—–རྫ་ཚེ་རིང་བཀྲ་ཤིས།
བརྩེ་བའི་སྲིང་ཆུང་མ་(གུ་རུ་སྒྲོན་མ)།
ཞོགས་པ་བདེ་ལེགས།
ཁར་རྩང་ཁྱོད་རང་གིས་ཕྲིན་འཕྲན་ཐོག་ང་ལ་བཏང་བའི་ཉེ་ཆར་སློབ་ཕྲུག་དག་དང་མཉམ་དུ་སློབ་ཁྲིད་བྱེད་པ་དང་། སློབ་གསེང་ལས་འགུལ་སྤེལ་བཞིན་ཡོད་པ་སོགས་ཀྱི་དཔར་དེ་ཚོར་དེ་རིང་ཡང་བསྐྱར་ཚར་གཅིག་བལྟས་པ་ཡིན། ཇོ་ང་སེམས་པ་ཧ་ཅང་དགའ་བྱུང་། ངས་རང་གི་ལྷག་བསམ་ཉག་མ་གཅིག་པོ་དེར་ཡིད་ཆེས་ཡོད། ངས་རྒྱུན་དུ་རང་ལ་གཤིས་ཀ་ཡག་པོ་ཞིག་ཡོད་སྙམ་པ་ཡིན།
ཕྱི་མིག་ཅིག་བལྟས་ན་རང་རེ་མིང་སྲིང་གཉིས་ཀྱི་སློབ་སྦྱོང་གི་ལམ་བུ་ནི་དམིགས་བསལ་བ་ཞིག་རེད། ང་ཚོ་ནི་དཀའ་ངལ་དང་དབུལ་ཕོངས་ཀྱི་ཁྲོད་ནས་ཚར་བ་ཞིག་རེད། ཁྱོད་ནི་ཡིན་ལུགས་ཚུལ་མཐུན་གྱིས་ཆུང་དུས་ནས་རྒྱལ་ཁབ་ཀྱི་གཞི་རིམ་སློབ་གྲྭར་འགྲོ་བའི་གོ་སྐབས་ཐོབ་པ་དེ་འདྲ་མ་རེད། ཐ་ན་ཆུང་ཆུང་སྐབས་རྒྱ་སྐད་རྒྱ་ཡིག་ཤོད་སའི་ཁོར་ཡུག་ཙམ་ཡང་མེད། རང་གི་སློབ་སྦྱོང་ཡོད་ཚད་སེམས་ཤུགས་གཅིག་པུས་བྱས་པ་རེད། དེ་ངས་ཤེས་ཀྱི་ཡོད། ཁྱོད་ཀྱི་ཁོར་ཡུག་ན་སློབ་སྦྱོང་གི་མཐུན་རྐྱེན་སྐྲུན་མཁན་དང་། སློབ་སྦྱོང་ལ་སྐུལ་ལྕགས་བྱེད་མཁན་ཧ་ཅང་ཉུང་། འོན་ཀྱང་། སྟབས་ལེགས་པ་ཞིག་ལ་ཁྱོད་ནི་སྔར་ནས་སློབ་སྦྱོང་ལ་ངོས་འཛིན་བརྟན་པོ་མཁན་ཞིག་རེད། དེ་ནི་དེ་རིང་གི་ཁྱོད་རང་ཕྲུ་གུ་དག་གི་མདུན་དུ་ཡར་ལངས་ནས་སྒོ་སམ་གྱི་ཐོག་ཏུ་ཡི་གེ་བྲིས་ནས་གཞན་ལ་སློབ་ཁྲིད་བྱེད་མཁན་ཞིག་ཆགས་པའི་མ་རྩ་ཉག་གཅིག་དེ་རེད།
གཡས་གཡོན་གྱི་ན་མཉམ་ཚང་མ་སློབ་ཆེན་ལ་འགྲོ་བཞིན་པའི་སྐབས་དེར་ཁྱིད་ཀྱིས་ཉིན་མོ་ལྷ་སའི་གཙུག་ལག་ཁང་གི་སྒོ་ནས་ཁ་བཏགས་དང་མཆོད་མར་བཙོང་ནས་ནང་མིའི་འཚོ་བར་རོགས་རམ་ཀྱི་ཚོང་ལས་ཆུང་ཆུང་ལ་ཞུགས་བཞིན་ཡོད། མཚན་མོ་སོགས་བར་གསེང་