ཁ་བའི་འབྲོག་མོ།
སེམས་ཀྱི་བྱེད་ལས་ཉིང་ཁུའི་བཅུད་ལ་གནས།།
ཁྲ་ཆུང་མིག་ཟུང་དྭངས་པའི་ལས་ཀྱི་ཡུལ།།
ཁམས་ཀྱི་ཁ་ཏོག་རླུང་གིས་རྙོག་པ་འདིས།།
དྭངས་གཙང་འཇིག་རྟེན་རྡུལ་གྱི་ངོ་ལ་སྦྱར།།
དགའ་སྐྱོའི་ཚོར་བ་ཤུགས་ཀྱིས་འགུལ་སྟངས་འདིས།།
བརྩེ་བའི་དགུ་མདུད་རང་སར་ཁད་ཀྱིས་གྲོལ།།
དམར་པོ་སྲོག་གིས་སྤྲུལ་བའི་རྣམ་ཤེས་འདི།།
བལྟས་ན་རིན་ཆེན་དངོས་གྲུབ་རང་ཤར་ཉིད།།
རྒྱང་རིང་རི་རྩེར་གནས་པའི་སྤྲིན་པ་དེ།།
བར་དོས་མནར་བའི་རྣམ་ཤེས་ཁེར་ལྡོམ་ཞིག།
ལྷ་དང་སྲུང་མས་བསྩལ་བའི་སེམས་པ་ཞིག །
འཇིག་རྟེན་འདི་ཉིད་སྒོམ་པའི་ལས་ལ་བྲེལ།།
མཛེས་པའི་ཐང་ལ་བཞད་པའི་མེ་ཏོག་ཅིག།
ཆུན་པོའི་ཏོག་ཏུ་འགྱུར་བའི་སེར་ཆེན་ཡིན།།
དྲི་ཞིམ་འཐུལ་བའི་སེར་ཆེན་མེ་ཏོག་ཁྱོད།།
སུས་ཀྱང་མ་མྱངས་དྭངས་པའི་ཆུ་མིག་ཡིན།།
སྐྱོ་བའི་ཡུལ་གྱི་བདུད་རྩི་ཕབ་མཁན་ཁྱེད།།
དགའ་བའི་སྐབས་ཀྱི་བཏང་སྙོམས་ལས་ལ་བརྩོན།།
དགའ་བ་གཡས་དང་སྐྱོ་བ་གཡོན་ཀྱི་ཁྱེད།།
དྲང་སྲོང་ལྷ་དང་རི་བོ་ལྷུན་པོ་བཞིན།།
༢༠༡༤ ༣ ༡༧
སེམས་པ་གཞན་སོང་ཞིག་ལ།
ཚུར་ཤོག་ཟེར་ནས་ཅི་ཕན།
ཡིན་ཡང་སེམས་འགྱུའི་རི་མོ།
ས་འབྲི་གནམ་འབྲི་མ་གནང་།