རྡོ་རྗེ་རིན་ཆེན།
དེང་སྐབས་བོད་ཕྱི་ནང་གཉིས་ཀྱི་བོད་ཡིག་གི་དྲ་ཚིགས་ཁྱོན་བསྡོམས་ཉིས་བརྒྱ་ལྷག་བརྒལ་བར་ངོས་འཛིན་ཞིང་། དེ་ལྟར་དྲ་རྒྱའི་བརྒྱུད་ལམ་ཡར་རྒྱས་སུ་ཕྱིན་པ་དང་དུས་མཚུངས་མིང་གི་ཆག་སྒོ་སྣ་ཚོགས་ཤིག རང་རེའི་བོད་ཀྱི་སྤྱི་ཚོགས་སུ་ཡང་བྱུང་དང་འབྱུང་བཞིན་པ་ནི། དངོས་མིང་དང་སྙུག་མིང་འདྲ་བ་དང་། དངོས་མིང་དང་སྙུག་མིང་ལ་སིམ་འཛུལ་བྱེད་པ། གང་ཟག་གཅིག་གིས་མིང་རྫུན་དང་སྙུག་མིང་ཅི་རིགས་སྤྱོད་པ་བཅས་སོ། །
གཅིག སྙུག་མིང་འདྲ་བའི་ནོར་འཛོལ།
སྙུག་མིང་འདྲ་བའི་ནོར་འཛོལ་འདི་བོད་གཞིས་བྱེས་གཉིས་ཀྱི་སྙུག་ཐོགས་པའི་སྡེ་རུ་བྱུང་མྱོང་ཡོད་ཅིང་། བོད་དུ་མཚོན་ན། སྙུག་མིང་མེ་ཞགས་དང་མེ་ཞགས་ཞེས་གཉིས་སླེབས་པ་དང་། དེ་བཞིན་མེ་འབར་དང་མེ་འབར། གཉན་དང་གཉན། གངས་ཐིག་དང་གངས་ཐིག བྲག་ཞུན་དང་བྲག་ཞུན། ཕོ་རོག་དཀར་པོ་དང་ཕོ་རོག་དཀར་པོ། སྙུག་མིང་ཐོག་དང་དུས་དེབ་ཐོག་སོགས་བྱུང་སྟེ་ཕན་ཚུན་བར་རྩོད་གླེང་དང་ཞི་འགྲིག གསེད་བཀྲོལ་དགོས་པའི་གནས་ཚུལ་ཅི་རིགས་ཀྱིས་མཚོན། ཉེ་ཆར་ཕྱི་སྡོད་བོད་མིའི་ཁྲོད་དུ་ཡང་སྙུག་མིང་བསེ་རུ་ཅན་གཉིས་ཐོན་པ་སོགས་ནི་སྙུག་མིང་འདྲ་བའི་ནོར་འཛོལ་ཞིག་རེད།
གཉིས། དངོས་མིང་ལ་བཙན་འཛུལ་བྱེད་པ།
དངོས་མིང་དང་སྙུག་མིང་འདྲ་བ་ནི་བསམ་བཞིན་མིན་པ་སྟེ། ཅུང་གུ་ཡངས་རང་བཞིན་ཅན་དང་དཀའ་ངལ་ཆུང་བའི་རིགས་ལགས་མོད། ཁག་ཅིག་གིས་ཆེད་དུ་གཞན་གྱི་དངོས་མིང་བརྐུས་ཤིང་རང་ཉིད་དངོས་མིང་དེར་རྫུས་ཏེ། སྤྱི་ཚོགས་ལ་བརྡབ་གསིག་གཏོང་མཁན་ཡང་ཇི་སྙེད་ཅིག་ཡོད་པ་དག་ནི་ཆེས་ཉེན་ཁ་ཚ་ཤོས་དེ་རེད། དཔེ་མཚོན་ཞིག་ནི་དཔལ་དགྱེས་པ་རྡོ་རྗེ་འདི་ལྟར། ‘‘ཁོ་བོ་དཔལ་དགྱེས་པ་རྡོ་རྗེ་ལ་མཚོན་ན་ཡང་། གཅིག་ནས་བོད་མི་ཞིག་ཡིན་པ་དང་། གཉིས་ནས་བོད་ཀྱི་ཆོས་དང་རིག་གཞུང་ཆབ་སྲིད་སོགས་ཕྱོགས་གང་ཐད་ལ་ཡག་དགའ་ཉེས་སྡུག་གི་སེམས་ཞིག་ཡོད་པས། སྤྱི་ཚོགས་ཀྱི་མཐོ་དམན་གང་དུ་སྐྱོན་ཆེན་པོ་རེ་མཐོང་ན་དེ་དག་ལ་བསམ་ཚུལ་དྲོན་མོ་རེ་མ་བརྗོད་རང་དབང་མེད་པའི་རྒྱུ་མཚན་གྱིས། ལས་རྒྱུ་འབྲས་དང་། དངོས་ཡོད་གནས་ཚུལ་དཔང་དུ་བཞག་སྟེ། རང་གི་མིང་ངོ་མའི་ཐོག་ནས་བསམ་ཚུལ་ལྷུགས་པོ་འགའ་རེ་བརྗོད་པ་ཡིན་ཡང་།
བསམ་ཚུལ་དེ་དག་སེམས་ལ་མ་འཕྲོད་པའི་མི་འགའ་ཞིག་གིས། ཐོག་མར་རྨི་ལམ་དུ་ཡང་དྲན་མ་མྱོང་བའི་སྐུར་འདེབས་བྱས། དེས་ཀྱང་གནོད་ཆེན་པོ་ཞིག་བསྐྱལ་མ་ཐུབ་པ་མཐོང་དུས། མིང་རྫུན་བཅུ་ཕྲག་བཀོལ་ནས་ངའི་མཆན་འགའ་རེ་བརྐུས་ཤིང་དེ་དག་གི་གནད་འགག་རྣམས་བསྒྱུར་ནས་མིང་རྫུན་ཅན་དེ་རྣམས་ཤུགས་ཀྱིས་ང་ཡིན་མདོག་བསྟན་ཅི་ཐུབ་བྱས་ཤིང་། དེ་ནས་ཡང་མིང་གཞན་ཞིག་བཀོལ་ཏེ་ཡོད་ཚད་ང་ཡིན་པའི་དཔང་རྟགས་ཡོད་ཚུལ་བཤད།
དེས་ཀྱང་གནོད་ཆེན་པོ་ཞིག་བསྐྱལ་མ་ཐུབ་པ་མཐོང་དུས་དཔལ་དགྱེས་པ་རྡོ་རྗེ་དང་། དཔལ་དགྱེས། དགྱེས་རྡོར་སོགས་ཟེར་བའི་མིང་དུ་མ་བཀོལ་ཏེ་བོད་ཀྱི་སྤྱི་ཚོགས་ཀྱི་ཆེ་ས་ཟབ་ས་ཀུན་ལ་ཁ་ན་མ་ཐོ་བའི་ངན་སྨྲས་དང་སྐུར་འདེབས་བྱས་ནས། གཡེན་སྦྱོར་དཀྲུག་ཤིང་གི་འཁོར་ལོ་བསྐོར། ད་དུང་དེས་ཀྱང་མ་ཚིམས་པར་དཔལ་དགྱེས་ཀྱི་མིང་བེད་སྤྱད་ནས་སྐྱོན་ངོས་ལེན་དང་བཤགས་སྡོམ་བྱེད་ཁུལ་སོགས་བྱས། ’’ཞེས་དང་།
‘‘མཐའ་དོན་གསལ་པོར་ཞུ་རྒྱུ་ཞིག་ལ། ད་བར་ཁ་བརྡ་དྲ་ཐོག་འདིར་ཁོ་བོའི་མཆན་ལ་གཞི་བྱས་ནས། དེའི་གནད་འགག་རྣམས་གཡེན་སྦྱོར་གྱི་ཚིག་དུ་བསྒྱུར་ཏེ་ཁོ་བོ་ཡིན་མདོག་བྱེད་མཁན་དང་། ཡང་ཁོ་བོའི་མིང་དངོས་སུ་བཀོལ་ནས་ཕུ་དཀྲུག་མདའ་དཀྲུག་བྱེད་མཁན་བཅུ་ལྷག་ཅིག་བྱུང་སོང་བ་རྣམས། མི་གཅིག་གིས་བྱེད་ཀྱི་ཡོད་དམ་ཡང་ན་ཁ་ཤས་ཀྱིས་བྱེད་ཀྱི་ཡོད་ཆ་མ་འཚལ་ཡང་། གང་ལྟར་ཁ་ན་མ་ཐོ་བའི་མཆན་གྱི་རིགས་དང་། བླ་ཆེན་ཁག་དང་ཆོས་བརྒྱུད་ཁག་ལ་དེ་ལས་གནག་རྒྱུ་མེད་པའི་ཚིག་མཚོན་དང་བཅས་མཆན་འདེབ་མཁན་རྣམས་ནི་ཁོ་བོ་མིན་པས་གཟུ་བོར་གནས་པ་རྣམས་ཀྱིས་མཁྱེན་རྒྱུ་གལ་ཆེ།’’ཞེས་བསྒྲགས་གཏམ་སྤེལ་ཡོད།
