འཇིགས་མེད་བློ་གྲོས།
སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། ། རྒྱུད་དགྱེས་པ་རྡོ་རྗེ།
ཆོས་ལུགས་དང་ལྟ་གྲུབ། ཚན་རིག་གི་སྡེ་ཚན་དུ་གཏོགས་པའི་མཁས་པ་རྣམ་དཔྱོད་ཅན་རྣམས་ཀྱིས་མིའི་རང་བཞིན་བཟང་ངན་ཇི་ཡིན་ཐད་ལྟ་ཚུལ་མི་འདྲ་བ་གསུམ་ཙམ་འདོན་མྱོང་། དེ་ཡང་བཟང་ངན་བར་མ་གསུམ་ཡིན། མིའི་རང་བཞིན་བཟང་ངན་གང་ཡིན་དུ་རྟོག་པའི་དཔྱད་པ་ཞིག་གནའ་དུས་ནས་བྱུང་བ་གོར་མ་ཆག སེམས་ཀྱི་རང་བཞིན་འོད་གསལ་དུ་བཞེད་ཅིང་དྲི་མ་གློ་བུར་བར་བཞེད་པའི་སངས་རྒྱས་ཆོས་ལུགས་ཀྱི་ལྟ་ཚུལ་འདི་ནི་མིའི་རང་བཞིན་བཟང་པོར་འདོད་པའི་ལྟ་ཚུལ་རྣམས་ཀྱི་ཁྲོད་ནས་རྒྱུ་མཚན་གྱི་ཕུག་ཐག་རིང་ཤོས་ཅན་གྱི་ལྟ་ཚུལ་དམིགས་བསལ་བ་ཞིག་ཡིན་སྲིད་ཅིང་། མི་ཙམ་མིན་པར་སྐྱེ་འགྲོ་ཡོངས་རྫོགས་ཀྱི་རང་བཞིན་ཡང་དེ་ལྟར་དུ་བཞེད་པ་ཡིན།
༸གོང་ས་སྐྱབས་མགོན་ཆེན་པོས་ཀྱང་བདེ་སྐྱིེད་ཀྱི་སྒྱུ་རྩལ་ལམ་བདེ་སྐྱིད་ཀྱི་ཐབས་ནུས་(Art of Happiness)ཞེས་པའི་དཔེ་དེབ་ནང་སངས་རྒྱས་ཀྱི་གཞུང་ལུགས་ནས་གསུངས་པའི་སངས་རྒྱས་ཀྱི་རིགས་ཀྱི་རྣམ་གཞག་དེ་མིའི་གཞི་རྩའི་རང་བཞིན་བཟང་པོ་ཡིན་པའི་སྒྲུབ་བྱེད་དུ་འགྲོ་བཞིན་ཡོད་པའི་སྐོར་གསུངས་ཡོད།
༸གོང་ས་སྐྱབས་མགོན་ཆེན་པོས་ཆོས་ལུགས་ཀྱི་ལྟ་ཚུལ་ལ་རྒྱབ་བརྟེན་བྱེད་མ་དགོས་པར་འཇིག་རྟེན་སྤྱིའི་ནར་མའི་འཚོ་གནས་ཀྱི་མྱོང་ཚོར་ཁྲོད་ནས་ཀྱང་མིའི་རང་བཞིན་བཟང་པོ་ཡིན་པའི་སྒྲུབ་བྱེད་ཁག་གཉིས་གསལ་པོར་ར་འཕྲོད་དུ་ཡོད་སྐོར་གསུངས།
༡༽ འགྲོ་བ་མིའི་རིགས་རྣམས་སྐྱེས་ཙམ་ནས་མ་ཤི་བར་གཞན་གྱི་བྱམས་བརྩེའི་ལྟ་རྟོག་དང་འབྲེལ་ནས་འཚོ་དགོས་པའི་གནས་སྟངས་འདིས་མིའི་འཚོ་གནས་ཀྱི་རང་བཞིན་བྱམས་བརྩེ་དང་སྙིང་རྗེ། གཅེས་སྐྱོང་སོགས་བཟང་ཕྱོགས་ཀྱི་ཀུན་སྤྱོད་ལ་བརྟེན་ནས་གྲུབ་ཡོད་པ་གསལ་སྟོན་བྱེད་བཞིན་ཡོད་པ་དང་།
༢༽ ལུས་སེམས་གཉིས་ཀྱི་བདེ་ཐང་དང་འཕེལ་རྒྱས་བཟང་ཕྱོགས་ཀྱི་སེམས་ཁམས་འབའ་ཞིག་ལ་ལྟོས་ཡོད་ཅིང་མི་དགེ་བའི་བསམ་བློའི་རིགས་ཀྱིས་ལུས་ཀྱི་འཕྲོད་བསྟེན་དང་འཕེལ་རྒྱས། སེམས་ཁམས་ཀྱི་བདེ་ཐང་སོགས་ལ་གནོད་ཚབས་ཆེན་པོ་སྟེར་བཞིན་པའི་དེང་དུས་ཚན་རིག་གི་རྙེད་དོན་ལས་མིའི་གཞི་རྩའི་རང་བཞིན་བཟང་པོ་ཡིན་པའི་གནད་སྟོན་བཞིན་ཡོད་སྐོར་གསུངས།
༸གོང་ས་སྐྱབས་མགོན་ཆེན་པོས་གོང་གསལ་རྒྱུ་མཚན་ཁག་ལ་བརྟེན་ནས་མིའི་གཞི་རྩའི་རང་བཞིན་བཟང་པོ་ཡིན་པའི་སྐོར་བདེ་སྐྱིད་ཀྱི་སྒྱུ་རྩལ་ཞེས་པའི་ཕྱག་དེབ་ཀྱི་ནང་རྒྱས་བཤད་གནང་ཡོད།
འོན་ཀྱང་སྐབས་རེ་མིའི་གཞི་རྩའི་རང་བཞིན་བཟང་ངན་གང་ཡང་མིན་པར་ལུང་མ་བསྟན་ཡིན་པའི་སྐོར་ཡང་ནན་ཏན་གྱིས་འགྲེལ་བརྗོད་གནང་བཞིན་ཡོད། དཔེར་ན། བཞུགས་སྒར་དུ་སྤྱི་ལོ་ ༢༠༠༩ སྤྱི་ཟླ་ ༡༠ ཚེས་ ༢༠ ཉིན་དབུ་འཛུགས་ཀྱིས་ཚོགས་པའི་སིང་ག་པོར་གསུང་ཆོས་(ཚོས་གསུང་ཆོས་འདིའི་འོད་སྡེར་བཞུགས་སྒར་རྣམ་རྒྱལ་གྲྭ་ཚང་དུ་བླུ་ཡོན་ཞུ་རྒྱུ་ཡོད།)ཉིན་དང་པོའི་སྟེང་ཆོས་ཚན་མཉམ་འབྲེལ་བྱེད་པའི་དགོས་དོན་དང་། མིའི་སེམས་ཁམས་ཀྱི་རང་བཞིན་ལུང་མ་བསྟན་ཡིན་པའི་རྣམ་གཞག་ནན་ཏན་གྱིས་གསུངས་ཡོད་པ་ལྟ་བུ་ཡིན།
ངས་༸གོང་ས་མཆོག་གི་བཀའ་ལ་ནང་འགལ་འདུག་ཅེས་ཞུ་ཡི་མེད། ༸གོང་ས་མཆོག་ནས་ལྟ་ཚུལ་སོ་སོར་རིགས་པའི་སྒྲུབ་བྱེད་ཅི་ཞིག་འགོད་གནང་མཛད་ཀྱི་ཡོད་མེད་ཐད་ང་ཚོས་སློབ་སྦྱོང་དང་དཔྱད་ཞིབ་ནན་ཏན་བྱེད་དགོས་པར་སྐུལ་གྱིན་ཡོད།