གི་དུས་ཚོད་སྤྱད་དེ་སྒེར་བཙུགས་སློབ་གྲྭ་འདྲ་མིན་ལ་སེམས་ཤུགས་ཁོ་ནས་རྒྱ་ཡིག་དང་བོད་ཡིག་སྦྱངས་པར་མ་ཟད། ཚོད་ལ་དཔག་པའི་སྦྱང་འབྲས་བཟང་པོ་ཁུར་ནས་དགའ་བའི་གཏམ་བཟང་ཁ་པར་གྱི་ལམ་ནས་ཐག་རིང་དུ་ཡོད་པའི་ཇོ་ཇོ་ང་ལ་སེམས་ཚོར་ཆེན་པོས་བཤད་མྱོང་། དོན་དག་འདི་ངས་ད་ལྟའང་དྲན་བཞིན་འདུག
ཁྱོད་ཀྱིས་གང་ཤེས་པ་ནི་རང་གིས་རང་ལ་སྐུལ་མ་བྱས་ནས་སྦྱངས་པ་དང་། ཧ་ཅང་ཞན་པའི་ཆ་རྐྱེན་གྱི་འོག་ནས་བྱུང་བ་ཡིན་སྟབས་རིན་ཐང་ཆེན་པོ་རེད། ཁྱོད་ལ་མཐོ་སྒང་གི་སྔོན་ཆད་ཀྱི་བུ་བུ་མོ་དེ་ཚོ་ལྟར་ཕྱིའི་གྲང་རེག་དང་ནང་གི་དཀའ་ངལ་གྱི་རྩུབ་བརྡར་ཤུགས་དྲག་པོས་བཞུ་སྦྱོང་ཐོབ་ཡོད་པས་ཁྱོད་ཀྱི་ཚེ་སྲོག་ལ་ཐོབ་པའི་ངོས་འཛིན་ནི་དེང་སང་གི་ཕ་མའི་ཕག་ཏུ་སྐྱིད་ཉལ་བྱས་ཏེ་ཁྲལ་སོད་ཀྱི་ལག་འཁྱེར་ལེན་པའི་གྲོང་ཁྱེར་གྱི་སློབ་མ་དག་དང་གཏན་ནས་མི་འདྲ།
མ་གཞི་ང་ཚོའི་ཕ་ཡུལ་གྱི་ན་མཉམ་མང་པོ་ཞིག་ལ་ཁྱོད་ལ་ཐོབ་པའི་ཤེས་ཡོན་འདི་ཙམ་ཡང་ཐོབ་མེད། དེའི་ཆ་ནས་ཁྱོད་ནི་བསོད་དེ་ཅན་གྱི་གྲས་རེད། ཁྱོད་ཀྱིས་དེང་ཐོག་ལྷ་ས་ནས་ཕ་ཡུལ་གྱི་སློབ་གྲྭ་ཆུང་ཆུང་དེར་དགེ་རྒན་ལ་ཡོང་རྒྱུའི་བསམ་འདུན་ང་ལ་ལབ་སྐབས་ཀྱང། ངས་དེ་ནི་རང་གི་བསམ་འདུན་དང་ཆེས་ཐག་ཉེ་བའི་བདམས་ཀ་ཞིག་རེད། ལས་གནས་འདིས་ཁྱོད་རང་དགའ་པོ་ཡོང་གི་རེད། ཕུ་བོ་ངས་རྒྱབ་སྐྱོར་ཡོད་ཅེས་སེམས་ཤུགས་སྦར་བ་ཡིན། ཁྲ་ཁྲ་ཟིང་ཟིང་གི་ལྷ་ས་བཞག་ནས་ཐལ་རྡུལ་གྱིས་གང་པའི་རི་གྲོང་གི་སློབ་ཆུང་ཞིག་ཏུ་ཡོང་རྒྱུ་དེ་སྣང་བ་དར་ལ་དྲགས་པའི་བུ་མོ་ལོ་ཆུང་ཞིག་ལ་མཚོན་ན་ལས་སླ་པོ་ཞིག་ག་ལ་ཡིན། འོན་ཀྱང་ཁྱོད་རང་ས་ཆ་འདིར་ཡོང་ནས་མུ་མཐུད་སློབ་ཁྲིད་བྱེད་བཞིན་ཡོད་པ་རེད། འདིས་ཕུ་བོ་པདྨ་བཀྲ་ཤིས་ཀྱི་སློབ་གྲྭའི་ལས་དོན་གྱི་ངོས་ནས་ཀྱང་གཞོགས་འདེགས་ཡག་པོ་ཞིག་རེད།