གཞན་ཡང་ཨ་རིག་དགེ་མཐོང་གི་ཟིན་བྲིས་སུ། ‘‘ཨ་རིག་འགྱུར་མེད་ཀྱི་མིང་བརྐུས་པ་དང་ཨེ་མེལ་ཁ་བྱང་ཚེག་གཅིག་མ་གཏོགས་ཇི་བཞིན་བཟོས་པ། ཚེ་རིང་སྐྱིད་ཀྱི་མིང་བརྐུས་པ། དེའི་རྗེས་ཕྲན་གྱི་མིང་བརྐུས་ནས་ཨ་རིག་དགེ་མཐོང་ཟེར་བ་ཞིག་སླེབས་བྱུང་། བོད་ཀྱི་དུས་བབ་རྩོམ་སྒྲིག་ལས་རོགས་དོན་གྲུབ་བཀྲ་ཤིས་ཀྱི་མིང་བརྐུས་ནས་ཕྲན་ལ་སྐྱོན་བརྗོད་བྱས་པ་རེད།’’ཞེས་དང་། ཡང་ཉེ་ཆར་ཁ་བརྡ་དྲ་བའི་ཞབས་མཆན་པ་ཞིག་གིས་ལྷོ་ཕྱོགས་ཀྱི་དགེ་འདུན་པ་འཇམ་དབྱངས་བློ་གྲོས་ཀྱི་མིང་བེད་སྤྱད་ནས་༸གོང་ས་མཆོག་ལ་མཚན་དམོད་བྱས་པ་ཐེར་འདོན་ཐུབ་པ་ལྟར་རོ། །
དཀའ་ངལ་འདིའི་རིགས་ནི་གསར་བྱུང་ཞིག་མིན་པ་སྟེ། ལོ་སྔོན་མའི་ཕྱི་ཟླ་གསུམ་པར་ཁ་བརྡ་དྲ་ཚིགས་ཀྱི་གསལ་བསྒྲགས་ཤིག་ཏུ། ‘‘ད་ཕན། ཁ་བརྡའི་སྒང་ལ་མཆན་བུ་སྤེལ་མཁན་ཚོའི་ནང་དུ་། རྩོམ་མཁན་གཞན་གྱི་དངོས་མིང་བེད་སྤྱོད་གཏོང་མཁན་འགའ་བྱུང་སོང་། གནད་དོན་འདིའི་ཐད་ནས། ཁ་བརྡར་ཡིག་ངག་གཉིས་ཐོག་ནས་ཞུ་གཏུགས་བྱེད་མཁན་ཡང་བྱུང་སོང་། དེར་བརྟེན། མ་འོངས་བར། རྩོམ་མཁན་གཞན་གྱི་དངོས་མིང་བེད་སྤྱད་ནས་ཁ་བརྡའི་སྒང་ལ་མཆན་བུ་བཏབ་ན། མཆན་སྤེལ་མཁན་དེའི་རིགས་ང་ཚོས་གཏན་འགོག་ཞུ་གི་ཡིན།’’ ཞེས་དང་། ཉེ་ཆར་གྱི་གསལ་བསྒྲགས་སུ། ‘‘ཡང་སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་བྲིས་ཚེ་འགོད་རྒྱུ་མིན།’’ ཞེས་པར་གཞིགས་ཚེ་གཞན་གྱི་དངོས་མིང་ལ་སུམ་འཛུལ་བྱེད་པ་འདི་ད་བར་རྒྱུན་ཆད་མེད་པ་བདེན་དཔང་བྱེད་ནུས། དེ་བཞིན་ཁྲི་བྱང་རིན་པོ་ཆེའི་མཚན་ཐོག་ནས་མཆན་འདེབས་མཁན་ཞིག་ཡོད་སྐད་འདུག་མོད། དེ་ཡང་ཁྲི་བྱང་རིན་པོ་ཆེ་ཡིན་མིན་ལ་རྟོག་ཞིབ་གནང་དགོས་པ་ཞིག་རེད།