སེམས་ཁམས་རིག་པ་བ་ཀཱཌ་ལར་Howard Cuttlerགྱིས་བདེ་སྐྱིད་ཀྱི་སྒྱུ་རྩལ་ཞེས་པའི་དཔེ་དེབ་ནང་མིའི་རང་བཞིན་བཟང་ངན་ཇི་ཡིན་ཐད་ནུབ་ཕྱོགས་པའི་མཁས་པ་དང་ལྟ་གྲུབ་སྨྲ་བས་ཇི་ལྟར་བཞེད་ཀྱིན་ཡོད་པའི་སྐོར་གནད་བསྡུས་ཀྱི་འགྲེལ་བཤད་ཁག་ཅིག་བཀོད་ཡོད་པ་འདིར་བཀོད་ན།
ནུབ་ཕྱོགས་པའི་སྤྱི་ཚོགས་ནང་མིའི་རང་བཞིན་རང་གཅེས་འཛིན་ཅན་དང་དེ་ཡང་གདུབ་རྩུབ་དང་འཚེ་བ་ཅན་དུ་འདོད་པའི་ལྟ་གྲུབ་ཅིག་རྒྱུན་རིང་ནས་དར་སྲོལ་ཆེན་པོ་བྱུང་ཡོད་ཅིང་། ལྟ་ཚུལ་འདིས་ནུབ་ཕྱོགས་པའི་རིག་གཞུང་ལ་དུས་རབས་མང་པོའི་རིང་དབང་སྒྱུར་དང་ཤུགས་རྐྱེན་ཐེབས་ཡོད་པར་བཤད། འོན་ཀྱང་ལྟ་གྲུབ་སྨྲ་བ་དང་ཚན་རིག་པ་གྲགས་ཅན་འགའ་ཞིག་གིས་དེ་ལས་ལྡོག་ཏེ་མིའི་རང་བཞིན་བཟང་པོ་ཡིན་པའི་ལྟ་ཚུལ་འདོན་མྱོང་ཟེར། དཔེར་ན་དུས་རབས་བཅོ་བརྒྱད་པའི་ནང་བྱུང་བའི་ཌེ་ཝིཌ་ཧུའམ་David Humeདང་འཕེལ་འགྱུར་སྨྲ་བའི་ཚན་རིག་པ་ཌར་ཝིན་Darwinལྟ་བུ་ཡིན། ཌེ་ཝིཌ་ཧུའམ་གྱིས་འགྲོ་བ་མིའི་ལྷན་སྐྱེས་ཀྱི་བྱམས་བརྩེའི་ཡོན་ཏན་སྐོར་རྩོམ་ཡིག་མང་དག་བྲིས་ཡོད་ཅིང་། ཌར་ཝིན་གྱིས་ཀྱང་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་གཞན་སེམས་ཅན་ཡིན་པ་འགྲེལ་བརྗོད་བྱས་པར་བཤད།
དེ་ལྟ་ནའང་རྒྱུ་མཚན་མང་དག་ལ་བརྟེན་ནས་དུས་རབས་བཅུ་བདུན་པའི་ནང་བྱུང་བའི་ལྟ་གྲུབ་སྨྲ་བ་ཐོ་མཱས་ཧོབ་Thomas hobbesལྟ་བུའི་ཤུགས་རྐྱེན་ལ་བརྟེན་ནས་མིའི་རང་བཞིན་ངན་པར་འདོད་པའི་ལྟ་ཚུལ་འདི་ནུབ་ཕྱོགས་པའི་རིག་གཞུང་གི་རྟེན་གཞིའམ་རྩ་བ་ལྟ་བུར་གྱུར་པའི་གནས་སྐབས་ཤིག་བྱུང་ཡོད་ཟེར།
ཐོ་མཱས་ཧོབ་ཀྱིས་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་འཚེ་བ་ཅན་དང་འགྲན་རྩོད་ཅན། རྒྱུན་མཐུད་ཀྱི་རྩོད་རྙོག་ཅན། རང་གཅིག་པུའི་བདེ་དོན་ལ་སེམས་པ་ཅན་དུ་འགྲེལ་བརྗོད་བྱས། རྣམ་པ་གཅིག་ཏུ་ན་ལྟ་ཚུལ་འདི་ཉིད་ཁོ་རང་སྒེར་གྱི་འདུ་ཤེས་འཁྱེར་ཚུལ་ལ་དཔག་ནས་བཤད་པ་ཡང་ཡིན་སྲིད། ཇི་ལྟར་ཞེས་ན་ཐོ་མཱས་ཁོ་རང་གི་ལྷན་སྐྱེེས་ཀྱི་གཤིས་ཀར་གཞན་ཕན་དང་བྱམས་བརྩེའི་ཚོར་ཤུགས་དེ་ཙམ་མེད་ཚོད། དེ་ཡང་ཐེངས་ཤིག་ཐོ་མཱས་ཀྱིས་ལམ་སྟེང་གི་སློང་མཁན་ཞིག་ལ་སྦྱིན་པ་གཏོང་སྐབས། གཏོང་སེམས་སྐོར་དྲི་བ་བསླེབས་པར། ཐོ་མཱས་ཀྱིས། ངས་ཁོང་ལ་ཕན་འདོགས་ཆེད་སྦྱིན་པ་གཏོང་གི་མེད། ཁོ་པའི་སྐྱོ་སྡུག་གི་གནས་སྟངས་ཡ་ང་བ་དེ་མཐོང་སྐབས་སེམས་ལ་མི་སྐྱིད་པ་ཡོང་བཞིན་འདུག་སྟབས། རང་གི་མི་སྐྱིད་པ་སེལ་ཆེད་དུ་སྦྱིན་པ་གཏོང་བཞིན་ཡོད། ཅེས་བཤད་ཟེར།
དེ་དང་མཚུངས་པར་དུས་རབས་བཅུ་དགུ་པའི་འགོ་སྟོད་དུ་བྱུང་བའི་ལྟ་གྲུབ་སྨྲ་བ་ཇོར་ཇེ། སན་ཏེ་ཡ་ནས་George Santayanaགཞན་ཕན་དང་གཅེས་འཛིན་གྱི་བསམ་པ་སྐྱེ་བའི་གོ་སྐབས་ཡོད་ཆོག་ཀྱང་། དེ་དག་ནི་གཞི་རྩའི་ཆ་ནས་མིའི་ལྷན་སྐྱེས་ཀྱི་གཤིས་ཀའི་ནང་ནུས་ཤུགས་ཆུང་ཅིང་ཡུད་ཙམ་རང་བཞིན་དང་། མི་བརྟན་པ་ཅན་དག་ཡིན། གལ་ཏེ་ཕྱི་ཚུལ་གྱི་གནས་བབ་ལས་བརྒལ་ཏེ་ཅུང་ཟད་གཏིང་རིམ་དུ་བསྔོག་ཚེ་དྲག་རྩུབ་དང་ཅོལ་ཆུང་། རང་དོན་འབའ་ཞིག་སེམས་པ་ཅན་དུ་མཐོང་ཐུབ་པ་ཡིན་ཞེས་བཤད། སྟབས་ཉེས་པ་ཞིག་ལ་ལྟ་གྲུབ་འདི་ཉིད་ནུབ་ཕྱོགས་སེམས་ཁམས་རིག་པ་དང་ཚན་རིག་གི་སྡེ་ཚན་ནང་ཚུད་ཅིང་ཡོངས་ཁྱབ་ཁྲིམས་མཐུན་གྱི་ངོས་ལེན་ཐོབ་པ་ཙམ་མ་ཟད། དར་འཕེལ་སྐུལ་སློང་བྱེད་པ་ཡང་བྱུང་ཡོད་ཟེར།