དཀའ་ངལ་ཆུང་ཚགས་འཕྲད་སྐབས་ཐབས་ལམ་ཡོད་པའི་ཐོག་ནས་གདོང་ལེན་གྱིས། བཟོད་སྲན་ཡོད་པ་གྱིས། སློབ་ཕྲུག་རྣམས་ཉེ་རིང་མེད་པར་སྐྱོངས། རང་འཁྲིའི་ལས་འགན་ལ་ལྷོད་གཡེངས་མེད་པ་བྱོས། རྒན་པ་ལ་གུས་ཞབས་དང་། ན་མཉམ་ཕན་ཚུན་མཐུན་ལམ། ཁོར་ཡུག་དང་ཐོན་ཁུངས་ལ་གཅེས་སྤྲས། སློབ་སྦྱོང་ལ་གལ་ཆེན་དུ་བརྩི་བའི་གོམས་བཤིས་བཟང་པོ་རང་གི་སློབ་མ་ཚོར་ཨེ་འཇགས་ལྟོས། ཕྲུ་གུ་དེ་ཚོ་བྱ་དེ་ཞིག་གི་སྒོང་ང་དང་འདྲ། སྒོ་ང་དེ་དག་དགེ་རྒན་གྱི་ལག་མཐིལ་དུ་ཡོད། གལ་ཏེ། ལག་སྦར་ཁ་བསྡམས་ན་སྒོ་ང་ཆག་རྒྱུ་དང་སྦར་ཁ་གློད་ན་སྒོ་ང་གསོན་རྒྱུ་རེད། དགེ་རྒན་གྱི་འཁྲིད་སྟོན་ལ་ནོར་འཁྲུལ་དང་ལྷོད་གཡེངས་ཤོར་ན་སྦར་ཁ་བསྡམས་ནས་སྒོང་ང་བཅགས་པ་བཞིན་ཕྲུ་གུ་དག་གི་ཚེ་གང་གི་མདུན་ལམ་དང་མི་ཚེ་རྨེག་མེད་དུ་འཇོམ་སྲིད། མདོར་ན་དགེ་རྒན་གྱི་འགན་འཁྲིའི་ནི་ཧ་ཅང་ཆེན་པོ་རེད།
དེ་དང་མཉམ་དུ་རྒྱ་ཡིག་བོད་ཡིག་གི་དེབ་ཀློག་པ་དང་། དགོན་པའི་ནང་ཆོས་སློབ་ཁྲིད་དེ་འདྲར་ཟུར་ཞུགས་ཀྱིས་ནུས་པ་དང་དུས་ཚོད་ཀྱིས་ཆུན་ཚོད་ཀྱིས་སློབ་གཉེར་རེ་མུ་མཐུད་དེ་གྱིས། ནུས་ཤུགས་གང་ཡོད་ཀྱིས་དྲང་པོ་དྲང་པོ་དྲང་བཞག་གིས་ངང་རྒྱུད་རིང་པོས་འབད་བརྩོན་བྱས་ན་ཉི་མ་གཅིག་ལ་རང་སེམས་གནོང་མི་དགོས་པ་ཞིག་ཡོང་གི་རེད། དེ་དུས་མི་ཚོས་ཀྱང་སྐུལ་བ་མེད་པར་བསྟོད་བསྔགས་གཏོང་སར་ཚུར་བཅར་ནས་ཡོང་གི་རེད། དེ་ནི་རྒྱལ་ཁའི་མཆོག་རེད།
ཤེས་སོང་ངམ། ཡ་མ་ལོ། ད་ཁྱོད་བླ་མ་དཀོན་མཆོག་གསུམ་གིས་སྐྱོབས། མུ་མཐུད་མདུན་དུ་སྐྱོད་ཅིག
གླིང་ཆེན་ཨོ་སི་ཐྲི་ལའི་ཡའི་ཡུལ་ནས་༼༢༠༡༦/༥/༣༽ཁྱོད་ཀྱི་མིང་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་སྤྲིངས།