གསུམ། སྙུག་མིང་ལ་བཙན་འཛུལ་བྱེད་པ།
གོང་བརྗོད་བཞིན་དངོས་མིང་ལ་བཙན་འཛུལ་བྱེད་པ་བཞིན་སྙུག་མིང་ལའང་བཙན་འཛུལ་བྱེད་བཞིན་ཡོད། དཔེར་ན། ཨ་རིག་དགེ་མཐོང་གི་ཟིན་བྲིས་སུ་‘‘སྟག་སྨྱོན་གྱི་མིང་བརྐུས་ནས་སྟག་སྨྱོན་ཡིན་མདོག་དང་།’’ཞེས་བཀོད་ཡོད་ལ། དེ་བཞིན་གཡུ་དྲུག་དཀར་ཞེས་པའི་སྙུག་མིང་གཉིས་བྱུང་སྟེ། དངོས་མིང་སྐལ་བཟང་ཉི་མ་དང་སྙུག་མིང་གཡུ་དྲུག་དཀར་གྱིས་《སྙུག་མིང་དང་འབྲེལ་བའི་གསལ་བཤད།》ཀྱི་བསྒྲགས་གཏམ་སྤེལ་བའི་ནང་། ཁོའི་སྙུག་མིང་སྤྱོད་མཁན་དེས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་བོད་མི་དམངས་སྤྱི་ཟུར་དགེ་རྒན་ལྷ་མོ་སྐྱབས་དང་། བཀའ་ཟུར་འཇུ་ཆེན་ཐུབ་བསྟན་གཉིས་ལ་གཞི་མེད་སྐྱོན་འཛུགས་བྱས་སྐོར་གསལ་ཡོད། ཕྱོགས་མཚུངས་བོད་ཀྱི་དྲ་ཚིགས་ཤིག་ཏུ་《སྙུག་མིང་རྐུ་མཁན་ཞིག་ལ་སྤྲིངས་པ།》ཞེས་པ་སོགས་རྩོམ་ཡིག་སྤེལ་ཏེ་རྩོད་གླེང་བྱུང་ཡོད་ལ། སྙུག་མིང་ཐོག་དང་དུས་དེབ་ཐོག་གི་བར་ལ་ཡང་རྩོད་གླེང་རིམ་པར་བྱུང་ཡོད། དེ་རིགས་ད་དུང་མང་པོ་ཡོད་སྲིད་ཀྱང་འདིར་ཕྲན་ནས་གང་ཤེས་ཙམ་དཔེ་མཚོན་དུ་དྲངས་པ་ཡིན།
བཞི། གང་ཟག་གཅིག་གིས་མིང་དང་སྙུག་མིང་ཇི་སྙེད་སྤྱོད་པ།
བར་ལམ་དྲ་རྒྱའི་སྟེང་གི་དཀའ་ངལ་གཞན་ཞིག་ནི། གང་ཟག་གཅིག་གིས་མིང་རྫུན་དང་སྙུག་མིང་བཅུ་གྲངས་སྤྱད་ནས། གང་ཟག་ཁ་ཁ་ཡིན་པ་སྟོན་ཁུལ་གྱིས་སྤྱི་ཚོགས་ནང་བརྡབ་གསིག་བཟོ་བཞིན་པ་དེ་ཡིན་ཞིང་། དེར་དམིགས་ནས་ཁ་བརྡ་དྲ་བའི་སྔ་ལོའི་གསལ་བསྒྲགས་ཤིག་ཏུ་‘‘ཁ་བརྡར་མཆན་སྤེལ་མཁན་ཚོའི་ནང་ན། གང་ཟག་གཅིག་གིས་མིང་སྣ་ཚོགས་ཀྱི་སྒོ་ནས་མཆན་འདྲ་མིན་སྤེལ་བར་ཐབས་ཤེས་བྱེད་མཁན་འདུག དེ་ཚོའི་རིགས། དག་མཆན་མ་ཐོབ་སྔོན་ནས་ང་ཚོས་འགོག་གི་ཡོད། ད་དུང་ཡང་འགོག་གི་ཡིན།’’ ཞེས་དང་། ཉེ་ཆར་ཡང་དེ་སྐོར་ལ་གསལ་བསྒྲགས་སྔ་ཕྱི་གཉིས་སྤེལ་བས་མཚོན། བོད་མི་དམངས་གྲོས་ཚོགས་དང་། དྲ་ཚིགས་ཁག་སོ་སོར་གནད་དོན་དེ་སྐོར་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད།