དུས་རབས་ཉི་ཤུ་པའི་སྨད་དུ་བྱུང་བའི་རྩོམ་པ་པོ་རོ་བྷརཌ་ཨརཌ་རེ་(Robert Ardrey)དང་ཀཱོན་རཱཌ་ལུ་རཱནཛ་(Konrad Lrenz)ལྟ་བུས་གཅན་གཟན་(Predator)འགའ་ཞིག་གི་ཀུན་སྤྱོད་ལ་ཞིབ་འཇུག་གིས་གཞི་རྩའི་ཆ་ནས་འགྲོ་བ་མི་དང་གཅན་གཟན་གཉིས་རང་དོན་གྱི་ཆེད་དུ་གཞན་སྡང་ཅན་གྱི་སེམས་གཤིས་ལྷན་སྐྱེས་སུ་གྲུབ་པ་གཅིག་མཚུངས་ཡིན་པའི་ཆོད་སྡོམ་བཞག མདོར་ན་འགྲོ་བ་མི་ནི་གཅན་གཟན་དང་གཅིག་མཚུངས་རེད་ཟེར་གྱིན་ཡོད་པ་རེད།
འོན་ཀྱང་དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུ་བརྒྱད་ཅུའི་ནང་ཙམ་ནས་ཚན་རིག་པ་ཆེས་མང་པོས་གདུག་རྩུབ་དང་འཚེ་བའི་གཤིས་སྤྱོད་ནི་མིའི་གཞི་རྩའི་ལྷན་སྐྱེས་ཀྱི་སེམས་གཤིས་སུ་གྲུབ་མེད་ཅིང་། ངན་སྤྱོད་དེ་རིགས་ནི་སྤྱི་ཚོགས་དང་ལུས་ཁམས། གནས་སྟངས། ཁོར་ཡུག་སོགས་ཀྱི་ཤུགས་རྐྱེན་ལས་བྱུང་བའི་སེམས་གཤིས་ཀྱི་རིགས་སུ་གཏན་འཁེལ་བྱས།
དེ་ཡང་མིའི་རང་བཞིན་བཟང་པོ་ཡིན་པའི་སྐོར་ཞིབ་འཇུག་གི་གྲུབ་དོན་འཐུས་སྒོ་ཚང་ཤོས་ཤིག་ནི། སྤྱི་ལོ་ ༡༩༨༦ ལོར་ཕྱོགས་སྡོམ་བྱས་པའི་འཚེ་བའི་སྐོར་སེ་ཝི་ལིའི་བསྒྲགས་གཏམ་(Seville Statement on Violence)ཟེར་བ་དེ་ཡིན། བསྒྲགས་གཏམ་དེ་ནི་རྒྱལ་སྤྱིའི་ཁྱོན་གྱི་རྩེ་ཕུད་གྲགས་ཅན་གྱི་ཚན་རིག་པ་ཉི་ཤུ་ཐམ་པས་ཚན་རྟགས་བཀོད་དེ་ཁྱབ་སྤེལ་བྱས་པ་ཞིག་ཡིན་ཞིང་། བསྒྲགས་གཏམ་དེའི་ནང་། འཚེ་བ་དང་དམག་འཁྲུགས་ཀྱི་བྱ་སྤྱོད་འདྲེན་པའི་མིའི་སྤྱོད་ཚུལ་ཁག་རིགས་རྒྱུད་ནས་ལྷན་སྐྱེས་སུ་འགོས་ཏེ་ཡོང་བའི་སྤྱོད་ཚུལ་ཞིག་ཏུ་བཤད་ན་དེ་ནི་ཚན་རིག་གི་ལྟ་ཚུལ་དང་མཐུན་གྱི་མེད། སྤྱོད་ཚུལ་དེ་ཚོ་ནི་མིའི་ལྷན་སྐྱེས་ཀྱི་གཤིས་ཀའི་ནང་རིགས་རྫས་ཀྱིས་གཏན་འཁེལ་དུ་གྱུར་པའི་(That behavior is not genetically programmed into human nature)སྤྱོད་ཚུལ་དག་མིན། ཞེས་བཀོད་པར་བཤད།
ད་དུས་ནི་སེམས་ཁམས་རིག་པ་དང་ཀླད་ཁམས་རིག་པ་སོགས་ཚན་རིག་གི་སྡེ་ཚན་མང་པོའི་ནང་གི་མཁས་པ་དང་ཞིབ་འཇུག་པ་ཆེས་འབོར་ཆེན་གྱིས་རྒྱུ་མཚན་སྣེ་མང་བཀོད་དེ་མིའི་རང་བཞིན་བཟང་པོ་ཡིན་པའི་སྒྲུབ་བྱེད་འགོད་ཀྱིན་ཡོད་ཟེར།
དེ་ལྟར་མིའི་རང་བཞིན་བཟང་ངན་གང་ཡིན་དུ་འདོད་པའི་ཕྱོགས་གཉིས་ཀའི་ལྟ་ཚུལ་དང་སྒྲུབ་བྱེད་ལ་གཏིང་ཟབ་ཀྱིས་དཔྱད་རྒྱུའི་གནས་སྟངས་ཤིན་ཏུ་མང་པོ་ཞིག་འདུག་ཀྱང་། ད་ལན་འདིར་མིའི་རང་བཞིན་བཟང་ངན་ཇི་ཡིན་སྐོར་ ༢༠༡༠ ལོར་ང་དང་ངའི་རོགས་པ་བསྟན་འཛིན་བཟང་པོ་གཉིས་ནས་བོད་བསྒྱུར་གྱིས་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་ནས་འདོན་སྤེལ་ཞུས་པའི་བོད་ས་མཐོའི་ཐོག་གི་ཁོར་ཡུག་ཉམས་ཆག་གི་ཤུགས་རྐྱེན་ཞེས་པའི་དཔེ་དེབ་ཀྱི་གླེང་བརྗོད་དུ་ཁོ་བོས་བྲིས་པའི་ཚིག་འགའ་འདིར་དྲངས་ཏེ་མཇུག་སྡོམ་ཞུ་རྒྱུ་ཡིན།
མི་ཟེར་བའི་སེམས་ཅན་འདིར་འཇིག་རྟེན་ཐོག་བཟང་ངན་ཇི་ཡིན་གྱི་ལྟ་སྟངས་མི་འདྲ་བ་མང་དུ་ཡོད་པ་འདྲ། མིའི་རང་བཞིན་བཟང་པོར་སྨྲ་བ་རྣམས་ཀྱིས་རང་རང་གི་ས་ནས་སྒྲུབ་བྱེད་ཀྱི་གཏན་ཚིགས་སྲ་མོ་རྡོ་འདྲ་བ་རེ་འཁྱེར་འོང་གིན་འདུག་ལ། རང་བཞིན་ངན་པར་སྨྲ་བ་རྣམས་ཀྱིས་ཀྱང་ཤེས་བྱེད་ཐོག་འདྲ་བ་རེ་འགོད་ཀྱིན་འདུག