས་ར་མེད།།
ཉམ་ཆུང་སྐྱོ་བོའི་དཔུང་རོགས་ཉན་པའི་དཔའ་བོ་ནམ་མཁའི་མེ་ཏོག་བཞིན།།
སུ་ལ་འབྱོར་བའི་རྒྱབ་དཔུང་ཡོད་ན་འཇིག་རྟེན་འདི་ཡི་རྒྱལ་བོ་ཡིན།།
ཐམས་ཅད་རྒྱུ་ཡིས་བསླུ་བྲིད་འོག་ན་མགོ་བོ་དགྱེ་བ་ཁྱོད་ཉིད་གཅིག །
ཁྱོད་ཀྱིས་བཞག་པའི་རྐང་རྗེས་རེ་ན་ཕ་མའི་སྤོབས་པའི་མེ་ཏོག་རེ།།
ཁྱོད་ཀྱི་སྤྱོད་པའི་མཛད་བཟང་རེ་ན་བུ་ཕྲུག་གཉིས་ཀྱིས་བསམ་གཞིག་རེ།།
ཁྱོད་ཀྱིས་བློས་གཏོང་སྙིང་སྟོབས་རེ་ན་གདར་མ་ང་ཚོར་མིག་དཔེ་རེ།།
ཁྱོད་ཀྱིས་སེམས་ཐག་རྦད་ཆོད་རེ་ན་མི་སེམས་གསོ་བའི་སེམས་ཤུགས་རེ།།
ཉིན་ཞག་སོར་མོས་འགྲང་བའི་མི་ཚར་སྡུག་གི་སེམས་པའི་གཉའ་ལ་ཞོན།།
དོན་ཆེན་འགྲུབ་པར་ངང་རྒྱུད་རིང་བོའི་ཕུགས་བསམ་གསེར་གྱི་རྟ་ཕོ་དགོས།།
སེམས་ཤུགས་གངས་ཀྱི་རི་བོ་མཐོན་པོ་གཡོ་མེད་ཏིང་འཛིན་ཉམས་སུ་ཤར།།
མཐོང་ཐོས་མེད་པའི་དབེན་ཁྲོད་ཞིག་ནས་ཁ་བའི་ལ་རྒྱ་སྙིང་ལ་ཆོངས།།
མིག་ཆུའི་བཙེས་པའི་ཕ་མ་གཉིས་དང་ཕྱིར་མཇལ་ཡོང་བའི་རེ་བ་ཡོད།།
དྲན་པས་གདུང་བའི་བུ་ཆུང་གཉིས་དང་ཕྱིར་འཛོམས་ཡོང་བའི་སྨོན་ལམ་འདེབས།།
དྲན་པ་མེད་པའི་བོད་རིགས་རྣམས་དང་ཕྱིར་ངོ་མཇལ་བའི་སྐལ་བ་ལྡན།།
དཔའ་བོའི་བསམ་དོན་ཡིད་བཞིན་འགྲུབ་པའི་རྟགས་དང་རྟེན་འབྲེལ་རང་འགྲིག་ཤོག །
སྤྱི་ལོ་༢༠༡༣ ཟླ་༡༡ ཚེས་༢༧ ཉིན།
གཉན་ཆེན་ལགས་ལ་སྙིང་ཐག་པ་ནས་སྐུ་དྲིན་ཆེ་ཞུ། མདོར་བསྡུས་ནས་བཤད་ན། ཁྱེད་ཀྱི་གསུང་འདི་བརྒྱ་གོ་གཅིག་ཆོད་རང་རེད་ལགས་་་་མུ་མཐུད་ནས་འོང་ཆོག