དཀའ་ངལ་ཇི་ལྟར་སེལ་ཐུབ་བམ།
དཀའ་ངལ་ཆེ་ཤོས་དེ་སྙུག་མིང་འདྲ་བོ་དང་དངོས་མིང་འདྲ་བོ་བེད་སྤྱོད་གནང་བའི་བོད་ཀྱི་སྙུག་ཐོགས་པའི་སྡེ་ལ་ཐུན་མོང་གི་བརྩི་སྲུང་དགོས་པའི་ཁྲིམས་གཞི་ཞིག་མེད་པ་ནའང་། སྟབས་ཡག་པ་ཞིག་ལ་བོད་ནང་དཀའ་ངལ་དེ་རིགས་རང་གི་མི་རིགས་འདིར། དུས་སྔ་མོ་ནས་ཤ་འདྲེས་ཁྲག་འདྲེས་སུ་གྱུར་པའི་ཐུན་མོང་མིན་པའི་ཡ་རབས་བཟང་པོའི་ལམ་སྲོལ་ཏེ་གཅིག་གིས་གཅིག་ལ་བསམ་ཤེས་དང་གུ་ཡང་བྱེད་ཤེས་པའི་ཀུན་སྤྱོད་ཅིག་ཡོད་པ་དེ་ཡིན་ཞིང་། དེ་ནི་ཁྲིམས་ལུགས་ལས་ཀྱང་ཆེས་གཟི་བརྗིད་ཆེ་བ་ཞིག་རེད།
དཔེར་ན། མེ་ཞགས་གཅིག་གིས་འདི་ལྟར། ‘‘པིར་མིང་གི་ཐོག་མའི་རང་བཞིན་དང་ཁེ་དབང་རང་བཞིན་གྱི་ཐོག་ནས་བཤད་ན་པིར་མིང་འདི་སུས་ཐོག་མར་བཀོལ་བ་ཡིན་ན་བདག་དབང་དེ་ལ་ཐོབ་ཆོག་ཆོག་ཡིན། དེ་ན་ཁྱེད་ཀྱིས་རང་བློར་རྒྱབ་འགལ་མ་བྱས་པར་གསོང་བོར་བརྗོད་ན་པིར་མིང་འདི་ནམ་ནས་འགོ་བཟུང་སྟེ་བཀོལ་བ་ཡིན་ལགས། གལ་ཏེ་ཁྱོད་ང་ལས་སྔ་བ་ཡོད་ཚེ་ངས་པིར་མིང་འདི་སང་ཉིན་ནས་བརྗེས་ཏེ་དྲ་ཐོག་ནས་གསལ་བཤད་བྱེད་ངེས། གལ་ཏེ་མིན་ན་ཁྱེད་ཀྱིས་ཀྱང་མིང་འདི་ང་ལ་ཕྱིར་སྤྲོད་པར་ཞུ་ཞུ།’’ ཞེས་བཤད་ཡོད།
མེ་ཞགས་གཞན་པས་ ‘‘གྲོགས་ཀྱིས་གསུངས་པ་ཧ་ཅང་བདེན། འུ་གཉིས་ཀས་མིང་འདི་ལ་རྩིས་ཆེན་པོ་ཞིག་ཡོད་པས། བཀོལ་སྔ་ཕྱི་ཡིས་ཐག་གཅོད་བྱེད་པ་ནི་ཐབས་ལམ་ཞིག་རེད། ཁོ་བོར་མཚོན་ན་མི་བུ་དཀྱུས་མ་ནང་གི་དཀྱུས་མ་ཞིག་ཡིན་སྟབས་རྩོམ་རིག་ལ་དགའ་ཞེན་ཡོད་པ་ལས་རྩོམ་རིག་གི་སྒྱུ་རྩལ་དང་འགྲོ་ཕྱོགས་གང་ཡང་མི་ཤེས་ཀྱང་། ཁོམ་སྐབས་འགའ་ལ་རྩོམ་ཞེས་གླེང་འོས་མིན་གྱི་མཚམས་སུ་ལྷུང་བའི་ཡིག་ཉོག་རེ་གཉིས་འབྲི་ཁུལ་བྱེད་པ་ཡིན། དེ་མཚུངས་སུ་པུར་མིང་དུ་མེ་ཞགས་ཞེས་༢༠༠༨ ལོར་ཁོ་བོར་བཏགས་པ་ཡིན།’’ཞེས་བཤད་ཡོད།