འགལ་བ་འདི་གཉིས་ཀྱི་སོ་མཚམས་ནས་འགྲེངས་ཏེ་ཕྱོགས་སུ་མ་ལྷུང་བའི་ཤེས་རབ་ཀྱིས་རྟོག་པའི་ཚེ། མིའི་རང་བཞིན་གྱི་སྟེང་ན་གཙང་ཆ་ལས་བཙོག་ཆ་མང་ཞིང་དཀར་ཆ་ལས་ནག་ཆ་མང་བར་མཐོང་། དེ་ཡང་ཆོས་ལུགས་པའི་ལྟ་སྟངས་དང་འཇིག་རྟེན་མི་ཆོས་ཀྱི་ལྟ་སྟངས་གང་གི་དབང་དུ་བཏང་ཡང་གནམ་འོག་འདི་ན་རང་བྱུང་ཁམས་ཀྱི་སྐྱེ་ཁམས་མ་ལག་གི་སྒྲོམ་གཞི་འཐོར་གཞིག་ཏུ་གཏོང་བའི་ངན་སྤྱོད་ལས་ཚབས་ཆེ་བའི་སྡིག་ཉེས་ཤིག་སུས་ཀྱང་མི་འདོད། དེ་ལྟ་ན་སྡིག་ཉེས་འདི་འཛེམ་མེད་དུ་གསོག་མཁན་ནི་མི་ཟེར་བའི་སེམས་ཅན་འདི་ཉིད་དེ། མི་ཟེར་བའི་སེམས་ཅན་འདིས་རང་བྱུང་གི་ཁྲིམས་ལུགས་ལ་བརྩི་མེད་ཀྱིས་སྐྱེ་ཁམས་མ་ལག་གི་སྒྲོམ་གཞི་ལས་ཕྱི་རོལ་དུ་ཐོན་ཏེ། འཇིག་རྟེན་འདིའི་ཐོག་གི་སྲོག་ལྡན་དང་སྲོག་མེད་ཀྱི་དངོས་པོ་ཡོངས་རྫོགས་ལ་དབང་བསྒྱུར་དང་སྟངས་འཛིན་བྱས་ཤིང་། མཐའ་མེད་པའི་རྔམ་སེམས་ཤིག་གིས་འཇིག་རྟེན་འདིའི་གཅེས་པ་ཡོད་ཚད་ལ་མཆེ་གཙིགས་སྡེར་བགྲད་ཀྱིས་བཤུ་གཞོག་བྱེད་ཀྱིན་ཡོད། འཇིག་རྟེན་ཁམས་ཀྱི་རང་བཞིན་གྱི་བགྲོད་པ་དང་། སྐྱེ་ཁམས་མ་ལག་ནང་ཕན་ཚུན་གྱི་སྙོམ་གནས་ལ་དོ་ཕོག་དང་རྡོག་རོལ་གཏོང་རྐྱང་བྱས་པའི་མཇུག་འབྲས་སུ། ཆོས་ལུགས་པས་མི་ཁོག་ཅིང་ཚན་རིག་པས་གླགས་མི་རྙེད་པའི་སྲོག་ལྡན་སྟོང་ཕྲག་གི་ཚེ་སྲོག་དང་བདེ་འཇགས་འཇོམས་ཤིང་། རང་བྱུང་མཛེས་སྡུག་གི་བཀོད་པ་ཡོངས་རྫོགས་གཞིག་རལ་དུ་གཏོང་བའི་འབྱུང་འཁྲུགས་ཀྱི་ཆོམ་རྐུན་འཇིགས་སུ་རུང་བ་འདི་ཚོ་འཇིག་རྟེན་འདིིའི་ཐོག་བག་ཡངས་ཀྱི་རྒྱུ་འགྲུལ་བྱེད་པའི་གནས་སྐབས་འདི་བྱུང་བ་རེད། མིའི་ངན་སྤྱོད་ཀྱིས་སྣོད་བཅུད་ཀྱི་འཇིག་རྟེན་ལ་ཤུགས་རྐྱེན་ཇི་ལྟར་ཐེབ་བཞིན་པའི་ཚུལ་དཔེ་དེབ་འདིས་དངོས་བརྒྱུད་ཅི་རིགས་ཀྱི་ལམ་ནས་ར་སྤྲོད་གསལ་པོར་བྱེད་ཀྱིན་འདུག
གོང་གསལ་སྐད་ཆ་འདི་ནི་ངས་ཁོར་ཡུག་གི་ཉམས་རྒུད་དང་འབྲེལ་ནས་མིའི་ལྷན་སྐྱེས་ཀྱི་གཤིས་ཀའི་ངོ་བོ་ཇི་འདྲ་ཡིན་མིན་སྐོར་གླེང་པ་ཞིག་ཡིན་ཅིང་། གཅིག་བྱས་ན་རྣམ་དཔྱོད་ཀྱི་རྩལ་མ་རྫོགས་པར་གློ་བུར་སེམས་ཚོར་གྱི་བསླད་པ་ཤུགས་ཆེ་བའི་སྐད་ཆ་ཞིག་ཡིད་སྲིད་མོད། རང་གིས་བཤད་པའི་སྐད་ཆ་རྙིང་པ་ཞིག་རྗེས་དྲན་གྱི་ཚུལ་དུ་ཐེངས་འདིར་བཀོད་པ་ཡིན།
རྣམ་དཔྱོད་ལྡན་པའི་རང་རེའི་གཞོན་སྐྱེས་ཚོས་༸གོང་ས་སྐྱབས་མགོན་ཆེན་པོའི་ལྟ་གྲུབ་ལ་སློབ་སྦྱོང་དང་ཞིབ་འཇུག་རྒྱ་ཆེར་བྱེད་པའི་འདུན་མོས་ཤུགས་ཆེ་བཅས། འཇིགས་མེད་བློ་གྲོས་ཀྱིས། བོད་རྒྱལ་ལོ་ ༢༡༣༩ ཟླ་བ་ ༧ ཚེས་ ༣། སྤྱི་ལོ་ ༢༠༡༢ ཟླ་བ་ ༨ ཚེས་ ༢༠ ཉིན་དཔལ་སྤུངས་ཤེས་རབ་གླིང་ནས་བྲིས།
རྩོམ་འདི་འདྲ་སྤེལ་ན་རང་གཞན་གཉིས་ཕན་རེད། ལྷག་ཏུ་ཁ་བརྡ་ནང་དོན་མེད་ཡ་མ་བརླའི་སྐད་ཆ་བཤད་མཁན་དང་སྟོང་བཤད་དང་ཆོག་ལབ་འཐེན་མཁན་ཇེ་མང་ནས་ཇེ་མང་རེད། ཁ་བརྡ་ཚང་གིས་དེབ་སྐྱེལ་གྱི་འགྲོ་ལམ་གསར་བཟོ་བྱས་བདེ་མོ་རེད།
དེ་མིན་རང་གི་སྐད་ཆར་རང་འགན་མི་ཁུར་བའི་དྲྭ་འབུ་དེ་ཚོའི་ཁ་བརྡ་ལྷང་འཇགས་ཞིག་བྱུང་རྒྱུ་མ་རེད།
འཇིགས་མེད་བློ་གྲོས་མཆོག་གི་རྩོམ་ཡིག་འདི་བོད་རིགས་ཡོངས་ཀྱིས་བོད་སྐད་དང་བོད་རིག་གཞུང་ས་སྟེང་འདི་ན་མི་བརླག་པའི་ཕྱིར་དུ། བོད་སྐད་སྦྱོང་བ་ལ་མིག་དཔེར་འོས་པ་ཞིག་འདུག རྩོམ་ཡིག་འདི་ལྟ་བུ་འབྲི་ཐུབ་པ་ནི་གང་གི་སྐྱེས་ཐོབ་ཀྱི་ཤེས་རབ་དང་། རྟག་སྦྱོར་དང་གུས་སྦྱོར་གྱི་བརྩོན་འགྲུས་ཀྱིས་འདི་འདྲ་ཡོད་པ། ཆེས་ཆེར་ངོ་མཚར་རྨད་དུ་བྱུང་བ་ཞིག་ཏུ་མཐོང་སྟེ། འབྲི་བ་པོར་བོད་ཡིག་ལ་སྣང་ཆུང་མེད་པར་སྦྱང་བརྩོན་མཛད་པར་རྗེས་སུ་ཡི་རང་ལན་མང་དུ་ཞུ་འོས་སོ།།
ཚིག་གཉིས་ཙམ་ཁོ་ན་རིག་གཞུང་སྐད་དང་མི་མཐུན་པ་མཐོང་། དེ་དག་ནི། ཐོབ་པ་ཙམ་མ་ཟད། ཅེས་པར་ ཐོབ་པ་ཙམ་དུ་མ་ཟད། ཅེས་དགོས། ཡོང་བའི་ ཞེས་པར་འོང་བའི། ཞེས་དགོས། མཁས་པ་དག་གིས་ཀྱང་མ་དག་རྒྱུན་འབྱམས་སོང་བ། ད་ལམ། ཞེས་འབྲི་ཡང་། ཁོང་གི་རྩོམ་ཡིག་འདིར། ད་ལན། ཞེས་བྲིས་ཏེ། འཇིགས་མེད་བློ་གྲོས་སྐུ་ཁམས་བཟང་། བོད་སྐད་དང་བོད་རིག་གཞུང་ལ་ཞབས་འདེགས་ཞུ་བར་རྟག་ཏུ་རྒྱལ་གྱུར་ཅིག །
སེམས་ཀྱི་རང་བཞིན་བཟང་པོ་ཡོད་ཀྱང་གློ་བུར་རྐྱེན་གྱི་དབང་གིས་ངན་པ་ལང་ཤོར་དུ་འགྲོ་བ་ལས་བསྐྱབ་པའི་ཕྱིར་རྒྱལ་བའི་གསུང་རབ་ཐམས་ཅད་གློ་བུར་རྐྱེན་ངན་བཟློག་པའི་བསླབ་བྱ་ཤ་སྟག་ཡིན། ཀླད་ཁམས་ཚན་རིག་གིས་ཀླད་པའི་དབང་རྩ་དང་འབྲེལ་བའི་བརྡ་ལེན་བརྡ་གཏོང་གི་རྫས་ཀྱི་འཕོ་འགྱུར་ཙམ་ཞིག་མ་གཏོགས་སེམས་འདུལ་ལུགས་དང་བློ་སྦྱོང་གིས་ཀླད་པ་ལ་སྦྱོང་བརྡར་སྤྲད་ནས་མིའི་ཀུན་སྤྱོད་ལ་སྟངས་འཛིན་བྱེད་མཁན་ངོ་མ་ཞིག་ད་དུང་བརྙེད་ཐུབ་ཀྱི་ཡོད་པ་མ་རེད།
ད་དུང་མུ་འཐུད་དུ་རྩོམ་ཡིག་འདི་འདྲ་རེ་སྤེལ་ན་ངོ་མ་ཕན་ངེས་རེད་བཀའ་དྲིན་ཆེ།
འཇིགས་མེད་རིག་པའི་ལང་ཚོ་ཞིག་ངོམས་ཏེ།།
རིས་མེད་གཞུང་ཆེན་ཉིང་བཅུད་རྣམས་གཞིབ་ཀྱིན།།
བློ་གྲོས་ནམ་འཕང་གཅོད་པའི་གཤོག་རྩལ་རེ་སྒྱུར་སྐབས།།
བྱེའུ་ཆུང་བསེ་རུ་གཡང་གཟར་གྲོག་རོང་དུ་ལྷུང་བྱུང་།།
སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་ཀྱིས་ཁྱབ་པ་དང་། སེམས་ཅན་ཐམས་ཅད་འཚང་རྒྱ་རྒྱུ་ཡོད་པ་ནི་རྡྱ་བོད་ཀྱིས་མཁས་པ་ཕལ་ཆེར་དགོངས་པ་གཅིག་ཏུ་སྣང་། སེམས་ནི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་གསུངས་པ་ལྟར་རོ། དེ
དག་ཞིབ་མོར་ཤེས་འདོད་ན་གཞུང་ཆེན་པོ་དག་ལ་བློ་སྦྱོང་གནང་དགོས་པ་ལས་དྲ་ཐོག་ཏུ་ཁོངས་ཆོད་པ་ཞིག་ཡོང་བ་ཤིན་ཏུ་དཀའ། འོན་ཀྱང་དྲ་ཐོག་ཏུ་འདི་འདྲ་བཀོད་པ་རྣམས་ལ་སྐྱོན་བརྗོད་བྱས་པ་རྩ་ནི་མེད། དུས་རྒྱུན་མི་སོ་སོ་རང་བཞིན་བཟང་ངན་བཤད་པ་དང་གོང་གི་རིགས་བཤད་པ་གཉིས་ཅུང་མི་འདྲའོ།
མདོར་ན་འགྲོ་བ་མིའི་རང་བཞིན་ངན་པའི་བྱ་སྤྱོད་མང་པོ་ནུས་པ་ཧ་ཅང་ཆེན་པོ་ཡོད་ཀྱང་། མིའི་རྣམ་དཔྱོད་ལ་ནུས་པ་དེ་དག་ལས་གོང་མཐོར་འཕགས་ཐུབ་པའི་སྟོབས་ཤུགས་ཡོད། བྱ་སྤྱོད་ངན་པ་དེ་དག་ལས་འཕགས་པ་ཙམ་མ་ཟད་དེ་དག་ཟིལ་གྱིས་གནོན་ཐུབ་པའི་ནུས་པ་ཡོད། སྐད་ཆ་མདོ་དོན་སྙིང་པོ་དེ་རེད་དང་མ་རེད་ཀྱི་སྒང་ལ་ཐུག་ཡོད།
འཇིགས་བློའི་རྩོམ་ཡིག་འདི་དཔེ་ཡག་པོ་བྲིས་འདུག ངས་ཁོང་གི་ལྟ་ཚུལ་ལ་རྒྱབ་སྐྱོར་གྱི་ཚུལ་དུ་ཕྱོགས་མ་ཐོར་བའི་ཆེད་དུ་མདོར་བསྡུས་ནས་འགྲེལ་བརྗོད་བྱས་ཁུལ་ཡིན།
བདེ་གཤེགས་སྙིང་བོའམ་སངས་ཀྱི་ཡེ་ཤེས་ཀྱིས་སྣོད་བཅུད་གཉིས་ཀར་ཁྱབ་ཡོད་པ་རེད། དེས་ན་གཞི་གྲུབ་ན་རང་བཞིན་བཟང་བ་ཡིན་པའི་ཁྱབ་མཐའ་ཁེས་ལེན་ཐུབ་བམ།
བདེ་གཤེགས་སྙིང་བོ། ཞེས་མ་མ་ཡིན་པར་བདེ་གཤེགས་སྙིང་པོ། ཞེས་འབྲི་ན་གཞུང་དཔེའི་དག་ཆ་དང་མཐུན། དེ་མིན་ལུང་པ་རེ་ལ་ཁ་སྐད་མི་འདྲ་རེ་ཡོད་པས། བོད་ཀྱི་རིག་གཞུང་སྐད་དེ། ལུང་པ་སོ་སོའི་ཁ་སྐད་ཀྱིས་རྙོག་པོར་ཆགས་པ་མཐོང་དང་མཐོང་བཞིན་པ་ཞིག་མི་འདུག་གམ།
གྲུབ་མཐའི་འདོད་ཚུལ་ལ་བཀའ་འདྲི་ཞིག་མཆིས་ཏེ། ཨིན་སྐད་དུ། ལེགས་སྦྱར་སྒྲ་བཀོལ་ཏེ། ཏཐཱགཏགརྦྷ། སུགཏགརྦྷ། buddhanature ཞེས་བྱ། དེ་བཞིན་གཤེགས་པའི་སྙིང་པོ། རྟག་པ་ཡིན་ནམ། ཡང་ན། མི་རྟག་པ་ཡིན། དང་པོ་དེ་ཡིན་ན། ཕྱི་རོལ་པས་འདོད་པའི་བདག་དང་། སངས་རྒྱས་པས་འདོད་པའི་དེ་བཞིན་གཤེགས་པའི་སྙིང་པོ་གཉིས་ལ་ཁྱད་པར་ཅི་ཡོད་དམ། ཞེས་དང་། གཉིས་པ་དེ་ཡིན་ན། བཞིན་གཤེགས་པའི་སྙིང་པོ་ལ་རང་བཞིན་དུ་གནས་པའི་རིགས་དང་། ཡང་དག་པར་བསྒྲུབས་པའི་རིགས་ཞེས་གཉིས་སུ་ཕྱེ་བ་ལས། དང་པོ་དེ་ལ་འགྱུར་བ་ཡོད་དམ་མེད། ཅེས་དྲི་བ་ལགས་སོ།།