ཡང་དེའི་ལན་དུ་མེ་ཞགས་ཕྱི་མས་ ‘‘རང་ཅག་སྙུག་འཛིན་པའི་སྡེ་ནི་ནམ་ཡང་བདེན་ལུགས་གཙང་མའམ་བདེན་དོན་གཅེར་བུ་ལ་དུང་བའི་མི་ཚོགས་ཤིག་ཡིན་ལ་བདེན་དོན་བརྩི་སྲུང་ནི་རང་ཅག་གི་བོར་དུ་མེད་པའི་རང་གཤིས་ཤིག་ཡིན།
ངས་པིར་མིང་འདི་༢༠༡༠ ལོར་བཏགས་པ་ཡིན་པས་ངེད་གཉིས་ཀྱི་ཁ་ཐུག་པ་ལྟར་ན། པིར་མིང་འདི་ཐོག་མ་ཉིད་ནས་ཁྱོད་ལ་དབང་ཡོད་པ་བདེན་ངེས་སུ་འདུག་ཚོད་རེད། དེ་བས་དིང་ཕྱིན་ངས་པིར་མིང་འདི་མི་བཀོལ་ཞེས་ཁྱེད་ལ་ལན་སྟེར་བ་ཡིན། ངས་པིར་མིང་འདི་འདོགས་སྐབས་ཁྱེད་ཀྱི་མིང་འདི་བཀོལ་ཀྱིན་པ་མ་ཤེས་པས་ཁྱེད་ཀྱིས་ཀྱང་དེ་མཐུན་གྱི་དགོངས་གསོལ་གནང་བར་མཛོད།’’ ཞེས་བཤད་ཡོད།
ཡང་སྙུག་མིང་མེ་འབར་ཞེས་པ་ཞིག་གིས་《ངའི་སྙུག་མིང་རྐུ་ཞིང་འདུག》ཅེས་པའི་རྩོམ་ཡིག་སྤེལ་བ་དང་། མེ་འབར་ཕྱི་མས་ལན་དུ། ‘‘ཡ་དགོངས་དག་ཞུ ། ངས་མིང་འདི་བསམ་གཟས་ཏེ་བརྐུས་པ་དངོས་གནས་མིན། ཡིད་ཆེས་མིན་ཉིད་ལ་རེག་ལས། འདི་ངས་གནས་སྐབས་དྲ་མིང་ཙམ་ལ་བཀོལ་བ་ཡིན། ངས་མིང་འདི་ལྟ་བུ་ཡོད་པ་གོ་མ་སོང་། དངོས་གནས་གོ་མ་སོང་། མ་ཟད་ཡར་སྔོན་ཉིད་ཀྱིས་བཏབ་པའི་དཔྱད་མཆན་གྱི་ལན་དུ་བདག་གིས་ཀྱང་ཅིག་ཡིན་མདོག་གིས། ཁྱེད་ལ་ཡིན་ཡིན་འགྲིག་འགྲིག་གི་སྐད་ཆ་རེ་ཟུང་ཐལ་འདུག་པས་སེམས་བསམ་པའི་གཏིང་ནས་དགོངས་དག་ཞུ། དེ་རིང་ངས་ཆུང་མེ་འབར་ཟེར་ནས་མིང་འདི་ཅུང་བསྒྱུར་ཡོད་པ་འདིས་ཨེ་ཆོག་གི ཡང་མིན་ན་ངས་ཀྱང་དྲྭ་མིང་གསར་བ་ཞིག་བེད་སྤྱོད་མི་བྱེད་ཐུ་མེད་རེད་ལགས། ཆུང་མེ་འབར་ཟེར་དོན་ཡང་ངེད་གཉིས་ལས་ང་རྗེས་མ་ཡིན་པས་དང་ཕན་ཚུན་མི་ནོར་ཆེད་དེ་ལྟར་ལབ་པ་ཡིན། ཉིད་ཀྱིས་ཅི་བདེར་གྱིས་དང་ཆོག་གི་ལགས། དེ་རང་ཁྲིམས་གཏུགས་ལྟ་བུ་ཞིག་བརྒྱབ་ཡོད་པ་ལ་ཡང་ཐུགས་ཁག་མེད་ཤས་ཆེ། ང་ཚོས་འདི་ལྟ་བུའི་སྟེང་ནས་གུ་ཡངས་བྱེད་དགོས་པ་མ་གཏོགས། ཕན་ཚུན་ལ་དགག་རེས་ཀྱིས་ཉི་མ་གཟད་ན་དོན་སྙིང་མེད་ག་ལགས།’’ཞེས་བརྗོད་དེ་ཞི་འགྲིག་གནང་ཡོད།