་་་་་་། མི་ཟེར་བའི་སེམས་ཅན་འདིས་རང་བྱུང་གི་ཁྲིམས་ལུགས་ལ་བརྩི་མེད་ཀྱིས་སྐྱེ་ཁམས་མ་ལག་གི་སྒྲོམ་གཞི་ལས་ཕྱི་རོལ་དུ་ཐོན་ཏེ། འཇིག་རྟེན་འདིའི་ཐོག་གི་སྲོག་ལྡན་དང་སྲོག་མེད་ཀྱི་དངོས་པོ་ཡོངས་རྫོགས་ལ་དབང་བསྒྱུར་དང་སྟངས་འཛིན་བྱས་ཤིང་། མཐའ་མེད་པའི་རྔམ་སེམས་ཤིག་གིས་འཇིག་རྟེན་འདིའི་གཅེས་པ་ཡོད་ཚད་ལ་མཆེ་གཙིགས་སྡེར་བགྲད་ཀྱིས་བཤུ་གཞོག་བྱེད་ཀྱིན་ཡོད། འཇིག་རྟེན་ཁམས་ཀྱི་རང་བཞིན་གྱི་བགྲོད་པ་དང་། སྐྱེ་ཁམས་མ་ལག་ནང་ཕན་ཚུན་གྱི་སྙོམ་གནས་ལ་དོ་ཕོག་དང་རྡོག་རོལ་གཏོང་རྐྱང་བྱས་པའི་མཇུག་འབྲས་སུ། ཆོས་ལུགས་པས་མི་ཁོག་ཅིང་ཚན་རིག་པས་གླགས་མི་རྙེད་པའི་སྲོག་ལྡན་སྟོང་ཕྲག་གི་ཚེ་སྲོག་དང་བདེ་འཇགས་འཇོམས་ཤིང་། རང་བྱུང་མཛེས་སྡུག་གི་བཀོད་པ་ཡོངས་རྫོགས་གཞིག་རལ་དུ་གཏོང་བའི་འབྱུང་འཁྲུགས་ཀྱི་ཆོམ་རྐུན་འཇིགས་སུ་རུང་བ་འདི་ཚོ་འཇིག་རྟེན་འདིིའི་ཐོག་བག་ཡངས་ཀྱི་རྒྱུ་འགྲུལ་བྱེད་པའི་གནས་སྐབས་འདི་བྱུང་བ་རེད། མིའི་ངན་སྤྱོད་ཀྱིས་སྣོད་བཅུད་ཀྱི་འཇིག་རྟེན་ལ་ཤུགས་རྐྱེན་ཇི་ལྟར་ཐེབ་བཞིན་པའི་ཚུལ་དཔེ་དེབ་འདིས་དངོས་བརྒྱུད་ཅི་རིགས་ཀྱི་ལམ་ནས་ར་སྤྲོད་གསལ་པོར་བྱེད་ཀྱིན་འདུག ་་་་ཟེར།
ཏཐཱགཏགརྦྷ། སུགཏགརྦྷ། buddhanature ཞེས་བྱ་བའི་དེ་བཞིན་གཤེགས་པའི་སྙིང་པོ་ནི། སྟོང་གཞི་ཆོས་ཅན་སེམས་གསལ་རིག་གི་ཆ་ནས་བཞག་ན་འདུ་བྱས་དང་། སེམས་བདེན་སྟོང་གི་ཆ་ནས་འཇོག་ན་འདུས་མ་བྱས་ཡིན་དགོས། དེས་ན་ཁམས་དེ་བཞིན་གཤེགས་པའི་སྙིང་པོ་ལ་རྟག། མི་རྟག་གཉིས་ཀ་ཡོད་ཆོག
མཁྱེན་ལྡན་དྲྭ་གྲོགས་ཡོངས་ཀྱིས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞཱུ།
དྲྭ་གྲོགས་ཤེས་དགའ་ལགས་ཀྱིས་གསུངས་པ་ལྟར་ཉོན་མོངས་པའི་བློའི་རིགས་རྣམས་ལ་ཚད་མའི་རྒྱབ་རྟེན་མེད་པར་ནམ་ཞིག་རྩ་ཆད་དུ་འགྲོ་བའི་སྐབས་ཡོད་པ་དང་མཐུན་ཕྱོགས་ཀྱི་བློའི་རིགས་རྣམས་ལ་རྒྱབ་རྟེན་ཚད་མ་དང་བཅས་ཕྱིར་གོམས་ན་མཐའ་མེད་དུ་འཕེལ་རུང་ཡིན་པས་གནད་འདིས་མིའི་སེམས་ཁམས་ཀྱི་རང་བཞིན་ཇི་ཡིན་གསལ་པོར་མཚོན་སྲིད། དེ་ཡང་། རྣམ་འགྲེལ་ལས། གང་ཕྱིར་རིགས་མཐུན་སྔ་མ་ཡི། །ས་བོན་ལས་ནི་འཕེལ་བ་ཅན། །བརྩེ་བ་ལ་སོགས་བློ་དེ་དག །གོམས་པར་གྱུར་ན་གང་ལ་གནས། །ཞེས་དང་།
སེམས་ལ་བརྩེ་སོགས་གོམས་སྐྱེ་བ། །རང་གི་ངང་གིས་འཇུག་གྱུར་ཏེ། །མེ་ལ་སོགས་པས་ཤིང་དག་དང་། །དངུལ་ཆུ་ལ་ནི་གསེར་སོགས་བཞིན། །ཞེས་གསུངས་པ་ལྟར་ཡིན།
འོན་ཀྱང་གྲུབ་མཐས་མ་བསླད་ཅིང་རྐྱེན་གང་གིས་ཀྱང་མ་བསྒྱུར་པའི་འཇིག་རྟེན་ཐ་མལ་པ་དག་གི་སེམས་ཁམས་ཀྱི་རང་བཞིན་ཇི་འདྲ་ཞིག་ཡིན་མིན་ལས་མིའི་རང་བཞིན་བཟང་ངན་ཇི་ཡིན་དཔྱོད་རྒྱུ་འདི་གལ་ཆེར་སྙམ་བཞིན་འདུག
རྒན་བློ་བཟང་འཇམ་དཔལ་མཆོག་ཕེབས་ནས་དགོངས་ཚུལ་གསུངས་པར་ཡི་རང་དང་། བཀའ་འདྲི་ཞིག་ཞུ་རྒྱུ་ཡོད་ལགས།
རྒན་མཆོག་ནས་བདེ་གཤེགས་སྙིང་པོའི་སྐོར་གསུངས་འདུག བདེ་གཤེགས་སྙིང་པོའི་ལྟ་གྲུབ་འདི་འགའ་ཞིག་གིས་སངས་རྒྱས་འདས་རྗེས། དུས་རབས་གསུམ་པ་བཞི་པའི་སྐབས་ནས་གསར་དུ་དར་སྲོལ་བྱུང་ཡོད་པར་ཤོད་མཁན་བོད་པའི་མཁས་པའི་ནང་དུ་ཡང་ཡོད་པ་རེད།
རང་ཅག་གིས་མདོ་རང་ལ་ཁུངས་གཏུགས་ནས་བདེ་གཤེགས་སྙིང་པོའི་ལྟ་གྲུབ་བཞེད་ཀྱིན་ཡོད་པ་རེད། འོན་ཀྱང་བདེ་གཤེགས་སྙིང་པོ་སྟོན་པའི་གཞུང་རྟག་བརྟན་སྙིང་པོའི་མདོའི་ངོས་འཛིན་གང་ལ་བྱེད་གསལ་ཁ་ཡོད་པ་ཞིག་ད་ཕན་མ་མཇལ།
སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་སོར་ཕྲེང་གི་མདོ་ཚིག་ཅིག་དང་སྟོང་གསུམ་དར་ཡུག་གི་མདོ་གཉིས་རྟག་བརྟན་སྙིང་པོའི་མདོར་ངོས་འཛིན་པར་མཛད་འདུག འོན་ཀྱང་པན་ཆེན་བསོད་གྲགས་ཀྱིས་སོར་ཕྲེང་གི་མདོ་ངེས་དོན་དང་རྟག་བརྟན་སྙིང་པོའི་མདོ་དྲང་དོན་དུ་རྗེ་བཙུན་ཙོང་ཁ་པས་བཞེད་པ་ལྟར་བཞེད་ཀྱིན་ཡོད།
དེས་མཁྱེན་ལྡན་དྲྭ་གྲོགས་རྣམ་པས་རྟག་བརྟན་སྙིང་པོའི་མདོའི་ངོས་འཛིན་གང་ལ་བྱེད་གསུངས་རོགས་ཞུ།
དགེ་ལྡན་པས་བདེ་བཞིན་གཤེགས་པའི་སྙིང་པོ་དྲི་མ་མ་སྤངས་པའི་སེམས་སྟེང་གི་ཆོས་ཉིད་ལ་འཇོག་པས་འདུས་མ་བྱས་ཡིན། རྟག་པ་ཡིན། འོན་ཀྱང་ཐེར་ཟུག་དང་བདེན་གྲུབ་ཏུ་མི་སྨྲ།
ཐེར་ཟུག་དང་བདེན་གྲུབ་ཏུ་སྨྲ་བ་ལ་རེད་འདའ་བས། ལྟ་ངན་དམན་པའི་ཐད་ལ་མངོན་ཞེན་ཅན།།རྟག་ཆད་མཐར་ལྟའི་ཝ་སྐད་ཆེར་སྒྲོག་པ།།དེ་དག་ངུར་སྨྲིག་རྒྱལ་མཚན་འཆང་ན་ཡང་།།ཐུབ་པའི་བསྟན་ལ་མུ་སྟེག་ཐན་སྐྱེལ་ཡིན།།ཞེས་སོགས་ཀྱིས་དགག་པར་མཛད་ཕྱིར། རྟག་བརྟན་ཐེར་ཟུག་ཏུ་འདོད་ཕྱིན་མུ་སྟེགས་པའི་བདག་དང་གཅིག་པ་ལྟ་བུ་ཞིག་ཏུ་འགྱུར་ཚུལ་གསུངས།
དེ་ལྟ་ནའང་གཞན་སྟོང་རང་ལུགས་ཀྱིས་བདེ་གཤེགས་སྙིང་པོ་དྭངས་མ་མི་ཤིགས་པ་ཁྱད་པར་གསུམ་ལྡན་གྱི་གནས་ལུགས། འཁོར་ལོ་མཐའ་མའི་བརྗོད་དོན་མཐར་ཐུག དེ་ཡང་རྟག་མི་རྟག་གཉིས་གང་ཡང་མིན་པ། འདུས་བྱས་འདུས་མ་བྱས་གང་ཡང་མིན་པ། སྒྲ་རྟོག་གི་ཡུལ་ལས་འདས་པར་གསུངས།
འོན་ཀྱང་བདེན་པ་ཆེན་པོ་དང་རྟག་པ་ཆེན་པོ་ཡིན་གསུངས་བཞིན་འདུག མུ་སྟེགས་པའི་བདག་དང་མི་འདྲ་བའི་ཁྱད་ཇི་ལྟར་གསུངས་མིན་ནི་མི་ཤེས་ལགས།
ཡ་་་་་་་་་་་་་བདེ་གཤེགས་སྙིང་པོས་སྐོར་གྲོས་གཞི་བཏོན་གནང་བ་ཐུགས་རྗེ་ཆེ་་་་་་་་་་་་་རང་གི་བསམ་ཚུལ་ཞིག་ཡོད་ཀྱང་ཆུ་ཚོད་ཕྱེད་ཀའི་རྗེས་སུ་བྲིས་ཆོག་པ་ཞུ་་་་་་་་་་་་་་་་བཞེས་ལག་གི་བརྡ་བཏང་སོང་བས་མ་སོང་ན་ཉིན་གུང་ཟས་བཅད་ཆག་ས་རེད།
འཇིགས་མེད་བློ་གྲོས་མཆོག་གིས་བདེ་གཤེགས་སྙིང་པོའི་སྐོར་ལ་བློ་གྲོས་འཕེལ་བའི་ཁུངས་མང་ཙམ་གསུངས་པ་མང་པོ་ལ་ཕན་ངེས། དོན་ལ་ཇི་ལྟར་ཡིན་མཐའ་ཆོད་པར་དཀའ། ལོ་རྒྱུས་སྨྲ་བ་དག་གིས་བདེ་གཤེགས་སྙིང་པོ་སྟོན་པའི་མདོ་ལྟ་ཅི། མདོ་མང་པོ་སྔར་མེད་རྗེས་སུ་དར། མདོ་དེ་དང་དེ་སངས་རྒྱས་ཀྱིས་གསུངས་དང་མ་གསུངས་རྩད་མི་ཆེ། མདོ་དེ་དང་དེ་ཡི་བརྗོད་བྱས། རང་རྒྱུད་ལ་ཕན་མི་ཕན་ལ་བརྟག་པ་གལ་ཆེ། ཕན་ན་མ་བརྟག་མ་དཔྱད་པར་འཛིན། མི་ཕན་ན་འདོར། ཞེས་པ་འདི་ནི་སྤྱོད་འཇུག་ན། དགོས་པའི་དོན་དུ་མ་བརྟག་ཕྱིར། ཞེས་པ་དང་སྒོ་ཀུན་ནས་མཚུངས་པར་མཐོང་།
གཞན་ཡང་། སྔོན་མ་ཞིག་ཧིནྡ་སྐད་དུ་བྲིས་པའི་ལོ་རྒྱུས་ཤིག་ཏུ། སངས་རྒྱས་པའི་གཞུང་ལུགས་དེ། ཆུ་བོ་ཆེན་པོ་ཞིག་དང་འདྲ་སྟེ། དཔེར་ན། ཆུ་བོ་གངྒཱ་ལྟ་བུ་ལ་མཚོན་ན། གངྒཱའི་འཐོན་ས་གངས་རིན་པོ་ཆེ་ལ་ཐུག དེ་ན་ཆུ་ཉུང་ངུ་ལས་མེད་ཀྱང་། ལུང་པ་གཞན་གྱི་ཆུ་འདྲེས་ཏེ། གངྒཱ་ཆེན་པོར་གྱུར། དང་པོ་གངས་རིན་པོ་ཆེ་ནས་འོངས་པའི་ཆུ་ཉུང་ངུ་ལས་མེད་པས་གངས་རི་ནས་འོངས་པའི་ཆུ་ངོས་འཛིན་དཀའང་ཆུ་བོ་དེ་ལ་གངྒཱ་ཞེས་པ་བཞིན་དུ། དེ་བཞིན་སངས་རྒྱས་པའི་གཞུང་ན་སངས་རྒྱས་ཀྱི་གསུང་ཡང་དེ་དང་འདྲ། ཞེས་བྲིས་པ་བཀླགས། བསམ་བློ་གཏོང་བ་ལ་ཕན་པ་ཞིག་ཏུ་མཐོང་ངོ་།།