ཆེས་གུ་ཡངས་ཡིན་པའི་དཔེ་མཚོན་འདི་དག་གིས་དངོས་མིང་དང་སྙུག་མིང་འདྲ་བ་ཚོར་སློབ་གསོ་དང་ལག་ཆ་ལེན་རྒྱུ་ཡོད་པ་ནི་ཅི་འདྲའི་དགའ་འོས་པ་ཞིག་རེད་མོད། མིང་གི་དཀའ་རྙོག་འདིའི་ཁྲོད་ནས་ཆེས་གདུག་རྩུབ་ཅན་དེ་གཞན་གྱི་དངོས་མིང་དང་སྙུག་མིང་ལ་བཙན་འཛུལ་བྱེད་པ་དང་། སྙུག་མིང་དང་དངོས་མིང་རྫུན་མ་ཅི་རིགས་སྤྱད་ནས་སྤྱི་ཚོགས་མགོ་རྙོག་བཟོ་བ་དེ་རེད།
སྤྱིར་སྨྲ་བརྗོད་རང་དབང་ནི་དམངས་གཙོའི་གུ་ཡངས་ཀྱི་ལྟ་གྲུབ་ཅིག་དང་ཁེ་དབང་ཞིག་ཡིན་པ་བདེན་མོད། གང་ཟག་གཅིག་གིས་དངོས་མིང་རྫུན་མ་དང་། སྙུག་མིང་འདྲ་མིན་དུ་མ་སྤྱད་ནས། མཐོ་ས་ནས་དབུ་ཁྲིད་དང་། སྒྲིག་འཛུགས། སྤྱི་ཚོགས། དམའ་ས་ནས་གང་ཟག་གཞན་གྱི་ཆེ་མཐོང་སོགས་ལ་གཞི་མེད་འཆལ་གཏམ་སྤེལ་ཏེ་ཕུ་དཀྲིག་མདའ་དཀྲིག་བྱེད་པ་དེ། དམངས་གཙོའི་ཁེ་དབང་དང་མཐུན་པ་ཞིག་ཡིན་ནམ།
བར་ལམ་སྤྱི་ཚོགས་ནང་དེ་སྐོར་སྟངས་འཛིན་དགོས་མིན་གཉིས་བསྡུར་ཚེ། སྟངས་འཛིན་དགོས་པར་བསམ་ཚུལ་འདོན་མཁན་མང་པ་དེ་ཡང་། སྨྲ་བརྗོད་རང་དབང་གི་ཁེ་དབང་ལ་སྤྱི་དམངས་ཀྱིས་སྲུང་སྐྱོབ་དགོས་པའི་བརྡ་ཞིག་བསྟན་པ་རེད། དེ་ལ་བརྟེན་ནས་གནད་དོན་འདིའི་རིགས་མ་འགྱོད་མ་འཕྱི་མེད་པར་སླར་ཡང་བཅོས་སྒྲིག་གམ་ཁྲིམས་གཞི་ཞིག་ཡོད་ན་ཧ་ཅང་ལེགས། དེང་སྐབས་ཆེས་དམངས་གཙོ་ཡར་ཐོན་ཡིན་པའི་ནུབ་ཕྱོགས་སྤྱི་ཚོགས་སུ་དྲ་རྒྱའི་བརྒྱུད་ལམ་ལ་ཉེན་སྲུང་རུ་ཁག་ཆེད་འཛུགས་བྱས་ཡོད་པ་མིན་ནམ།
བོད་ནང་གི་དུས་དེབ་ཁག་ཅིག་ཏུ་རྩོམ་སྒྲིག་པ་དང་རྩོམ་ཡིག་གི་འགན་འཁྲི་བ་ལོགས་སུ་ཡོད་ལ། ནུབ་ཕྱོགས་སུ་ཚད་ལྡན་རྩོམ་སྒྲིག་པ་ཞིག་གི་ལས་འགན་ལ་ཆ་རྐྱེན་མང་ཞིང་། དེའི་ཁྲོད་‘‘འབྲི་མཁན་དང་བྲིས་པའི་རྩོམ་ཡིག་སོགས་དངོས་འབྲེལ་ཡིན་མིན་ཁ་ཐད་ལ་འདྲི་རྩད་བརྟག་དཔྱད་བྱེད་པ།’’ཞེས་པ་དང་། ‘‘ཀློག་མཁན་གྱི་སྐྱོན་བརྗོད་ལ་འགན་འཁུར་དགོས།’’ཞེས་པའི་དོན་ཚན་སོ་སོར་ཡོད་པའི་དམིགས་རྟེན་ཡང་རྙོག་འཛིང་འདིའི་རིགས་སེལ་ཐབས་ཤིག་ཅི་ལ་མིན།
དེས་ན་གོང་གསལ་དཀའ་རྙོག་དག་ཆབ་སྲིད་ཡུལ་བྱོལ་དུ་གྱུར་པའི་བྱེས་འཁོད་བོད་མིའི་བདེ་འཇགས་ལའང་ཐད་ཀར་འབྲེལ་བ་ཡོད་སྟབས། རྩོམ་སྒྲིག་ཁང་སོ་སོ་དང་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་། བདེ་སྲུང་ཉམས་ཞིབ་ཁང་། དེ་བཞིན་ལྷག་བློ་ལྡན་པའི་གཟུར་གནས་ཤེས་ལྡན་པ་སོགས་ཁུར་མཉམ་རུབ་ཀྱིས་བྱེད་ཐབས་ཤིག་ལག་ལེན་བསྟར་ན་དགེ་མཚན་ཆེ་བར་སྙམ་མོ། །
བདག་དབང་དེ་འདྲ་ཞིག་རྩོད་སྟངས་གཏན་ནས་མེད། སྨྱུག་མིང་ཅི་འདྲ་ཞིག་བཀོལ་ན་ཡང་། སོ་སོའི་འདོད་པ་རེད། སྤྱིར་བོད་ཡིག་གི་དྲ་ཚིགས་སོགས་ཀྱི་ཐོ་འགོད་སྐབས་འགེངས་ཤོག་ལ་བདག་དུ་བཟུང་བའི་མིང་ཡིན་མིན་ལ་ཞིབ་བཤར་བྱེད་ཐུབ་ནིའི་གཉེན་ཆས་ཞིག་འཁོ་སྒྲུབ་བྱེད་ཐུབ་སོང་ན། དེ་ནས་དཀའ་ངལ་རྫོགས་ཚར་རེད། ཡིན་ན་ཡང་། དྲ་ཚིགས་དང་དྲ་གནས་སོ་སོ་ལ་སྨྱུག་མིང་དང་གསང་མིང་། རྒྱན་མིང་། ག་རེ་བཀོལ་ན་ཡང་སོ་སོའི་འདོད་པ་རེད།
བདག་དུ་འཛིན་ཐུབ་པ་གཅིག་ཡོད་པ་དེ་རུས་མིང་དང་སྐྱེ་ལོ་ཟླ་ཚེ། ས་གནས་སྡོད་ཁང་ཙམ་རེད། དེ་མིན་ལྷ་ཡིན་འདྲེ་ཡིན་མི་ཤེས་བའི་མིང་རོ་ཞིག་བདག་དུ་འཛིན་རྒྱུ་ཟེར་ན། ཧ་ཧ་ཧ་རེད།
རང་སེམས་ན་དམྱལ་བ་མེད་ན། བར་དོ་ལ་འཇིགས་སྐྲག་དགོས་ནི་མ་རེད། ས་ོསོ་མི་ཡག་པོ་ཞིག་ཡིན་ན། གཞན་གྱིས་གནོད་བྱེད་ནི་མ་རེད།
བཀའ་དྲིན་ཆེ། དོ་དམ་བྱེད་སྟངས་ལ་སྙིང་ནས་ཡི་རང་ཡོད། དྲ་བདག་ཞིག་ཡིན་ན། ལས་འགན་འཁུར་སྟངས་འདི་འདྲ་ཡིན་པར་འདོད།
རྩོམ་ཡིག་ལ་རིན་ཐང་འདུག མཚང་ལ་ཕོག་པ་ནི་གདམས་ངག་གི་མཆོག་ཡིན་ཞེས་པ་ལྟར། མི་ལ་ལ་ཞིག་ལ་དོ་ཕོག་ཡང་འགྲོ་སྲིད་པ་ཞིག་རེད།
བཀའ་དྲིན་ཆེ
ཡག་པོ་གསུང་འདུག