འདིར་བདེ་གཤེགས་སྙིང་པོ་ལ་རྟག་མི་རྟག་གཉིས་ཀ་ཡོད་ཅེས་བྲིས་པ་ལ། དེ་ལྟར་ན། རིག་བྱེད་མཐའ་པས། ཕྱི་རོལ་གྱི་གཟུགས་སོགས་སྒྱུ་མ་ལྟ་བུ་སླུ་བའི་ཆོས་ཅན་ཡིན་པ་དང་། ནང་གི་ཚངས་པ་རྟག་པ་ཡིན་ཞེས་སྨྲ་བས། སློབ་དཔོན་ཞི་བ་འཚོས་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་བསྟན་བཅོས་སུ། རིག་བྱེད་མཐའ་པ་དེ་ཕྱི་རོལ་དོན་དུ་མེད་པ་སླུ་བའི་ཆོས་ཅན་དང་། ནང་གི་ཚངས་པ་རྟག་པར་སྨྲ་བས། ཅུང་ཟད་སྐྱོན་ཅན་དུ་གཟིགས་པ་དང་། ཁྱེད་ཅག་གི་འདོད་པ་ལྟར་ན། བདེ་གཤེགས་སྙིང་པོ་རྟག་པ་ཡིན་པ་སྐྱོན་ཅན་མ་ཡིན་པ་དང་། རིག་བྱེད་མཐའ་པས་ནང་གི་ཚངས་པ་རྟག་པར་སྨྲ་བས་སྐྱོན་ཅན་དུ་གྱུར་པའི་ཚུལ་ལ་གཟུ་བོར་གནས་པའི་ལན་ཡོད་དམ། ཞེས་དྲི་བ་ལགས་སོ།།
དེ་ཡང་ཚངས་པ་ཞེས་པ་དང་ཁྱབ་པ་ཞེས་པ་གཉིས་དོན་གཅིག་ཏུ་མཐོང་། ཚངས་པར་སྤྱོད་པ་ཞེས་པའི་ཚངས་པ་དེ་མྱང་འདས་ཀྱི་དོན་ཏེ། མྱང་འདས་ཐོབ་བྱེད་ཀྱི་བསླབ་པ་ལ་འབྲས་མིང་རྒྱུ་ལ་བཏགས་པའི་སྒོ་ནས། ཚངས་སྤྱོད་ཅེས། སྒྲ་སྦྱོར་བམ་གཉིས་ན་གསུངས་སོ།།
ངོ་མ་ཆེ་རློམས་དང་མཁས་རློམས་ཀྱིས་མ་བསླད་པའི་རེ་བསྐུལ་གསོན་པོ་ཞིག་རེད། མུ་མཐུད་དུ་འགོད་པར་ཞུ།
མིའི་རང་བཞིན་བཟང་ཡང་། །
ཉོན་མོངས་གདོན་གྱིས་དཀྲུགས་དུས། །
བཟང་ངན་དབྱེ་འབྱེད་བྱེད་དཀའ། །
དེ་བས་བཟང་མཐར་འབད་དགོས། །
ཚངས་པའི་ཚིག་དེ་ཁྱབ་པའི་དོན་ལ་འཇུག་པ་ལྷ་ཚངས་པའི་རྗེས་འཇུག་པ་ལ་འཐད་ཀྱང་། ནང་ཆོས་ཀྱི་སྐད་དོད་ལ་མཐའ་གཅིག་ཏུ་འཐད་མིན་མི་ཤེས་སྙམ་ལགས།
ཚངས་སྤྱོད་དང་། གྲོགས་ཚངས་པར་མཚུངས་པ། སྐབས་འགར་ལུས་ཀྱི་ཆ་ཤས་སྤྱི་གཙུག་ལ་ཡང་ཚངས་པའི་སྒྲས་བསྟན་པ་གཅིག་ཀྱང་མཐོང་མྱོང་ཡང་། ཁུངས་འཚོལ་བར་ད་ལྟ་མི་ཁོམ།
དགེ་བསྙེན་རྡོ་རྗེ་ལེགས། ཚངས་པའི་བུ་ཀ་ཞེས་པ་འཕོ་བའི་ཆོ་ག་ན་ཡོད་དམ་སྙམ། རྣམ་ཤེས་ཚངས་པའི་བུ་ཀ་ནས་འཐོན་ཏེ། མགོན་པོ་འོད་དཔག་མེད་ཀྱི་སྐུར་ཚུལ་ཞེས་པ་ཞིག་དྲན། དེ་ཡང་བུ་ཆུང་དག་གི་སྤྱི་གཙུག་དེ་མཁྲེགས་པོ་མ་ཡིན་པ་དེ་ལ། ཚངས་བུག ཅེས་ལེགས་སྦྱར་སྒྲ། (brahmarandhra) ཞེས་པ་བཞིན་བྱུང་བ་ཡིན་ནམ། དང་པོ་ནས་བོད་རང་གི་སྒྲ་ཡིན་མི་ཤེས། ག་ས་ག་ལ་འགྲོ་བ་དེ་ལ་ཚངས་པ། ཞེས་སྒྲའི་བྱིངས་ལས་བྱུང་། འབྱུང་བ་བཞིའི་རླུང་དེ་བུ་ག་ཡོད་ཚད་ལ་ཚངས། རིག་བྱེད་མཐའ་པ་(vedānta)ཡི་ཀུན་ཁྱབ་ཀྱི་སྙིང་པོ་དེ། བོད་སྐད་དུ། ཚངས་པ་ཞེས་བསྒྲུར། དེ་ཡི་གྲུབ་མཐའ་ན་སོ་སོའི་སྐྱེ་བོའི་ཚངས་པ་དེ་སྒྲིབ་པས་བསྒྲིབས། དཔེར་ན། རྫ་ནང་གི་ཆུ་ལྟ་བུ། རྫ་ལྟ་བུའི་སྒྲིབ་པ་མེད་པར་སོང་བ་ན། སོ་སྐྱེའི་ཚངས་པ་དེ། ཀུན་ཁྱབ་ཀྱི་རྒྱ་མཚོ་ཆེན་པོའི་ཆུ་ལྟ་བུ། ཚངས་པ་ཆེན་པ་དང་འདྲེས་པར་འགྱུར་ཏེ། དེས་ན། གང་གིས་ཚངས་པ་ཤེས། དེ་ཉིད་ཚངས་པར་འགྱུར་རོ། །ཞེས་བཤད་དོ།།
སྤྱི་གཙུག་ཚངས་པ་ནས་རྐང་མཐིལ་བར་ཞེས་པ་ཞིག་དྲན་ཡང་་་་
ལ་དྭགས་རྒན་བློ་བཟང་ལགས་ཀྱིས་གསུངས་པ་དེ་དེ་བཞིན་ནོ།
དེང་སྐབས་ཚན་རིག་པས་བརྟག་དཔྱད་བྱས་པ་བརྒྱུད་བྱམས་བརྩེ་ནི་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་སུ་ཡོད་པར་བརྟེན་ང་ཚོ་སྐྱེས་ཙམ་ཉིད་ནས་རང་ཆས་སུ་བྱམས་བརྩེའི་འོག་འཚོ་སྐྱོང་བྱས་ཡོད་སྟབས། གཞན་ལ་བྱམས་བརྩེ་སྤེལ་རྒྱུའི་ནུས་པ་ལྡན་ཡོད། ང་ཚོ་ཚང་མ་མ་ལས་སྐྱེས་ཤིང་མའི་ནུ་ཞོ་ལ་བརྟེན་ནས་འཚར་ལོངས་བྱུང་ཡོད། དེར་བརྟེན་མིའི་ལྷན་སྐྱེས་སུ་བྱམས་བརྩེའི་ཉམས་མྱོང་ཤུགས་ཆེན་པོ་ཡོད།